ཀུན་དགའ་དོན་འགྲུབ།
ནང་བསྟན་བྱེད་པོ་སྲས་གཙང་བས་དབེན་པས་རི་ནས་གདུལ་བྱ་བསྐྱངས།།
སྔོན་བྱོན་བོད་ཀྱི་ཆོས་པ་ཚོས་བྱ་བྲལ་རི་ནས་མགུར་མ་བཞེངས།།
དེང་དུས་ངུར་སྨིག་གོས་འཆང་འགའ་གྲོང་ཁྱེར་ཆེན་པོའི་ལྟད་མོར་གཡེང་།།
མི་རྣམས་འགྱུར་བའི་ལུང་བསྟན་གྱིས་དུས་རབས་ཤིག་གི་འཕེལ་རིམ་བསྟན།།
ནང་བསྟན་བྱེད་པོ་སྲས་གཙང་བས་ཤིང་གི་དྲུང་ནས་དཀའ་བ་སྤྱད།།
རྗེས་འབྲངས་རྒྱན་དྲུག་ལ་སོགས་པ་བྲག་རྡོ་སྐམ་པོའི་ཁུང་བུར་བཞུགས།།
ཆེན་པོའི་མིང་འཛིན་བླ་གྲྭ་འགའ་ཁང་བཟང་བརྩེགས་མའི་མལ་ཁྲིར་ཞེན།།
སྙིགས་མའི་དུས་ཀྱི་ཁུགས་སོ་རུ་རྟགས་ཙམ་འཛིན་པའི་ལེའུ་ཤར།།
ནང་བསྟན་བྱེད་པོ་སྲས་གཙང་བས་ལྷུང་གཟེད་ཙམ་གྱི་ཆོག་ཤེས་མཛད།།
དམ་པའི་རྣམ་ཐར་ལྷུར་ལེན་པས་འདོད་ཡོན་བདུད་ཀྱི་གཡབ་མོར་གསུངས།།
སྤྱད་པས་མི་ངོམ་བླ་གྲྭ་འགའ་ཟས་སྤྱོད་རྒྱ་མཚོའི་བཀོར་ལ་རོལ།།
རུང་དང་མི་རུང་ས་མཚམས་ཀྱི་སྟོན་པའི་བཅོས་པར་ཁ་ཐག་གྱེས།།
ནང་བསྟན་བྱེད་པོ་སྲས་གཙང་བས་དབེན་པའི་རི་ནས་བསྒོམ་པ་མཛད།།
མཛད་རྗེས་ཅན་གྱི་ཕྱི་འབྲངས་བས་འབྲོག་པའི་ཡུལ་དུ་གྲྭ་ཚང་བཏབ།།
དཔལ་འབྱོར་འཚོལ་འདོད་བླ་གྲྭ་འགས་ཟིང་ཟིང་གནས་སུ་ཆོས་ཚོགས་བཙུགས།།
༸གོང་ས་ཆེན་པོ་ཁ་ལ་འཁྱེར་ཆོས་བརྒྱད་གཡོན་མའི་ཟློས་གར་རྩེན།།
ནང་བསྟན་བྱེད་པོ་སྲས་གཙང་བས་འདུལ་བའི་ཁྲིམས་ཀྱི་གླེགས་བམ་བཟོས།།
འདུལ་སྦྱོང་ཅན་གྱི་ཉམས་ལེན་པས་ཆོས་དང་མཐུན་པའི་དགེ་སྦྱོར་མཛད།།
འཆར་ཀའི་རྗེས་འབྲངས་མགོ་གཡེང་ཚོས་ཉ་ཕྲུག་འཛུལ་བའི་དམིགས་བསལ་གླེང་།།
སྐྱ་སེར་གཉིས་ཀྱི་སོ་མཚམས་སུ་སྒོ་གསུམ་བཙུན་པའི་ལུགས་དང་བྲལ།།
ནང་བསྟན་བྱེད་པོ་སྲས་གཙང་བས་རྒྱལ་སྲིད་སྤངས་ནས་རི་ལ་ཕེབས།།
དགེ་སློང་དུལ་བ་ཞི་བ་དག་གཞན་དོན་འབའ་ཞིག་བདག་གིར་མཛད།།
དམར་ནག་མཚམས་ཀྱི་མགོ་འཕང་ཅན་རྨོངས་ཞེན་སྲིད་ལ་ཨ་འཐས་བྱེད།།
ཙི་ཙི་སངས་རྒྱས་སྤྲུལ་བ་དག་སྙིགས་མ་བསུ་བའི་ཕོ་ཉ་དངོས།།
ནང་བསྟན་བྱེད་པོ་སྲས་གཙང་བས་མཁར་སིལ་སྙན་མོས་བསོད་ནམས་དྲངས།།
དགེ་སྦྱོང་མགོ་རིལ་དམ་པ་ཚོས་ཟས་དང་གཉིད་ལ་ཚོད་འཛིན་བྱེད།།
སྤྱི་དང་སྒེར་གྱི་འཁྲབ་སྟོན་པས་དཀྱིལ་འཁོར་ཁྲ་མོ་སྒོར་ལ་བརྗེས།།
ཕྱི་གླིང་འགུགས་པའི་གླིང་ཀ་ན་བླ་མ་མཁན་པོ་ཚོང་པ་ཆགས།།
ནང་བསྟན་བྱེད་པོ་སྲས་གཙང་བས་བདག་ཉིད་བདག་གི་མགོན་དུ་གསུང་།།
དེ་ཡི་རྗེས་འབྲངས་དམ་པ་ཚོས་བླ་མ་ཀུན་གྱི་རྩ་བར་བསྒོམ།།
རང་ཚུགས་གཉོམ་པའི་ཆོས་པ་ཚོས་འཇིག་རྟེན་ལྷ་འདྲེ་སྐྱབས་སུ་རློམ།།
གོ་ས་ལྡོག་པའི་བྱེད་ལུགས་འདིར་རྣམ་དག་པ་ཚོ་ངུ་ཁ་ཤོར།།
ནང་བསྟན་བྱེད་པོ་སྲས་གཙང་བས་ཐུགས་མཐུན་ཁྲིམས་གཙང་གནད་དུ་གསུངས།།
༸གོང་ས་སྐུ་ཕྲེང་བཅུ་བཞི་བས་རིས་མེད་ལྟ་གྲུབ་བདག་གིར་མཛད།།
འོན་ཏེ་ཆོས་བརྒྱུད་ཆོལ་ཁའི་བར་ནད་ཀྱི་རི་བོ་བག་ལ་ཉལ།།
ཆོས་བའི་གཟུགས་ཀྱིས་ཆོས་མིན་དག་ཤྭ་བའི་རྭ་བཞིན་མངོན་པར་མཐོ།།
ནང་བསྟན་བྱེད་པོ་སྲས་གཙང་བས་འཚེ་མེད་སྤྱོད་པའི་སྙིང་པོར་གསུངས།།
དོན་གྱི་རྣལ་འབྱོར་ཉམས་ལེན་པས་འབུ་སྲིན་སོགས་ལ་བརྩེ་བ་བྱེད།།
སྐུ་དྲག་ལུགས་འཛིན་དགེ་བརྐོས་ཚོས་རྟ་ལྕག་སྦོམ་པོས་བརྫིག་ཉམས་ངོམ།།
ལས་རུང་མིན་པའི་ཉེས་པ་དག་མགོ་མཁྲེགས་རྣ་རྒྱབ་རླུང་བུར་གྱུར།།
ནང་བསྟན་བྱེད་པོ་སྲས་གཙང་བས་བཙུན་མར་ཁྲིམས་ཀྱི་ཆེ་བ་བགོས།།
བསྐལ་བ་བཟང་པོའི་དུས་ཚོད་ལ་སུམ་བརྒྱ་དྲུག་ཅུའི་ཉམས་ལེན་མཛད།།
ལྷག་མ་ཙམ་ཡང་དཀོན་ཤུལ་ན་མགོ་རིལ་མ་ཚོས་འཁྲབ་སྟོན་མངོན།།
གཉིས་སྦྱོར་ལྟད་མོ་མཐོང་ཚུལ་འདིས་འཇིག་རྟེན་པ་རྣམས་གད་མོར་བསྐྱུར།
ནང་བསྟན་བྱེད་པོའི་གདམ་ངག་དག་ཡིག་ཚགས་མཛོད་ཀྱི་ལྟད་མོར་བཤམས།།
ལྷ་ཆོས་འཚོང་བའི་ཚོང་པ་ཚོས་བཀའ་བསྟན་འགྱུར་ཅོག་དགུང་དུ་བརྩེགས།།
བསྟན་པའི་ལ་རྒྱར་ཁས་འཆེ་བས་རིང་ལུགས་ཙམ་རེ་བདག་ཏུ་ཉར།།
བསྟན་དང་སྟོན་པ་ཉམས་ཚུལ་གྱིས་སེམས་པ་དཀར་པོར་རྨ་ཞིག་སྦྱིན།།
ཡ་ཡ། ད་ངོ་མ་ཡག་པོ་བྲིས་འདུག
སྔོན་དུས་དྲང་སྲོང་ཆ་ལུགས་དེ། །
ཉེ་དུའི་འབྲེལ་ཐག་ཆོད་ཕྱིར་གསུངས། །
ད་ལྟའི་་་་་་་་་་་་་་་
ངོ་སྲུང་ཆེ་རུ་མ་སོང་ངམ། །
མི་ལ་རྗེས་གསུངས་འདུག
བཅོམ་ལྡན་འདས།
མིང་སྲང་ལྷན་སྦྱོར་བྱས་ནས་དམེ་རྒྱུད་སྤེལ།།
ཤྰཀྱའི་རྒྱལ་སྲིད་མ་མནོན་རབ་ཏུ་བྱུང་།།
བདེན་བཞིའི་ཆོས་འཁོར་སྐོར་ནས་དམངས་སེམས་བཀུག།
ལོ་དྲུག་དཀའ་བ་སྤྱད་ནས་མཚན་སྙན་སྐྲུན།།
ང་ཚོ།
ས་འབུ་རྐང་མེད་བདེ་བའི་ཆེད་དུ་ནུར།།
གྲོག་མ་མིག་མེད་བདེ་བའི་ཕྱོགས་སུ་རྒྱུག།
མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུགས།།
ཧ་ཅང་གནད་ལ་འཁེལ་འདུག འོན་ཀྱང་ཚིག་སྦྱོར་མི་ལེགས། སྐྱོང་མཚང་སྔོག་ན་བསྐལ་པར་བསྔོག་ཀྱང་ཚར་དུས་མེད། སྡོམ་ཚིག་གཅིག་རང་ཡོད་པ་ནི། འདི་ཕྱི་གང་ལ་ཞེན་པ་ལ་ཐུག་ཡོད།
སྙན་མོ་དང་མཉམ་ལེན་བྱས་ཆོག་པ་ཞིག་བྲིས་འདུག་ཡག་པོ་རེད།
དངོས་གནས་དེང་སང་གི་སྤྱོད་པ་རྗེན་ཆེར་ཕབ་འདུག་ག།
མི་རང་རང་གིས་ལས་གནས་དང་སྤྱི་ཚོགས་ཀྱི་གོ་ཐོབ་སོགས་དང་བསྟུན་ནས་
གོང་གིས་ཐེར་འདོན་བྱས་བའི་བྱ་བ་དེ་དག་ལ་གཟབ་དགོས་རེད།།
ནང་བསྟན་བྱེད་པོ་ཟས་གཙང་སྲས་ཀྱིས་མཉན་ཡོད་འགྲིམ་པའི་དུས་སྐབས་ནའང་།།
ཕྲག་དོག་ཚེར་མས་བློ་མིག་ལྡོང་བ་དེ་བ་དཏྟའི་རྗེས་འབྲངས་དང་།།
སྐལ་དམན་ལས་ཀྱིས་རྗེས་ལ་རྒྱུགས་པ་དགེ་སློང་ལེགས་པའི་ཀརྨ་སོགས།།
སྟོན་དང་བསྟན་ལ་རྣམ་པར་འཁུ་བ་བདུད་རིགས་རྣམས་ཀྱི་བྱུང་རབས་མང་།།
དེང་སང་སྙིགས་དུས་ཡོད་ཚད་རྒུད་ཅེས་སྡུག་ཡུས་འདྲེན་པའི་དུས་སྐབས་ནའང་།།
རྣམ་དག་ལྟ་བའི་གནད་དོན་གཟིགས་པ་ཤེས་རབ་ཅན་གྱི་རྗེས་འབྲངས་དང་།།
ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་རིག་པ་སྙིགས་དུས་སྦས་པའི་རྣལ་འབྱོར་ཚོས།།
རིམ་དགུ་ཐེག་པའི་གསང་བ་ཟབ་མོར་ངོམས་མེད་སྤྱོད་པའི་ལྟད་མོ་མང་།།