བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་དཔྱད་གླེང་རླུང་འཕྲིན་སྙན་སྒྲོན་ལེ་ཚན།
ཆུ་སྐྱེས་སྒྲོལ་མ།
༼རྩོམ་ཡིག་འདི་ནི། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཚན་པས་བོད་ཀྱི་རྩོམ་རིག་སྐོར་སྙན་སྒྲོན་གྱི་གོ་སྐབས་གནང་བའི་སྐོར་དེ་ཡིན། འདིར་སྙན་སྒྲོན་ཡི་གེའི་མ་ཕྱི་དང༌། སྙན་སྒྲོན་དངོས་གཞི་རྒྱང་བསྲིང་གི་སྒྲ་ཡང་ལྷན་དུ་བཀོད་ཡོད།༽
ལེ་ཚན་གཉིས་པ།
གསན་མཁན་རྣམ་པ་ཚོ་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དངོས་ཡོད་གནས་སྟངས་དང༌། འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཟུང་འབྲེལ་གྱི་ལམ་ནས། དེ་རིང་གི་ལེ་ཚན་ནང༌། བོད་སིལ་བུའི་སྐབས་ཀྱི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གནས་སྟངས་ལ་དཔྱད་བསྡུར་དང༌། བརྩམས་ཆོས་གཞན་ནས་ལུང་འདྲེན་ཞུས་པ་སོགས་ལེ་ཚན་སྔ་མའི་འཕྲོ་ནས་མུ་མཐུད་དེ་སྙན་སྒྲོན་ཞུ་གི་ཡིན།
བོད་སིལ་བུའི་སྐབས་ལ་མཚོན་ན། བོད་སྤྱི་ལ་དབང་བསྒྱུར་བའི་སྲིད་གཞུང་ཞིག་མེད་པའི་གནས་སྟངས་དེའི་འོག་ནས་ཀྱང༌། རིག་གནས་གོང་སྤེལ་གྱི་ནུས་པ་དེ་མུ་མཐུད་གནས་ཡོད། དེ་ཡང་ཆོས་རྒྱལ་རིམ་བྱོན་སྐབས་ནས་ཕྱག་སྲོལ་ཡོད་པ་བཞིན། བོད་ཀྱི་མཁས་པ་དང་ལོ་ཙ་བ་མང་པོ་རྒྱ་གར་དང༌། བལ་ཡུལ་ལ་ཆེད་མངགས་ཕེབས་ནས་སློབ་གཉེར་གནང་བ་དང༌། ཕྱིར་བོད་དུ་ཕེབས་ནས་བསྟན་བཅོས་མང་པོ་བོད་ཀྱི་སྐད་དུ་བསྒྱུར་གནང་བ་དང༌། ལྗགས་རྩོམ་གནང་བ་སོགས་མཛད་རྗེས་རླབས་ཆེན་པོ་ཞིག་བཞག་ཡོད།
ཡིན་ནའང༌། ཕྱི་ལོའི་དུས་རབས་བདུན་པ་ནས་བཅུ་གསུམ་པའི་བར་དང༌། ཡང་དུས་རབས་བཅུ་གསུམ་པ་ནས་ཕྱི་ལོ་༡༩༥༩ལོའི་བར་གྱི་རྩོམ་ཡིག་ཕལ་ཆེ་བའི་བརྗོད་བྱ་ནི། ནང་ཆོས་དང་འབྲེལ་ཆེ་བ་ལས་དེང་སྐབས་ལྟར་བོད་མི་རིགས་ཀྱི་ལག་ཤེས། དཔེར་ན། ཤིང་བརྐོས་རྒྱག་སྟངས། རུམ་གདན་འཐག་སྟངས། སྣམ་ལས་བྱེད་སྟངས། མཐའ་ན་ས་ཞིང་འདེབས་ལས་ལ་སོགས་པ་བརྗོད་བྱར་བྱས་པའི་རྩོམ་ཡིག་ཧ་ལམ་མེད་པ་ལྟ་བུ་ཡིན།
དེ་ཡང་བོད་རྒྱལ་ཁབ་ཆེན་པོ་འདི་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ལ། ནང་པ་རྣམས་ཀྱིས་ལས་ཀ་ཆེ་ཆུང་གང་འདྲ་ཞིག་ལས་མགོ་རྩོམ་པ་ཡིན་ནའང་ཐོག་མར་དཀོན་མཆོག་གསུམ་དང༌། དེ་བཞིན་རང་ཉིད་ཀྱི་ལྷག་པའི་ལྷའམ་དད་པ་བྱེད་སའི་རྩ་བའི་བླ་མར་མཆོད་པ་འབུལ་སྲོལ་དེ་གནའ་ནས་ད་བར་མ་ཉམས་པར་ཡོད་པ་དང༌། བོད་བཙན་པོའི་སྐབས་དང༌། བོད་སིལ་བུའི་སྐབས་ཀྱི་གནས་སྐབས་གང་དུའང༌། བོད་ཀྱི་རྩོམ་རིག་གི་ནང་དོན་དང་རྣམ་པ་ནི། བོད་རང་གི་ཆོས་དང་རིག་གཞུང༌། ཡང་ན། བོད་རང་གི་སེམས་ཁམས་དང་འབྲེལ་ནས་བསྡད་ཡོད་པ་ཞིག་ཆགས་ཡོད་པ་རེད། དེ་ནི་བོད་རང་གི་སེམས་ཁམས་དང་དད་འདུན། ལུགས་སྲོལ་བཅས་ཀྱི་ཁྱད་ཆོས་ཤིག་ཀྱང་ཆགས་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན།
གནས་སྟངས་དེ་ནི། གནའ་རབས་དང་ཉེ་རབས་ཀྱི་དུས་ཚོད་ནང༌། བོད་ཀྱི་རྩོམ་རིག་གི་ཁོར་ཡུག་དེར་རང་དབང་ཆ་ཚང་ཡོད་པ་ཞིག་སྟོན་གྱི་ཡོད་པའང་རེད།
འོན་ཀྱང༌། རྒྱ་ནག་གཞུང་གིས་བོད་ལ་དྲག་པོས་བཙན་འཛུལ་གྱིས་དབང་བསྒྱུར་བྱས་པ་དང༌། ནང་སྒོས་སུ་དམངས་གཙོ་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཁྲོད། བོད་ཀྱི་ཆོས་དང་རིག་གཞུང་ནི་རྨོངས་དད་ཀྱི་ཁོངས་སུ་བརྩིས་ནས་དགག་པ་རྒྱག་ཡུལ་ཆགས་ཡོད་པ་དང༌། དཔེར་ན། བོད་ཇ་བཟོ་བ་དང༌། དགའ་ལྡན་ལྔ་མཆོད་ཉིན་བསྐོལ་སྲོལ་ཡོད་པའི་མྱང་ཐུག་བསྐོལ་བ་སོགས་ཀྱང་བཀག་འགོག་བྱས་པའི་གནས་སྟངས་བྱུང་ཡོད་པ་རེད། དུས་སྐབས་དེ་འདྲ་ཞིག་ནས་བཟུང༌། བོད་ཀྱི་རྩོམ་རིག་གི་ཁོར་ཡུག་དེར་ཡང་རྒྱ་ནག་གཞུང་གིས་ས་མཚམས་སྣ་ཚོགས་ཤིག་བཟོས་ནས་འགོག་རྐྱེན་འཕྲད་བཅུག་ཡོད། འདིར་དཔེ་མཚོན་ཐུང་ཐུང་ཞིག་བཀོད་ན། བོད་མི་རིགས་ཀྱིས་དུས་རྒྱུན་ནས་བསམ་གྱི་ཡོད་པ་དང༌། དེ་བཞིན་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་པའི་གསོལ་འདེབས་ལ་མཚོན་ན། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌།། སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌།། གང་ལ་གང་འདུལ་དེ་ལ་དེ་སྟོན་པའི།། བཙུན་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། ཞེས་དང༌། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ཅེས་པ་ལྟ་བུ་ནི་འདོན་མི་ཆོག་པ་དང༌། དེ་ལ། རྨོངས་དད་དང༌། ཁ་བྲལ་གྱི་ནང་དོན་ཡོད་པ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད།
གནས་སྟངས་དེ་འདྲ་ཞིག་གི་འོག་ནས། བོད་ཀྱི་རྩོམ་རིག་གི་ཁོར་ཡུག་དེ། བོད་ཀྱི་སེམས་ཁམས་དང་རྦད་དེ་ལོགས་ཀ་ཞིག་ཆགས་ཡོད་པ་རེད། དེ་ཡང་དཔེར་ན། ཉེ་རབས་ཀྱི་མཁས་པ་གྲགས་ཅན། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས། མའོ་ཙེ་ཏུང་ཞེས་བྱ་བའི་དམ་པ་འདིར།། ཤག་ཀྱཱ་སེང་གེའི་དགོངས་པ་རྨ་མེད་པ།། འཇམ་དཔལ་དགྱེས་པའི་བློ་གྲོས་བདག་གིས་མཐོང༌།། ཞེས་བསྟོད་བསྔགས་གནང་ཡུལ་དུ་བཞག་ཅིང༌། རྗེས་སུ་ཁོང་གིས་གུང་ཁྲན་ཏང་གི་བྱ་སྤྱོད་ངོ་མ་མཐོང་སྟེ། གུང་ཁྲན་ཏང་ནི་ཀོ་བ་རློན་པའི་ཞྭ་མོ་དང་འདྲ། གོན་དུས་ལྷོད། བསྡད་ཀྱིན་བསྡད་ཀྱིན་ཇེ་དམ་དུ་འགྲོ་བ་ཡིན་ཞེས་གསུངས་པ་ལྟ་བུ་རེད།
གནས་སྟངས་ངོ་མ་ནི་དེ་འདྲ་ཞིག་ནས་མགོ་བཙུགས་ཡོད་ནའང༌། རྒྱ་ནག་གཞུང་ཕྱོགས་ལ་མཚོན་ན། བོད་ཞི་བའི་བཅིངས་གྲོལ་བཏང་བ་ནས་བཟུང༌། བོད་ཀྱི་ཆབ་སྲིད་དང་འཚོ་བ། རིག་གནས། དཔལ་འབྱོར་སོགས་ལ་གནམ་ས་བླ་ལོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཕྱིན་ཡོད་ཅེས་མ་ཎི་སྐྱོར་སྐྱོར་བྱེད་ཀྱི་ཡོད་པ་རེད།
དེ་རིང་ཁ་སང་གི་རྒྱ་ནག་གཞུང་དང༌། གཞུང་གི་སྟངས་འཛིན་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཆ་ཚང་གིས་བོད་ཞི་བའི་བཅིངས་འགྲོལ་དང་བོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པའི་འགྲེལ་བཤད་རྒྱག་གི་ཡོད་ནའང༌། བོད་ནང་བོད་མི་ཚོས་དེར་ངོས་འཛིན་གཞན་པ་ཞིག་བྱེད་ཀྱི་ཡོད་པ་ནི། བོད་ལྗོངས་གསར་འགྱུར་གནམ་ས་བླ་འོག རྒྱལ་སྤྱིའི་གསར་འགྱུར་ཁ་ཆག་སྣ་རལ། ཞེས་བཤད་ཀྱི་ཡོད་པ་འདི་རེད། དེ་བཞིན་བོད་ནང་གི་སློབ་ཕྱུག་ཚོས་རྒྱ་མིའི་རྒྱལ་གླུ་གཏོང་སྐབས་སུ་རྒྱལ་གླུའི་ཚབ་ལ་གཞས་ཚིག་གཞན་ཞིག་སྐྱོར་གྱི་ཡོད་པ་ནི། དར་ཆ་དམར་པོའི་འོག་ལ། ཕོ་རོག་ཆང་ས་བརྒྱབ་ཀྱི། དུམ་ཚག་དུམ་ཚག ཅཻས་གཏོང་གི་ཡོད་པ་ལྟ་བུ་ལ་མཚོན་ན། གསར་འགྱུར་བརྒྱུད་ལམ་གྱི་འགྲེལ་བཤད་དང༌། མང་ཚོགས་ཀྱི་སེམས་ཁམས་གཉིས་ནི་གནམ་ས་ལྟ་བུའི་ཁྱད་པར་དང་ནང་དོན་ཡོད་པའི་བཤད་སྟངས་ལོགས་ཀ་གཉིས་རེད།
གསན་མཁན་རྣམ་པ་ཚོ། དེ་རིང་གི་ལེ་ཚན་ཞུ་མཚམས་འདིར་བཞག་རྒྱུ་དང༌། ཐེངས་རྗེས་མའི་ལེ་ཚན་ནང་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཕྱིར་མིག་བལྟ་བ་ཞེས་པའི་ལེ་ཚན་འདི་མུ་མཐུད་ཞུ་གི་ཡིན།
རྒྱང་བསྲིང་གི་སྒྲ་འདི་ནས་གསན་རོགས།
cd2voa20102
༼གསལ་བཤད།༽
ཡི་གེའི་ལམ་གྱི་ངོ་སྤྲོད་དང་སྒྲ་ལྡན་གླེང་མོལ་གཉིས་ནང་གསལ་ཁ་འདོན་གང་ཐུབ་བྱས་ཡོད་ནའང༌། ཆ་མ་ཚང་བ་མང་པོ་ཞིག་ཡོད་པ་རེད། དེར་ཀློག་མཁན་ཚོས་དགོངས་འཆར་གནང་རོགས། ངས་འདིའི་སྐོར་ལ་བསྐྱར་ཞིབ་ཅིག་ཞུ་མགོ་ཚུགས་ཡོད། ཐུགས་རྗེ་ཆེ།
ཆ་ུསྐྱེས་སྒྲོན་མ་ལགས་ ཡག་པོ་བྲིས་གནང་འདུག་ ༼བོད་ནང་གི་སློབ་ཕྲུག་ཚོས་རྒྱ་མིའི་རྒྱལ་གླུ་གཏོང་སྐབས་སུ་རྒྱལ་གླུའི་ཚབ་ལ་གཞས་ཚིག་གཞན་ཞིག་སྐྱོར་གྱི་ཡོད་པ་ནི།༽ ཀློག་ཚམ་དེར་སླེབས་དུས་དེ་དང་འདྲ་བའི་་གནས་ཚུལ་གཞན་ཞིག་དྲན་བྱུང་ ང་རང་ལོ་བཅུ་གསུམ་རྩམ་ཡིན་དུས་ལས་མི་རྒྱ་ཕྲག་ཡོད་པའི་ལས་གྲ་ཞིག་གི་ལས་མི་ཡིན་ དེ་དུས་རིགས་གནས་གསར་རྗེའི་སྐབས་ཡིན་དུས་ཉིན་ལྟར་ཞོག་པ་སྔ་པོ་ནས་མི་ཚང་མ་མཉམ་དུ་དར་ཆ་་་་་དམར་པོའི་འོག་ལངས་ནས་ ཤར་ཕྱོགས་དམར་ཞེས་པའི་གཞས་དེ་གཏང་དགོས་ཀྱི་ཡོད་དེའི་གཞས་ཚེག་ནི་ ཤར་ཕྱོགས་དམར་ ཉི་མ་ཤར་ ཀྲུང་གོ་ཕྱོགས་ནས་མོའོ་ཙེ་ཏུང་འཁྲུངས་ ཁོང་ནི་མི་དམངས་ཀྱི་དགོན་སྐྱབས་རེད་ ཨོ་ཧ་ཧད་ཡོ་ ཁོང་ནི་མི་དམངས་ཀྱི་དགོན་སྐྱབས་རེད་ ཞེས་ཡོད་པས་གཞས་དེ་མི་ཚང་མས་རྒྱ་བོད་གཉིས་ཀའི་ཐོག་ནས་གཏང་ཤིས་ཀྱི་རེད་ ང་ཚོའི་ལས་གྲ་དེར་ལས་མི་མང་ཆེ་བ་ན་གཞོན་ཡིན་ཡང་ད་དུང་མི་རྒན་པ་ཡང་མི་ཉུང་བ་ཞིག་ཡོད་པས་ དེའི་ནང་སྔོན་མ་གཞུང་ཞབས་རེད་ཟེར་བའི་མི་རྒན་པ་ཞིག་གིས་གསང་བའི་ཐོག་གཞས་མདངས་དེ་
རང་ལ་གཞས་ཚིག་མི་་འདྲ་བ་ཞིག་བསླབས་པས་དེ་གཅིག་གི་གཅིག་ལ་སླབས་ནས་ང་ཚོ་མང་པོས་ཤེས་པར་བརྟེན་ང་ཚོ་གཞས་ཚིག་དེར་ཧ་ཅང་དགའ་ནས་ཞོག་ལྟར་མི་མང་པོའི་མཉམ་དུ་སྐད་ཤུགས་ཆུང་རྩམ་གྱི་གཞས་མདངས་གཅིག་པ་ཡིན་པ་ལ་གཞས་ཚིག་དེ་གཏང་ ༼གངས་ཅན་ལྗོངས་ པད་དཀར་ཕྱར་ སེམས་ཅནསྐྱེས་འགྲོ་ཡོངས་ཀྱི་སྐྱབས་གཅིག་པོ་་ ཁོང་ནི་ང་ཚོའི་དགོན་སྐྱབས་ཡིན་ སོ་ཡ་ལ་སོ་ ཁོང་ནི་ང་ཚོའི་དགོན་སྐྱབས་ཡིན་༽ རྗེས་སུ་གོ་ཐོས་ལ་གཞས་ཚིག་དེ་སྤྱི་ལོ་ ༡༩༥༨ རྩམ་ལ་སྐྱབས་རྗ་ེ་ཁྲི་ཆང་རེན་པོ་ཆེས་རྪོམ་གནང་པ་རེད་ཟེར་གྱི་འདུག
འཇིགས་མེད་ལགས་ནས་གསལ་འདེབས་གནང་བར་ཐུགས་རྗེ་ཆེ།
སྐབས་དེའི་གཞས་ཚིག་སོགས་སྙན་པོ་དེ་འདྲ་རྒན་རབས་པ་ཚོའི་ངག་ནས་གཽ་རྒྱུ་འདུག་ མ་ཟད་དེ་སྐབས་བོད་མི་རྣམས་ཀྱི་གནས་སྟངས་ཤིན་ཏུ་ནས་ཐབས་སྐྱོ་བ་ཞིག་ཡིན་རུང༌། དད་སེམས་དང་གཞུམ་པ་མེད་པའི་བློ་སྟོབས་ལ་དངོས་གནས་ཧ་ལས་དགོས་པ་ཞིག་རེད། མ་རེད་དམ། རིག་གསར་སྐོར་དེ་ཞི་བོ་བློ་བཟང་དར་རྒྱས་ལགས་ནས་བྲིས་གནང་བའི་༼མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ། དཔྱིད་ཉི་རིང་མོ་དྲོ་གསུམ་གྲང་གསུམ་༽ཞེས་པ་དེ་ན་གཞོན་ཚོས་བཀླག་ཐུབ་ན་ཡག་པོ་ཞིག་འདུག
གླུ་ཚིག་དེ་ནི་འདི་འདྲ་མིན་འགྲོ་བསམ།
ཤར་ཕྱོགས་་་་་་་
ཉི་མ་་་་་་་་་
ཀྲུང་གོ་ནས་འཁྲུངས་པའི་མོའོ་ཙེ་ཏུང་།
ཁོང་ནི་་་་་་་་་་ཡིན།
xxxxxxxxxxxxxxxx
སྐབས་དེ་དུས།
ཞིང་ལས་ཐད་ཏ་ཀྲེ་ལ་སློབ་སྦྱོང་བྱེད་དགོས།
བཟོ་ལས་ཐད་ཏ་ཆིན་ལ་སློབ་སྦྱོང་བྱེད་དགོས།
ཀུན་སྤྱོད་ཐད་ལེའེ་ཧྥིན་ལ་སློབ་སྦྱོང་བྱེད་དགོས།
ད་དུང་དཔའ་ངར་ཐད་ཏུང་ཚུན་རེའེ་ལ་སློབ་སྦྱོང་བྱེད་དགོས།
ལྷ་ལྕམ་སྐུ་ཕྱོགས་བཀྲ་ཤིས་བདེ་ལེགས།
བོད་པ་རང་ཉིད་ནས་རླུང་འཕྲིན་ནང་མི་ལོ ༥༠རིང་གི་རྩོམ་རིག་སྒྱུ་རྩལ་གླེང་བ་ཐོག་མ་ཆགས་ཀྱི་ཡོད་པས། འདི་ཤིན་ཏུ་གལ་ཆེན་ཞིག་རེད་ལ། འདིའི་ཐད་འབད་པ་ལྷུར་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་འདུན་ཡང་བྱུང་སོང་།
བོད་ཀྱི་གཏམ་དཔེར། ཡག་པོ་ལ་མཐའ་མེད་ཅེས་པ་ནང་བཞིན་བསམ་ཚུལ་རེ་འགའ་ཡང་ཞུས་ན་བསམ་སོང་། གལ་སྲིད་ང་རང་ཡིན་ན། མི་ལོ ༥༠ དུས་ཡུན་འདི་ལོ་རབས་ཀྱིས་དབྱེ་ནས་འཆད་པ་ལས་སྔར་བྱུང་མཉམ་བསྲེས་མི་བྱེད་། དཔེར་ན། ༡༩༥༠ནས ༡༩༥༩ དང་། ༡༩༦༠ནས ༡༩༦༥ ༡༩༦༦ནས ༡༩༧༦ ༡༩༧༧ནས ༡༩༨༩
༡༩༩༠ནས ༢༠༠༡ ༢༠༠༢ ནས་དེང་གི་བར། དུས་རིམ་རེ་རེ་ཡི་ཕྱི་ནང་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས། སྐབས་དེའི་བརྩམས་ཆོས་དབྱེ་ཞིབ། ཡིན་ནའང་། དཀའ་ངལ་མེད་པའང་མ་རེད། དཔེར་ན། བོད་ནང་ལ་མཚོན་ན། ༡༩༦༠ནས ༡༩༧༧བར་རྩོམ་པ་པོའི་བརྩམས་ཆོས་མཐོང་དཀོན་ནའང་། སྐབས་དེ་དག་ལ་མའོ་ཙེ་ཏུང་གི་གསུང་བཏུས། ཉིན་རེ་ཚགས་ཤོག ཆུ་ངོགས་གཏམ་རྒྱུད་སོགས་ཀྱི་བོད་འགྱུར་མ་ཐོན་ཡོད་པས། དེ་དག་དུས་རིམ་དེའི་མཚོན་དོན་ཡིན་པ་དང་ལོ་རྒྱུས་ཀྱང་ཡིན་པས། དོན་སྙིང་ལྡན་སྲིད་པ་ཞིག་རེད།
ལྕམ་སྐུ་ཞོགས་ནས་རང་གི་འགན་འཁྲིའི་ཞོར་ལ་རྩོམ་ཡིག་སྣ་མང་སྤེལ་ཏེ། བོད་ཁ་བ་ཅན་གྱི་རིག་གཞུང་སྤྱི་དང་། ལྷག་པར་རང་རེའི་ཆོས་དང་རིག་གཞུང་ཐད་གཏོར་བཅོམ་དང་། རྡུང་རྡེག ཅི་ཐེབས་དང་། དེ་བཞིན་དུ་འགྱུར་བ་ཅི་བྱུང་གི་དཔྱད་རྩོམ་ཡིན་པ་ལ། ལོ་རྒྱུས་ཀྱི་རིན་ཐང་ཡོད་ལ། ཆབ་སྲིད་ཀྱི་ནག་ཉེས་སུན་འབྱིན་པའི་རྩོམ་ཡིག་དག་ལ་སྙིང་ནས་ཡིད་རངས་ཡོད།
གོང་དུ་གནམ་ལོ་ཡག་གིས་བསམ་ཚུལ་བཤད་འདུག ཁོང་གིས་ཁྱོད་ཀྱི་ཨེ་རླུང་ཚང་གི་ཆུ་ཚོད་ལ་ཚད་བཀག་ཡོད་པ་ཤེས་ཀྱི་མ་རེད། ཆུ་ངོགས་གཏམ་རྒྱུད་སོགས། ར་རྫི་ལུག་རྫི་ནས་ཀློག་པ་ལྟར་ཆུ་ཚོད་འབད་མེད་ལྷུག་ལྷུག་ལ་བསམ་བློ་བཏང་བསྡད་ཡོད་པ་རེད། ཚད་བཀག་ཆུ་ཚོད་ནང་དུ་སྙིང་བསྡུས་བྱས་པར་ཡིད་རངས་ཡོད།
སྐུ་ཞབས་རྡོ་རྗེ་དབང་ཕྱུག་གིས་ན་ནིང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་བཙན་བྱོལ་ནང་གི་མི་ལོ་ལྔ་བཅུའི་རྩོམ་རིག་ལ་དཔྱད་རྩོམ་བྲིས་གནང་ཡོད་རབས་གོ་ཡང་རྩོམ་ཡིག་དེ་མཇལ་བའི་སྐལ་བ་མ་བྱུང་།
ཆུ་སྐྱེས་སྒྲོལ་མས་མི་ལོ་ལྡ་བཅུའི་བོད་རྩོམ་རིག་ལ་དཔྱད་བརྗོད་གནང་བ་སྔ་ཕྱི་གཉིས་ཀ་རླུང་འཕྲིན་ལས་གོ་མྱོང་ཡང་དེ་འདྲའི་འདོད་པ་ཁེངས་པ་ཞིག་མ་ཡོང་མོད། ཟླ་མེད་ཀྱིས་བཤད་པ་བཞིན་རླུང་འཕྲིན་དུས་ཚོད་ལ་ཚད་བཀག་ཡོད་པས་ལོས་ཡིན། ཡིག་ཐོག་ལ་ཕབས་པ་སྔ་ཕྱི་བཀླགས་ཟིན་ལ་ཐུགས་རྗེ་ཞུ་འདོད་བྱུང་། ད་དུང་མུ་མཐུད་ནས་དཔྱད་པ་འཐིལ་ཕྱིན་གནང་རོགས་ཞུ།
གཞན་གནམ་ལོ་ཡག་གིས་བཤད་པ་དེའང་གལ་ཆེའི་ནང་གི་དོན་ཆེད་ཞིག་སྟེ། ང་ཚོའི་བོད་མིའི་ཤེས་ལྡན་པ་མང་ཆེ་བས་བརྗོད་གཞི་གང་ཞིག་གི་སྐོར་ལ་དཔྱད་པ་གནང་སྐབས་མགོ་འཛུགས་དང་མཇུག་བསྡུ་ས་གཉིས་ནི་རང་གི་བརྗོད་གཞི་དང་ཁ་ཐག་ཧ་ཅང་རིང་བས་སྐྱོན་མང་དུ་འདུག་ལ། དེ་ལྟར་དཔྱད་པའི་འབྲས་བུར་གནད་དོན་གང་དེའི་སྐོར་བཤད་པའི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་ཐོན་མི་ཐུབ་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པས། དུས་ཚོད་དབྱེ་མཚམས་སོགས་ཀྱང་གལ་ཆེན་ཞིག་ལོས་ཡིན།
འདིར་ཕེབས་ལེགས་སྤེལ་ཉེས་ འགོག་གི་དགོངས་ཚུལ་གནང་མཁན་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གནམ་ལོ་ཡག་གིས་གསུངས་པ་བདེན་པ་རེད། གནད་འགག་རེད། ལམ་སྟོན་གནང་བ་ཐུགས་རྗེ་ཆེ། གཅན་བཟོད་རྒྱམ་ལགས། རྡོར་དབང་གི་རྩོམ་དེ་དཔྱད་རྩོམ་ཞིག་རེད། དེ་སྔ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བགྲོ་གླེང་སྐབས་གླེང་དཔྱད་བྱས་ སོང་བ་དེ་རེད། དེ་ཇེ་རྒྱས་སུ་བཏང་ནས་བོད་རིག་པའི་ཚོགས་འདུ་ནས་གླེང་བ་རེད། ད་ལྟ་དེ་ཞུ་བཅོས་ཆ་ཚང་ཟིན་ནས་བོན་སྒོ་དུས་དེབ་གསར་པའི་ནང་བཀོད་ཡོད་འདུག གཞན། ད་ལྟ་ངས་དྲ་ངོས་སུ་འགོད་བཞིན་ཡོད་པའི་རླུང་འཕྲིན་སྙན་སྒྲོན་གྱི་མ་ཟིན་འདི་དག་ནི། ༢༠༠༩ ལོའི་ལས་གཞིའི་གྲས་ཡིན་པས། ད་ལྟ་དེའི་སྟེང་ལ་ཁ་གསབ་མ་བྱས་པར་སྔ་མའི་མ་ཟིན་ཁོ་ན་རང་དྲ་ཐོག་ལ་འགོད་ཀྱི་ཡོད།