ཀུན་དགའ་དོན་འགྲུབ།
སྤྲིན་གྱི་ཡོལ་རས་སངས་བའི་ཀུན་གསལ་དབྱིངས་སུ།།
ཁྲ་ཚོམ་མེ་ལོང་གཤམས་པའི་སྐར་འོད་དབུས་སུ།།
ཟླ་བ་སྒེག་མོའི་འཛུམ་གྱི་ཟེགས་མ་མངོན་དུས།།
བུ་མོ་ཚེ་རིང་མཁའ་འགྲོའི་ཞལ་རས་དྲན་བྱུང་།།
མཚམས་སྤྲིན་མག་མོག་རྒྱུ་བའི་དགོང་ཀ་ཞིག་ལ།།
རླུང་བུ་ཐར་ཐོར་ལྡང་བའི་ས་སྲོད་ཞིག་ལ།།
མིག་ཟུང་ལྷེམ་ལྷེམ་འགུལ་ཏེ་སྙིང་གཏམ་གླེང་བའི།།
བུ་མོ་ཚེ་རིང་མཁའ་འགྲོའི་ལོ་ཟླ་དྲན་བྱུང་།།
དཔྱིད་ཀྱི་ནམ་ཟླ་རྒྱས་པའི་དུས་ཚིགས་ཤིག་ལ།།
རྐང་འཐུང་ལོ་འདབ་འཕྱང་བའི་དབྱར་གཞུང་ཞིག་ལ།།
དབྱར་ཆུ་ཟིམ་ཟིམ་འབབ་པའི་ཐིགས་ཆུའི་ཁྲོད་ཀྱི།།
བུ་མོ་ཚེ་རིང་མཁའ་འགྲོའི་སྙིང་གཏམ་དྲན་བྱུང་།།
ཟླ་བ་འོད་ཀྱིས་ཁེངས་བའི་མཚན་གཞུང་འདི་ལ།།
སྡོང་ལོས་ཟླ་འོད་གྱོན་པའི་གྲིབ་ངོགས་འདི་རུ།།
ལྷུང་ལྷུང་ཆུ་ཕྲན་སྔོན་མོའི་འབབ་སྒྲ་ཐོས་བས།།
བུ་མོ་ཚེ་རིང་མཁའ་འགྲོའི་དགོད་སྒྲ་དྲན་བྱུང་།།
དགུ་ཚིགས་འོད་ཀྱིས་བཀོད་པའི་ཞིང་ཁམས་དེ་རུ།།
ས་ཆེན་ཕུར་བུ་འགྱིང་བའི་དབུ་ལོའི་རྩེ་རུ།།
རི་དྭགས་གཟུགས་ཅན་ཉ་རྒྱས་དབང་པོ་མཐོང་དུས།།
བུ་མོ་ཚེ་རིང་མཁའ་འགྲོའི་མྱོས་བུམ་དྲན་བྱུང་།།
མིས་བཟོས་ལྷ་ཡུལ་ལྟ་བུའི་ལྡུམ་རྭའི་ནང་དུ།།
རང་བྱུང་ཤིང་ཏོག་མངར་མོའི་རོ་ལ་རོལ་བཞིན།།
དུང་དུང་མིག་འོད་གློག་གི་གར་སྟབས་རྩེན་པའི།།
བུ་མོ་ཚེ་རིང་མཁའ་འགྲོའི་མཆུ་སྒྲོས་དྲན་བྱུང་།།
བརྩེ་གཏམ་ཤབ་ཤུབ་ཞིག་གི་མགོ་རྔ་གླེང་དུས།།
དབྱིན་སྐད་ཐན་ཐུན་ཞིག་གི་གཞས་ཚིག་སྐྱོར་དུས།།
ངོ་གདོང་ངོ་ཚས་སྨིན་པའི་དམར་མདངས་གསེབ་ཀྱི།།
བུ་མོ་ཚེ་རིང་མཁའ་འགྲོའི་རང་གཤིས་དྲན་བྱུང་།།
ཐག་རིང་རྒྱལ་ཁམས་འགྲིམ་པའི་དགོང་མོ་དེ་རུ།།
སྟོང་སང་མཁའ་རུ་འཕུར་སའི་ཉེ་འགྲམ་དེ་རུ།།
མིག་ཆུ་ཐར་ཐོར་ཞིག་གི་སྐྱེལ་མ་བྱས་པས།།
བུ་མོ་ཚེ་རིང་མཁའ་འགྲོའི་མཛའ་བརྩེ་དྲན་བྱུང་།།
བྱ་ཚོགས་མལ་དུ་གཟིམ་པའི་ནམ་སྨད་འདི་རུ།།
ཟླ་བ་སྟོད་དུ་སླེབས་པའི་མཚན་གུང་འདི་རུ།།
ཚོར་ཤུགས་རླུང་གིས་བཀྱག་པའི་སེམས་ངོགས་འདི་རུ།།
བུ་མོ་ཚེ་རིང་མཁའ་འགྲོ་ལྷག་པར་དྲན་བྱུང་།།
ང་ཡང་ཚེ་རིང་ཆོས་སྒྲོན་ཞལ་རས་དང་། །
སྐྲ་ལོ་སྣུམ་ནག་ཁེབས་འོག་ནུ་བུམ་འབུར། །
རི་དྭགས་མིག་ཟུང་གཡས་གཡོན་ཟུར་མིག་དང་། །
མཆུ་སྒྲོས་དམར་པོ་གཡོ་བས་སྙིང་རྩ་འདར། །
ཟླ་བ་བལྟས་པས་སྙིང་གི་གྲོགས་མོ་དྲན། །
ཉི་མ་བལྟས་པས་རྩ་བའི་བླ་མ་དྲན། །
གངས་རི་བལྟས་པས་མ་མཐོང་བོད་ཡུལ་དྲན། །
ནམ་མཁའ་བལྟས་པས་སེམས་ཀྱི་ཆོས་ཉིད་དྲན། །
ཐག་རིང་ཡུལ་དུ་འཁྱམས་པའི་བུ་ཆུང་ང་ལ།
བརྩེ་བའི་མཆུ་སྒྲོས་སྦྱོར་སའི་མཛའ་གྲོགས་མེད་ཀྱང་།
སྙིང་གཏམ་གདམས་ངག་གནང་མཁན་བླ་མ་དེ་ཉིད།
ས་ཕྱོགས་གང་དུ་བཞུགས་ཀྱང་བཙལ་སྙིང་འདོད་ཀི
གཅིག་པུར་ཁེར་རྐྱང་ལུས་པའི་ཕོ་ཧྲེང་ང་ལ།
ཤ་དྲོད་མཉམ་དུ་སྦྱར་སའི་མཛེས་མ་མེད་ཀྱང་།
གདམས་ངག་བདུད་རྩི་འཐུང་བའི་ཆོས་གྲོགས་དེ་ཉིད།
མ་འཕྲད་ཡུན་རིང་སོང་བས་སྙིང་ལ་གཟན་ཀི
རྒྱ་གྲོག་ཚང་ལ་བལྟས་འདྲའི་གྲོང་ཁྱེར་དབུས་ནས།
སུམ་ཐོག་ཅན་གྱི་ཁང་པ་ང་ལ་མེད་ཀྱང་།
བཅུ་ཕྲག་རིག་པས་ཕྱུགས་པའི་ཕ་དགོན་དེ་ཉིད།
མི་འདོད་འབྲལ་དགོས་བྱུང་བ་སེམས་པ་སྐྱོ་ཀི
གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་རྒྱ་གྲོང་དཀྱིལ་དུ།
ཤུབ་ཤུབ་སྙིང་གཏམ་བཤད་སའི་གྲོགས་པོ་མེད་ཀྱང་།
ན་མཉམ་སྐྱིད་སྡུག་ཐེག་པའི་བསླུ་མེད་མནའ་གྲོགས།
སེམས་ལ་དཀའ་ངལ་འཕྲད་དུས་ཡོད་ན་བསམ་ཀི།