ཀླུ་སྨྱོན།
དགེ་འདུན་ཆོས་འཕེལ་གྱི་ཕ་རྒན་ནི་སྔགས་འཆང་ནུས་ལྡན་ཞིག་རེད།
ངའི་ཕ་རྒན་པད་མ་བཀའ་ཐང་ཁ་ཏོན་བྱེད་རྒྱུར་ཧ་ཅང་དགའ།
དགེ་འདུན་ཆོས་འཕེལ་གྱི་ཨ་མ་ལ་སྐབས་རེར་ལྷ་འདྲ་ཞིག་བབས་ནས་ཉིན་འགར་བརྒྱལ་ཏེ་སྡོད།
ངའི་མ་རྒན་གྱིས་མི་ཚེ་གང་བོར་སྒྲོལ་མ་དང་ལྟུང་བཤགས་འདོན་བཞིན་སཙྪ་དཔར།
དགེ་འདུན་ཆོས་འཕེལ་གྱིས་རང་གི་རྩ་བའི་བླ་མའི་མདུན་ནས་བསྡུས་གྲྭ་དང་སྙན་ངག་སྦྱངས།
ངས་རང་གི་རྩ་བའི་བླ་མའི་དྲུང་ནས་བསྡུས་གྲྭ་དང་སུམ་རྟགས་དང་་ཡིག་གཟུགས་སོགས་སྦྱངས།
དགེ་འདུན་ཆོས་འཕེལ་གྱིས་ཚད་མའི་འཛིན་གྲྭར་སྐད་གྲགས་བཞག
ངས་ཀྱང་རི་ཁྲོད་ཀྱི་དགོན་ཆུང་དེ་ནས་བསྡུས་གྲྭ་རྩོད་དུས་ཨང་རིམ་དང་པོའི་གྲས་སུ་བསླེབས།
དགེ་འདུན་ཆོས་འཕེལ་གྱིས་བླ་བྲང་ནས་ཐོས་བསམ་རྡོ་རུས་ཐུག་པ་ཞིག་བྱས།
ངས་བླ་བྲང་དགོན་པའི་ཕྱི་སྐོར་ནང་བརྐྱངས་ཕྱག་འཚལ་ནས་ཁ་སྣའི་ནང་དུ་ས་རྡུལ་འཚངས།
དགེ་འདུན་ཆོས་འཕེལ་གྱིས་སྙན་ངག་འབྲི་དུས་ལྷ་འབབ་འབབ་བྱེད།
ངས་ཀ་རྩོམ་འཁྱར་འཁྱོར་རེ་བྲིས་རྗེས་མཁས་པ་ཟེར་བ་དེ་ང་མིན་ན་སུ་ཡིན་སྙམ་པའི་ང་རྒྱལ་སྐྱེས།
དགེ་འདུན་ཆོས་འཕེལ་རྐང་བགྲོད་བྱས་ཏེ་ཉི་མ་ལྷ་སར་འབྱོར།
ང་རླངས་འཁོར་དང་མེ་འཁོར་ལ་བསྡད་དེ་ཉི་འོད་གྲོང་ཁྱེར་དུ་བསླེབས།
དགེ་འདུན་ཆོས་འཕེལ་གྱིས་འབྲས་སྤུངས་ནས་མཁས་མང་ཟིལ་གྱིས་མནན།
ངས་འབྲས་སྤུངས་མཆོད་མཇལ་བྱེད་དུས་ཚོགས་ཆེན་འདུ་ཁང་གི་རྡོ་སྐས་རིང་པོ་དེར་འཛེག་རྒྱུར་ཡང་སུན་སྣང་བྱས།
དགེ་འདུན་ཆོས་འཕེལ་གྱིས་བལ་ཡུལ་དུ་མུ་སྟེགས་པའི་མཁས་པ་ཆེན་པོ་གསེར་རྒྱལ་ལ་ཚད་མ་རྣམ་འགྲེལ་བཀླགས།
ངས་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཉེ་འདབས་སུ་ཇ་ཁང་དང་ཟ་ཁང་ཉུལ་ནས་ཉི་མ་བཏང་།
དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་དུ་རང་སྲོག་འབེན་དུ་བཙུགས་ནས་ནང་པའི་གནས་ཆེན་དུ་མ་བསྐོར།
ང་བྱ་རྒོད་ཕུང་པོའི་རིར་གནས་སྐོར་ལ་འགྲོ་ལམ་དུ་འབྲུག་མོ་ཞིག་ལ་སེམས་པ་ཤོར་ནས་མཚན་གྱི་གཉིད་ཐེབས་ཀྱང་ལན་མང་ཆགས།
དགེ་འདུན་ཆོས་འཕེལ་གྱིས་ལྷོ་ཕྱོགས་རྒྱ་མཚོ་བརྒལ་ཏེ་ཤྲྰི་ལིངྐར་བསྐྱོད་ནས་ལེགས་སྦྱར་ཡི་གེ་སྦྱངས།
ངས་རྒྱ་གར་ལྷོ་ཕྱོགས་སུ་ཚ་གདུག་གི་ཁྲོད་དུ་ཕ་ཡུལ་དྲན་པའི་སྙན་ངག་རེ་བྲིས་རྗེས་ཉལ་ནས་བསྡད།
དགེ་འདུན་ཆོས་འཕེལ་གྱིས་ཡུལ་སྐོར་ལམ་ནས་བྲིས་པའི་རི་མོ་དང་མེ་ཏོག་འདྲ་མིན་མདོ་སྨད་དུ་བསྐུར།
ངས་རང་གི་དྲིན་ཆེན་ཕ་མ་གཉིས་དང་ཕུ་ནུ་དག་དྲན་པའི་གདུང་བ་ཆེ་ཞེས་ཕ་ཡུལ་ལ་ཁ་པར་བཏང་།
དགེ་འདུན་ཆོས་འཕེལ་གྱིས་ས་སྐྱ་དང་སྣར་ཐང་སོགས་ནས་གནའ་བོའི་གླེགས་བམ་དུ་མའི་གསེར་ཞལ་ཕྱེས།
ང་གླང་རུ་ལུང་བསྟན་འདབས་སུ་ཡོད་པའི་ཀླུ་སྒྲུབ་ཕུག་པའི་ནང་དུ་འཛུལ་རྒྱུར་ཡང་ཞེད་སྣང་སྐྱེས།
དགེ་འདུན་ཆོས་འཕེལ་གྱིས་ཆུ་བོ་ཡ་མུ་ནའི་འཇུག་ངོགས་སུ་འདོད་པའི་བསྟན་བཅོས་བརྩམས།
ངས་མན་ཇུ་ཀྲི་ལིའི་སྲང་བར་དོག་མོ་དེ་ནས་ཇ་མངར་མོ་འཐུང་བཞིན་དུག་སྦྲང་ལ་གདོང་ལེན་བྱས།
དགེ་འདུན་ཆོས་འཕེལ་གྱིས་ཀ་ལི་ཀ་ཏ་ནས་ནུབ་བོད་ལེགས་བཅོས་ཚོགས་པའི་ལས་ཤོག་སྟེང་དུ་མིང་ཡིག་བཀོད།
ངས་གཉན་ཆེན་ཐང་ལྷའི་ངོས་སུ་སྤྱི་ཚོགས་ཀྱི་ཚུར་སྣང་མེད་པའི་རྩོམ་ཡིག་སྣ་ཚོགས་སྤེལ།
དགེ་འདུན་ཆོས་འཕེལ་གྱིས་བོད་ལ་ཅིག་ཕན་ན་བསམས་ཏེ་རང་སྲོག་བློས་བཏང་གིས་གངས་ལྗོངས་སུ་གོམ་ཁ་བསྒྱུར།
ངས་སྒོར་མོ་འགའ་རེ་གསོག་ཨེ་ཐུབ་བསམས་ནས་ཨ་རིའི་ཕྱོགས་སུ་ཐེངས་གཉིས་ལ་བསྐྱོད།
དགེ་འདུན་ཆོས་འཕེལ་གྱིས་སྐུ་དྲག་གི་ཕྲུ་གུ་གཅེས་ལངས་སུ་སོང་བ་འགའ་རེར་སུམ་རྟགས་དང་སྙན་ངག་ཁྲིད།
ངས་ཨ་མ་ཨ་རི་བ་ཡིན་པའི་བོད་ཕྲུག་ཅིག་ལ་ལོ་ངོ་དྲུག་གི་རིང་ཀ་ཁ་དང་སྦྱོར་ཀློག་བསླབས།
དགེ་འདུན་ཆོས་འཕེལ་གྱིས་ལོ་ངོ་གསུམ་གྱི་རིང་བཙོན་ཁང་གི་མནར་གཅོད་མྱངས་ཏེ་སེམས་ཁམས་ནད་ཀྱིས་ཟིན།
ངས་ཨ་མེ་རི་ཀའི་ཡོད་ཚད་གསར་རྐྱང་ཡིན་པའི་འཚོ་བ་ལ་གདོང་ལེན་བྱེད་ཐབས་བྲལ་ཏེ་མི་ཚེ་ལ་དོན་སྙིང་མི་འདུག་ཅེས་ལན་མང་བཟླས།
དགེ་འདུན་ཆོས་འཕེལ་གྱིས་བར་སྐོར་ནས་ཆང་སེར་གྱིས་བྲོ་བ་མྱོང་བཞིན་བཻཌྰུརཡའི་བུམ་པ་ཞིག་རྡོ་ལ་བརྡབས་ཞེས་སྐྱོ་གླུ་བར་མེད་དུ་གྱེར།
ངས་གློག་ཀླད་ཀྱི་ཁ་གཏད་དུ་བསྡད་དེ་སེམས་ཀྱི་ཆགས་སྡང་དྲག་པོ་དེ་སྙན་ངག་གི་རྒྱ་མཚོའི་ཀློང་དུ་བསྟིམས་པར་དུས་སྐར་ཡོད་ཚད་བཏང་།
དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དགའ་སྐྱོ་ཆགས་སྡང་གིས་ཁྱེར་ནས་ལོ་ངོ་དུ་མ་ཞིག་འདས་ཟིན།
ངས་མི་ཚེའི་ཁ་ཕྱོགས་ངོ་མ་དེ་ད་དུང་མ་རྙེད་པར་ཉིན་མཚན་མེད་པར་རེ་དོགས་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད།
དགེ་འདུན་ཆོས་འཕེལ་གྱི་གསེར་འོད་འབར་བའི་བརྩམས་ཆོས་དག་ལ་མཁས་མང་གིས་གདེང་འཇོག་གི་མཐེ་བོང་བསྒྲེངས།
ངའི་སྙན་ངག་ཐར་ཐོར་དེ་དག་ལ་དྲ་གྲོགས་མང་པོས་འདོད་པ་མ་ཁེངས་པའི་འཁང་ཚིག་གི་རྡོག་རྫིས་ཡང་ཡང་བཏང་།
དགེ་འདུན་ཆོས་འཕེལ་གྱིས་རང་གིས་བྱེད་ན་འདོད་པ་དེ་ལག་ཏུ་བླངས་ནས་བྲོ་བ་མྱངས་རྗེས་ཚོར་བ་དེ་རང་འབྲི་བར་དགའ།
ངས་ཡོད་ཚད་ཚོར་སྣང་དང་རྟོག་བཏགས་ཁོ་ནར་བརྟེན་ནས་ཅི་ཞིག་བྲིས་དང་གང་ཞིག་འབྲི་བཞིན་ཡོད།
རྒན་ཀླུ་སྨྱོན། ངོ་མ་བྲོ་བ་འདུག ཁྱེད་ཀྱི་དྲང་གཤིས་དེར་སེམས་པ་ཤོར། ང་ལ་ཁྱེད་ལྟ་བུའི་བདེན་པ་རང་སེམས་རྗེན་པར་སྟོན་ཐུབ་པའི་བློ་སྟོབས་ཡོད་ན། འབྲི་རྒྱུ་ད་མང་པོ་ཡོད།
དྲ་ལམ་ལ་དཀའ་ངལ་དང་ཁོམ་ནས་ཡོད་པའི་སྐབས་སུ་ཁྱེད་ཀྱིས་གང་བྲིས་པ་ཚང་མ་ཀློག་གི་ཡོད། ལྷག་པར་སྙན་ངག་དག་མ་ལུས་པར་ཀློག་གི་ཡོད། མུ་མཐུད་འབྲི་རོགས་གནང་།
བྲོ་བ་ཞིམ་སྙམ་སྐྱེས། ཡིན་ནའང་སྤྲུལ་སྐུའི་སྐོར་ནས་མ་བྲིས་པ་ཅི།
དགེ་སྨྱོན་དང་ནི་ཀླུ་སྨྱོན་གཉིས། །
གཅིག་ནི་འཐུང་དྲགས་མྱངས་དྲགས་སྨྱོ། །
གཅིག་ནི་རྟོགས་བཏགས་ཚོར་བས་སྨྱོ། །
མཁས་ཚད་སྨྱོ་དགོས་ཡོད་དམ་ཅི། །
ཐུ་མི་བླ་མས་བྱིན་རླབས་དང་། །
ཤེས་རབ་ལྷ་ཕོས་ཤེས་རབ་སྩོལད། །
སྙན་དངགས་ལྷ་མོས་སྙན་ངག་དང་། །
མཚོ་འབྱུང་ལྷ་མོས་བྱིན་གྱིས་རློབས། །
འོ་ཡ།
ཀླུ་སྨྱོན་ལགས།
ཁྱེད་བདེན།
འོན་ཀྱང་།
རྟ་བོ་འགྲོ་སར་མ་སླེབས་ཀྱང་།
བོང་བུ་ལམ་ལ་ཆས་དགོས་སོ།
བོང་བུ་ལམ་ལ་མ་ཆས་ན།
བོང་ཚང་ནང་ལ་འཆི་ཉེན་རེད།
གནའ་ནས་ད་བར་བོད་ཡུལ་འདིར།།
མཁས་པ་བརྒྱ་སྟོང་མང་པོ་ཕེབས།།
འགའ་རེ་སྦྱངས་ནས་རང་སེམས་གྲོལ།།
ཁ་ཅིག་སེམས་རྟོག་ཚོར་པོས་སྨྱོས།།
དུས་བབ་མཆན་བཀོད་རྒྱ་མཚོ་རྡོ་གཡུག་འདྲ།།
ལུང་རིག་རྒྱལ་དེ་དམར་ཤོག་གུང་ཁྲན་འདྲ།།
ཁ་བརྡའི་མཆན་ཤོག་དཀྱེལ་ཡངས་དྲངས་སྙོམས་ངོས།།
མཁས་རྣམས་སོ་རྩེའི་འདུ་བྱེད་གར་ལ་རོལ། །
སྐྱག་པས་རྐུབ་བཀྱག རྐུབ་གིས་རྙང་མ་བཀྱག ཟེར་བ་རང་རེད། ད་དུང་བསྟོད་ཅིག འཛུབ་རྩེ་ཟད་ཟད་བསྟོད་ཅིག
དགེ་ཆོས་འདྲ་བའི་མཁས་ཚོང་པ་མང་པོ་བྱུང་ཚར་བ་རེད། ད་དུང་ཁྱེད་རང་བསྟོད་པ་ཡོད་ན་རྗེས་ནས་ཀྱང་མང་་པོ་འབྱུང་གི་རེད་ལོ།
དོ་དགོང་ཝི་ཨོ་ཨེའི་བརྟན་འཕྲིན་ནང་དུ་བཀའ་བསྟན་བསྒྱུར་རྒྱུའི་སྐོར་ལ་བགྲོ་གླེ་འདྲ་ཞིག་བྱས་སོང་།
གལ་ཏེ་བསྒྱུར་འདོད་ཡོད་ན།
དམའ་མཐའ་ས་ལ་དགེ་འདུན་ཆོས་འཕེལ་གྱི་ཤེས་ཚད་ཙམ་ཞིག་ལྡན་དགོས་པ་ལས་རང་གར་བཀའ་བསྟན་ལ་ལག་པ་འཆང་ན་ཨེ་འགྲིགས་ན།
ད་ཨ་སྒོར་ལ་དགའ་དྲག་ནས་མིན་འགྲོ
སྔོན་མ་དགེ་འདུན་ཆོས་འཕེལ་ཤེས་བྱའི་དོན་དུ་ཡུལ་ཁམས་མྱུལ།
ད་ཆ་བོད་ཕྲུག་ལྡོམ་པོ་གཏམ་གྱི་དོན་དུ་རྒྱལ་ཁམས་མྱུལ།
སྔོན་མ་དགེ་འདུན་ཆོས་འཕེལ་གཞན་ཕན་དོན་དུ་གཞན་ལ་གཏམས།
ད་ཆ་བོད་པ་ལྡོམ་པོས་གནག་སེམས་དོན་དུ་དྲ་རྒྱར་འཐབ།
རྣམ་པ་འདྲ་འདྲ་ལྟ་བུར་ཅི་ནས་ཨེ་མཚུངས་ལྟོས།
ཨ་མདོའི་ཡུལ་གྱི་དགེ་འདུན་ཆོས་འཕེལ་དང་།
ཨ་རིའི་ཡུལ་གྱི་ཀླུ་སྨྱོན་ཧེ་རུ་ཀ
ཨ་ར་ལྕང་ལོ་རིང་ཐུང་ཙམ་མ་གཏོགས།
ཨ་མདོའི་ཕོ་རྒོད་ཡིན་པ་གཅིག་པ་རེད།
དགེ་འདུན་སྔགས་པས་འདོད་པའི་བསྟན་བཅོས་བརྩམས།
དགེ་སློང་ཀླུ་ཡིས་དེ་ཉིད་བཀླགས་ཤིང་སྦྱངས།
དགེ་སྦྱོང་མགོ་སྐྱེས་ཡོད་མེད་ཙམ་མ་གཏོགས།
དགེ་སྡིག་སྲང་ལ་གཞལ་ན་ཁྱད་པར་མེད།
འདྲ་དཔར་དེ་སུའི་འདྲ་དཔར་རེད་དམ།
ལུས་ཕུང་དགེ་ལྡན་ཞིང་དུ་མྱུལ་བ་དང་པོར་མཉམ།
ངག་ནས་འདོད་པའི་ཚོར་བ་གླེང་བ་གཉིས་པ་འདྲ།
ཡིད་ནས་གོས་དཀར་སྡེ་ལ་དད་པ་གསུམ་པ་མཚུངས།
གསུམ་འདི་མཚུངས་པར་མ་ཟད་གཉིས་ཀ་སྨྱོན་པའང་ཡིན།
དགེ་ཆོས་མོ་ལ་དད་པ་རེགས་ནས་དད།
ཀླུ་སྨྱོན་མོ་ལ་དད་པ་བསམ་ནས་དད།
དད་པ་གཅིག་ཀྱང་རྒྱུས་ལོན་མི་འདྲ་ཡང།
གཉིས་ཀ་མོ་དད་ཆེ་བ་གཅིག་པ་ཡིན།
སྔོན་མ་བོད་པ་ཁ་ཤས་རྒྱ་གར་ལ་ཕྱིན་ནས་བཀའ་འགྱུར་སྦྱང་
རྗེས་སུ་བོད་པ་འབུམ་གཅིག་ཕྱེན་ནས་ཀ་རིལ་སྦྱང་
འདྲ་པར་དེ་ནི་དགེ་ཆོས་ཀྱི་འདྲ་པར་རེད།
ང་ཡང་དགེ་ཆོས་ནང་བཞིན་ཕ་ཡུལ་མེད་པའི་སྡོམ་པོ་ཞིག།
ཁོ་ཡང་ང་རང་ནང་བཞིན་ས་མཐའི་སྡུག་བསྔལ་མང་པོ་མྱངས།
ང་ཡང་དགེ་ཆོས་ནང་བཞིན་གངས་ཅན་བོད་ལ་ཤ་ཞེན་ཆེ།།
ཁོ་ཡང་ང་རང་བཞིན་དྲང་བདེན་བརྩི་བའི་གླེན་པ་ཞིག།
ཁོ་ཡང་ང་རང་བཞིན་བུད་མེད་མཐོང་ན་སྲེད་པ་ལངས།།
ང་ཡང་ཁོ་རང་བཞིན་བུད་མེད་ཉན་ཉན་ཚང་མར་འཛག།
ཁོ་ཡང་ང་རང་བཞིན་སྟུ་ཁ་ལྡག་རྒྱུར་གཙོག་སྣང་མེད།།
ང་ཡང་ཁོ་རང་ནང་བཞིན་རྒྱོ་རྒྱུ་རག་ན་ཚོད་མེད་ཅིག།
ཡོད་ཚད་རྟོག་བཏགས་དངོས་མྱོང་ཅི་ཡིན་རུང༌།།
ངམ་ངམ་ཤུགས་ཀྱིས་ལྷུག་བརྗོད་སྙན་རྩོམ་ཞིག།
སེམས་ཁམས་གཏེར་དུ་སྦས་པའི་རིན་ཆེན་ནོར།།
དྲ་ལམ་བཞིན་ལ་འདྲེན་པ་ངོ་མཚར་ཆེ།།
འབྲུག་མོར་རབ་དགའ་ཚོར་ཤུགས་རྣོ་པོ་ཞིག།
བྲེལ་ཡང་ཀ་ཁ་བསློབ་པའི་ལོ་རྒྱུས་ཤིག།
བདེ་ལྡན་ཞེན་ལོག་སྡུག་ཡུས་མིག་ཆུ་ཞིག།
གནས་འདིར་བཀོད་པ་བཅོས་མིན་བསྟོད་པའི་ཡུལ།།
དགེ་སྨྱོན་ཀླུ་སྨྱོན་ལ་སོགས་སྨྱོན་ཁམས་ན།།
སྨྱོན་པའི་གཏམ་གླིང་ཞིང་འདི་སྤྱོད་པའང༌།།
ལས་དམན་བདག་གི་ལས་ཅན་བསོད་ནམས་ལ།།
བསམ་བཞིན་བསམ་བཞིན་ཡིད་འདི་ལྷག་ཏུ་དགའ།།
ཁ་རི་ཁ་ཐུག་གི་སྐད་ཆ་ཁ་ཤས་ཤིག་གིས་་གད་མོ་སྲན་ཐུབ་པ་མི་འདུག
འཕྲོད་བསྟེན་རེད་ཡ།
ཧྲ་གི་ཧྲ་གི འདི་མོ་འདི་ཤོད།
མཁས་པའི་ཡོན་ཏན་ཡོད་ཚད་ཁོག་ཏུ་ཡོད།
སྤྱང་པོའི་ཡོན་ཏན་ཡོད་ཚད་ཁ་རུ་ཡོད།
ཁ་དང་ཁོག་གི་བར་ཐག་མི་རིང་ཡང་།
ཟབ་ཚད་དཔག་ཚད་སྟོང་ཕྲག་དུ་མས་ཆོད།
ཚིག་སྦྱོར་ཡམ་ཡམ་ཙམ་ལ་མཁས་པ་དང་།
གཞུང་དོན་ཟབ་མོ་འགྲོལ་ལ་མཁས་པ་གཉིས།
ཧོབ་སྟེ་བལྟས་པས་ཁྱད་པར་འབྱེད་དཀའ་ཡང་།
ཅུང་ཟད་བཙིར་བའི་ལྷང་ལ་འབུད་པ་འགྱུར་།
རྫིག་ཉམས་ཁོ་ནས་གཞན་ཡིད་བཀུམ་པ་དང་།
ལེགས་བཤད་མཚོན་གྱིས་རྨོངས་པ་གཞོམ་པ་གཉིས།
འཐོབ་བྱས་འབྲས་བུའི་ཁྱད་པར་མི་འདྲ་བ།
ཡུན་ཏུ་བརྟག་པས་ལེགས་པར་ཤེས་པར་འགྱུར།
རྔ་ལ་དབུག་གུས་མ་བརྡུང་ན། །
དེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
རྩོམ་ཡིག་གི་ཁ་བྱང་ལ་བལྟས་སྨྱོན་པ་འདི་ལ་བཀའ་དཀྱོན་ཆེམ་ཆེམ་ཞིག་བསྒྲགས་དགོས་དྲན་བྱུང་ཡང་། རྩོམ་ཀླག་གིན་ཀླག་གིན་རྙོགས་དྲ་ཤོད་ས་ཞིག་རྙེད་མ་བྱུང་།
ཨ་ཁུ་རྒྱལ་གྱུར་ཅིག།
ྈྙའདྲ་དཔར་དེ་ཧ་ཅང་སྐྱོ་པོ་ཞིག་འདུག་ སྐབས་དེ་དུས་ཁོང་གང་དུ་ཡོད་དམ་
དེང་ནོར་གླིང་དུ་བཞུགས་པ་ཁམས་སྤྲུལ་རིན་པོ་ཆེས། དགེ་ཆོས་རིན་པོ་ཆེ་ནི་སེམས་ཀྱི་གནས་ལུགས་ཐོག་མྱོང་བ་འགྲན་ཟླ་བྲལ་བ་ཞིག་རེད། ངའི་ངོས་ནས་དད་པ་རྩེ་གཅིག་ཡིན་གསུངས་འདུག
དགེ་ཆོས་སྨྱོན་པ་སྐད་གྲགས་ཆེ་ན་ཡང་། །
མཐའ་མ་བླུན་པོ་འགའ་ཡི་ལག་པར་ཤོར། །
ཨ་ཁུ་ཀླུ་སྨྱོན་རྣམ་རིག་གསལ་ན་ཡང་། །
ས་སྐྱའི་སྐྱེས་དམན་ཞིག་གི་གཡོ་འོག་ཚུད། །
ས་སྐྱའི་བུ་མོ་དེ་སུ་རེད།