ཐེ་བོ་ཤེས་རབ་རྒྱ་མཚོ།
ཁ་རྩང་<<བོད་ཀྱི་དུས་བབ>> (སྤྱིའི་འདོན་ཐེངས་500 2010.10.20) ཀྱི་ཆེད་བརྗོད་ལེ་ཚན་དུ་སྐུ་ཞབས་འཇམ་མགོན་གྱིས་<<བོད་ཀྱི་སྐད་ཡིག་དོན་དངོས་ཐོག་ཅི་ཞིག་ཡིན་ནམ།>> ཞེས་པའི་རྩོམ་ཡིག་དེ་ངས་ངའི་རོགས་པ་ཞིག་ནང་དུ་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། ང་རང་ཡང་དུས་རྒྱུན་དུ་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྐུ་ཞབས་འཇམ་མགོན་གྱི་རྩོམ་ཡིག་གེ་དེ་བཀླགས་རྗེས་ང་ལའང་དེ་མཚུངས་ཀྱི་ལྟ་ཚུལ་བྱུང་། ང་རང་ཉིད་ལ་མཚོན་ན་ལྟ་ཚུལ་འདི་གསར་པ་གང་ཡང་མིན་ནའང་ད་བར་ཡི་གེར་བསྡེབས་ནས་ཀློག་མཁན་ཚོའི་སྤྱན་ལམ་བསྟབས་མ་མྱོང་བས་གཅིག་བྱས་ན་འདིའི་ཐད་ཀྱི་ངའི་ལྟ་ཚུལ་རྣམས་ཡི་གེར་བརྒྱུས་ནས་ཀློག་མཁན་ཚོའི་སྤྱན་ལམ་དུ་བསྟབས་ན་འདིའི་རྐྱེན་བྱས་ནས་ཀློག་མཁན་ཚོར་བསམ་ཚུལ་དང་ལྟ་ཚུལ་གསར་པ་གཞན་ཞིག་འབྱུང་སྲིད་ངེས་ཡིན་པར་བརྟེན། ང་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ཉམས་ཆག་ཐད་བཟུང་བའི་ལྟ་ཚུལ་ཅི་བཞིན་གསོང་བོར་བརྗོད་ཚེ། སྡང་སྡིགས་ལ་གོམས་ཤིང་གང་ཟག་ལ་རྟོན་པའི་ཀློག་མཁན་ལ་ལས་བཀའ་བཀྱོན་རེ་གནང་སྲིད་ནའང་། མ་གཞི་རྩོམ་བྱང་འདི་ང་རང་ཆུང་དུས་བོད་ནང་སློབ་གྲྭར་བསྐྱོད་སྐབས་རྒྱ་མིའི་དགེ་རྒན་དེ་ཚོས་ཡང་ཡང་བཤད་མྱོང་བ་ཞིག་ཡིན། སྐབས་དེར་ཁོ་ཚོས་སྐད་ཆ་དེ་བཤད་རེས་བཞིན་ང་འཚིག་པ་གཏིང་ནས་ཟ་བར་གྱུར་ནའང་ལོ་ཟླ་རིམ་གྱིས་སོང་བ་དང་བསྟུན་ནས་ཆུང་དུས་ཁོང་ཁྲོ་སློང་ཞིང་འཚིག་པ་ཟ་བྱེད་ཀྱི་སྐད་ཆ་དེ་ང་ལ་དོན་དངོས་ཡིན་པའི་ར་འཕྲོད་པར་གྱུར།
ངོ་མ་རེད། བོད་ཀྱི་སྐད་ཡིག་ནི་ཆོས་འདོན་སྤྱད་དང་དང་ཆོས་བྱེད་སྤྱད་ཀྱི་སྐད་ཡིག་ཅིག་རེད། ངས་འདི་ནས་རྣ་བར་གཟན་པའི་སྐད་ཆ་རྙིང་ཟད་དེ་བསྐྱར་དུ་འཁྱེར་ཡོང་བར་གཅིག་བྱས་ན་ཁྱེད་ཀྱིས་ང་ལ་ཧམ་པ་ཚ་དྲགས་པ་རེད་ཅེས་བརྗོད་སྲིད་ནའང་། ངས་བསམ་ན་ང་རང་ཉིད་ལ་འདིའི་ཐད་རྒྱུ་མཚན་ལྡང་ངེས་ཤིག་ཡོད་སྙམ། མ་གཞི་བོད་ཀྱི་སྐད་ཡིག་འདི་དོན་དངོས་ཐོག་དོན་ཉུང་བྱ་ཉུང་གི་རབ་བྱུང་བ་ཞིག་ལ་མཚོན་ནས་བཤད་ན་འཛམ་གླིང་སྟེང་ཆེས་རབ་དང་ཕུལ་དུ་གྱུར་པའི་སྐད་ཡིག་གྱ་ནོམ་པ་གཅིག་པོ་དེ་ཡིན་པ་ངས་ཁ་མཚོན་གཅོད་ཐུབ། ཅིའི་ཕྱིར་ཞེ་ན། མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་བོད་ཀྱི་སྐད་ཡིག་ནང་དུ་བཞུགས་ཡོད་པ་རེད། དེར་བརྟེན། གལ་སྲིད་ཁྱོད་ཚེ་འདི་ཕྱིའི་སྣང་ཤས་ལྡོག་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་རབ་བྱུང་བ་ཞིག་གམ་ཆོས་བྱེད་མཁན་ཞིག་ཡིན་ན་ཁྱོད་ཀྱིས་བོད་ཀྱི་སྐད་ཡིག་ལས་གཞན་པའི་སྐད་ཡིག་ཅི་ཡང་བསླབ་མི་དགོས། ཁྱོད་ཀྱིས་བོད་ཀྱི་སྐད་ཡིག་ལས་གཞན་པའི་སྐད་ཡིག་གང་ལ་ཡང་སྦྱང་མི་དགོས། འདི་ནི་ངས་རབ་བྱུང་བའམ་ཆོས་བྱེད་མཁན་ཚོར་དམིགས་ནས་བཤད་པའི་སྐད་ཆ་ཡིན།
ཡིན་ཡང་། ད་ལྟ་ཁྱེད་ཀྱིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་རང་སྐད་བཞག་ནས་གཞན་སྐད་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་པ་དེས་ཁྱེད་ཀྱི་དུང་ཞེན་དང་སེམས་ཤུགས། ལ་རྒྱའི་ཟུར་ཙམ་མཚོན་གྱིན་ཡོད་ནའང་། དུང་ཞེན་དང་སེམས་ཤུགས། ལ་རྒྱ་ཁོ་ནས་དངོས་ཡོད་གནས་ཚུལ་ཐག་གཅོད་བྱེད་རྒྱུར་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་དེ་ཁྱེད་ཀྱིས་ཕལ་ཆེར་ཁས་ལེན་རྒྱུ་རེད་སྙམ། མ་གཞི་ང་ཚོས་ཐོག་དང་པོ་བོད་ཕྱི་ནང་གཉིས་ཆ་ནས་སྐད་ཡིག་གཞན་ལ་འགྲམ་ཆུ་ལྡང་མཁན་དང་སྐད་ཡིག་གཞན་ལ་སྦྱོང་མཁན་ཚོར་བཀའ་བཀྱོན་གནང་རྒྱུ་བཞག་ནས་ཁོང་ཚོས་དེ་ལྟར་སྐད་ཡིག་གཞན་ལ་འགྲམ་ཆུ་ལྡང་དགོས་དོན་དང་སྐད་ཡིག་གཞན་སྦྱང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་དང་གང་ལ་ཐུག་མིན་གྱི་རྩ་བ་སྔོག་འདོན་བྱེད་དགོས།
ཅིའི་ཕྱིར་ཁོང་ཚོས་རང་གི་སྐད་ཡིག་བཞག་ནས་གཞན་གྱི་སྐད་ཡིག་སྦྱོང་གིན་ཡོད་པ་རེད་དམ་ཞེ་ན། ངས་བསམ་ན་ལན་ཧ་ཅང་སླ་བོ་དང་སྟབས་བདེ་བོ་ཞིག་སྟེ། ཁོང་ཚོ་ཚང་མ་ཁྱིམ་པའམ་འཇིག་རྟེན་པ་ཞིག་རེད། ཁྱིམ་པའམ་འཇིག་རྟེན་པ་ཞིག་ཡིན་ན་འཁོར་བ་སྐྱོང་དགོས་པ་རེད། རྒྱུ་ནོར་ལོངས་སྤྱོད་གསོག་སྒྲུབ་བྱེད་དགོས་པ་རེད། རྒྱས་སྤྲོས་ཅན་གྱི་འཚོ་བ་སྐྱིད་པོ་ལ་རོལ་དགོས་པ་རེད། དགྲ་འདུལ་གཉེན་སྐྱོང་བྱེད་དགོས་པ་རེད། གཞན་གྱི་སྐད་ཡིག་ནང་དེ་དག་བདེ་བླག་ཏུ་སྒྲུབ་བྱེད་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད།
འོན་ཀྱང་སྟབས་ཉེས་པ་ཞིག་ལ་རང་རེའི་ཀ་ཁ་ག་ངའི་ནང་དེ་དག་ཡོད་དམ། ཁྱོད་ཀྱིས་མགོ་སྔས་ཐོག་དང་ལག་བྲང་ཐོག་བཞག་ནས་བསམ་གཞིག་ཅིག་བྱོས་དང་། མ་ནོར་མ་འཕྱུགས་པའི་ལན་རྣམ་དག་ཁྱེད་ཀྱི་ཀླད་པའི་སྦུབས་སུ་ཁྲ་ཆིལ་ལེར་འཁོར་ཚེ། ད་གཟོད་ཁྱེད་ཀྱིས་ཁོང་ཚོས་གཞན་གྱི་སྐད་ཡིག་སྦྱང་དགོས་དོན་གསལ་པོ་ཤེས་ངེས་ཡིན། ང་ཚོ་ལ་སེམས་ཤུགས་དང་ལ་རྒྱ། དུང་ཞེན་བཅས་ཅི་ཙམ་ཟབ་ནའང་གནས་ལུགས་ངོ་མ་གོང་དུ་བཤད་པ་ལྟར་ཡིན་སྟབས་ཕ་མེས་ཡང་མེས་ཚོས་འུ་ཚོར་ཤུལ་དུ་བཞག་པའི་བོད་ཀྱི་སྐད་ཡིག་གི་མིག་ཟུང་འདི་འུ་ཚོའི་མདུན་ནས་ཤུགས་མ་ཐུབ་ཀྱིས་བཙུམ་ངེས་རེད།
མ་གཞི་སྔོན་ཆད་འདིའི་སྐོར་ལ་བོད་ཕྱི་ནང་གཉིས་ཆ་ནས་རྩོད་གླེང་ཡང་ཡང་བྱས་མྱོང་ཡོད་སྟབས། ད་སྐབས་རྩོད་གླེང་འདི་བྱེད་མི་དགོས་པའི་ཚོད་ཡིན་ཡང་སྐུ་ཞབས་འཇམ་མགོན་ལགས་ནས་འདི་ལྟའི་རྩོད་གཞི་ཞིག་དུས་བབ་ནང་དྲུད་ཡོང་བར་བརྟེན་དོན་དངོས་དབྱེ་ཞིབ་ཀྱིས་ཚིག་གི་སྤྲོས་པ་དོར་ནས། སྐུ་ཞབས་འཇམ་མགོན་ལགས་ལ་དྲི་བ་ཞིག་གིས་ངའི་སྐད་ཆའི་མཇུག་འདི་ནས་བསྡུ་རྒྱུ་ཡིན། དྲི་བ་མ་ཕུལ་གོང་བཤད་རྒྱུ་ཞིག་ལ། གདན་ས་ཁག་ཏུ་ནང་དོན་རིག་པས་མཚོན་པའི་སྒྲ་སྙན་སྨན་རྩིས་སོགས་སྦྱངས་དང་སྦྱོང་མུས་རེད། ཡིན་ཡང་ནུབ་བྱང་ཚང་དང་ཝར་ཎས་མཚོན་པའི་འུ་ཚང་གི་འཇིག་རྟེན་པའི་མི་བུ་སྐྱེད་སྲིང་བྱེད་སའི་མཐོ་སློབ་ཁག་ཏུའང་ནང་དོན་རིག་པས་མཚོན་པའི་སྒྲ་སྙན་སྨན་རྩིས་ཁོ་ན་སྦྱངས་ནས་ཉི་མ་ཕུད་དགོས་པ་རེད་དམ། འདི་ངའི་དྲི་བ་ཡིན། ངས་ནམ་རྒྱུན་བོད་ཀྱི་སྐད་ཡིག་གི་སྲོག་རྩ་གཅོད་མཁན་དེ་གཞིས་སུ་རྒྱ་ནག་གཞུང་དང་བྱེས་སུ་བཙན་བྱོལ་བོད་གཞུང་ཡིན་པར་ལྟ་ཡི་ཡོད།
ད་དུང་དེ་བས་དགོད་བྲོ་བ་ཞིག་ལ་ཁ་རྩང་དེ་རིང་གི་མི་ཁ་ཤས་ཀྱིས་ང་ཚོས་མ་བཟོས་པ་མ་གཏོགས་བཀའ་བསྟན་ཁྲོད་ན་གནམ་གྲུ་དང་མེ་སྒྱོགས་བཟོ་སྟངས་སོགས་ཡོད་རབས་དང་། སྔོན་ཆད་ཁོ་ཚོའི་དགོན་པའི་ཨ་ཁུ་ཆེ་གེ་མོས་རི་བོའི་ཕར་ཁ་ཚུར་ཁར་འཕུར་ཐུབ་པའི་ཤིང་གི་གནམ་གྲུ་ཆུང་ཆུང་དེ་འདྲ་བཟོས་རབས་རྫུན་ཚིག་གི་ཕྲེང་བ་བྱིས་པ་མགོ་སྐོར་གཏོང་བྱེད་ཀྱི་ཨ་མ་དྲེད་མོང་གི་གཏམ་རྒྱུད་ལྟ་བུའི་མཚར་ལ་རིང་བ་རེ་ཤོད་ཀྱིན་འདུག་པ་དེར་བསམ་ན་ང་ངོ་མ་ཡིད་མུག་ཅིང་ཁོ་ཆད་དེ་སེམས་བསམ་པའི་གཏིང་ནས་ངུ་བྲོ་ཡི་འདུག་ནའང་། སྒོ་ཤེར་གྱིས་ཨ་ཁུ་རྒྱ་གྲོལ་གྱི་ནང་བསྟན་དཔལ་འབྱོར་རིག་པའི་ཐད་བཤད་པའི་བསམ་ཚུལ་དུ་དེའི་སྐོར་གསལ་ཞིང་གསལ་བའི་ལན་ཞིག་བཏབ་འདུག་སྙམ།
སྤྱིར་བཤད་ན། བོད་ཀྱི་སྐད་ཡིག་ཉམས་ཆག་ལས་མྱུར་སྐྱོབ་བྱེད་རྒྱུའི་ཐད་ངེད་གཉིས་ཀར་སེམས་ཚོར་གཅིག་པ་ཡིན་ནའང་། མི་འདྲ་ས་གཅིག་ནི་ཉམས་ཆག་གི་རྒྱུ་རྐྱེན་ངོས་འཛིན་ཐད་རེད། ངས་བལྟས་ན་བོད་ཀྱི་སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱེན་དེ་ཁྱེད་ཀྱིས་བཤད་པ་ལྟར་ཡིན་ཚེ་དེ་ལས་སླ་བོ་ཞིག་ཡིན་ནའང་དོན་དངོས་ཐོག་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད་ལ། དེ་འདྲའི་ལས་སླ་བོ་ཞིག་མིན་པའི་རྒྱུ་མཚན་དེས་ཁྱེད་ཀྱིས་བཤད་པ་དེ་ལྟར་སྣང་ཡིན་པ་བསྟན་པ་རེད། ཡང་གཅིག་བཤད་ན། དུང་ཞེན་དང་ལ་རྒྱ། སེམས་ཤུགས་སོགས་ནི་ནམ་ཡང་གནས་ལུགས་ཀྱི་གཤེད་མར་ལངས་ནས་ཡོད་པས། དེ་ལྟའི་སྐྱུག་བྲོ་བའི་བྱེད་ཐབས་ཐ་ཤལ་བ་ཞིག་བཀོལ་ནས་སྐད་ཡིག་གམ་རིག་གཞུང་ཞིག་སྲུང་སྐྱོང་བྱེད་རྒྱུ་ནི་ཡོང་མི་སྲིད་པ་ཞིག་དང་། དེ་ནི་ཆེས་འུ་ཐུག་པའི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།
སྐད་ཡིག་གི་ནུས་པ་དང་ཁྱད་ཆོས་ནི། མིག་སྔའི་བཀོལ་སྤྱོད་བྱེད་མཁན་གྱི་འཇོན་ནུས་དང་བསྲེས་ནས་བལྟས་ན་མཐོང་མི་ཐུབ། རང་རེའི་སྐད་ཡིག་རང་སྟེང་གི་ནུས་པ་ནི་གཞན་སྨོན་མི་དགོས་པའི་ཚད་ལོངས་པ་ཡིན། སྐད་ཡིག་གི་ནུས་པ་ཟེར་དུས་གདོན་མའི་སྤྱི་ཚོགས་ཀྱི་བརྡ་སྤྲོད་ལུགས་རྨང་གཞིར་བཟུང་ནས་གསར་གཏོད་བྱས་པའི་བརྡ་སྤྲོད་པའི་རིག་པའི་རྣམ་གཞག་ལ་གོ་དགོས་པ་ལས་ད་ལྟའི་ཁྱབ་ཚད་དང་བེད་སྤྱད་མཁན་གྱི་མང་ཉུང་ལ་བལྟས་ནས་ཐག་གཅོད་མི་འོས། དེ་འདྲ་ཡིན་དུས། རང་རེའི་སྐད་ཡིག་ལ་རང་ངོས་ཀྱི་རིན་ཐང་ཆེན་པོ་ཡོད་པ་རྩོད་གཞིར་ཁྱེར་དགོས་པ་ཞིག་མ་རེད་འདོད།
ཤེལ་དཀར་ལྷག་པ་གཙོས་དྲ་གྲོགས་་ཚོ།
ཤེལ་དཀར་ལྷག་པའི་མགོ་མ་ཚོད་པའི་ཚོད་མདོག་དང་ཧ་མ་གོ་བའི་ཧམ་གོ་རིལ་རིལ་བྱ་འདུག་པ་དགོས་དོན་གང་ཡིན་མ་ཤེས་ཀྱང།་ཟླ་བ་ཚེ་རིང་གི་བོད་གཞུང་རྒྱ་གར་ཁྲིམས་ལ་གཏུགས་ཡོད་མ་རེད།་མི་ངན་པ་སངས་ཚེ་དབང་གི་ཁོང་ལ་མིང་ཤས་བཟོས་པ་དེའི་སྐོར་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་གཏུགས་ཡོད།་བོད་གཞུང་རྒྱ་གར་ཁྲིམས་ཁང་ལ་བསྐྱེལ་མཁན་ངོ་མ་དེ་པ་སངས་ཚེ་དབང་རེད།་ཁོང་རང་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ག།ཞུང་གི་ཁྲིམས་ཁང་ཁོས་དཔང་པོར་རྒྱ་གར་ཁྲིམས་ཁང་དུ་བསྐྱེལ་བ་ཡིན་འདུག།
་འགྲོ་སོང་འབུམ་མང་པོ་བོད་གཞུང་གི་བཏང་གི་ཡོད་རེད་ཟེར་བ་དེའང་བདེན་པ་མིན།་དངོས་བདེན་ཧ་གོ་འདོད་ན་བོད་གཞུང་ཁྲིམས་ཁང་ལ་ཐད་ཀར་བཀའ་དྲི་གནང་ན་འགྲིག།