བོད། ལྷ་ཀླུ་གཉན་གསུམ།
མཚམས་རེར་དྲན་པའི་འགོ་སྔ་བཤད་མི་ཤེས།།
སྐྱོ་བའི་རི་མོ་པུར་རྩེ་གང་དུ་མེད།།
འདི་ཕྱིའི་བར་གྱི་འདང་བརྩེ་ཟབ་མོ་ནི།།
ནམ་ཡང་བརྗེད་དུ་མེད་པར་ཁྱེད་ལ་སྤྲིངས།།
གནམ་དང་སྤྲིན་པའི་བར་ནས་ཁྱེད་ལ་བོས།།
ས་དང་རྩི་ཤིང་ཁྲོད་ནས་ཁྱེད་ལ་བལྟས།།
གླུ་དང་རོལ་དབྱངས་གསེང་ནས་ཁྱེད་ལ་ཉན།།
ལྷིང་འཇག་སྐར་ཚོགས་ཤིག་གི་འདར་ཞིག་བསླེངས།།
མི་སེམས་ཤ་ཡི་གྲུབ་པ་བདེན་དུ་འཆི།།
ཤ་འདི་སྙི་ཞིང་སྲ་བའི་བར་རོལ་ན།།
གཅིག་ལ་སྙི་ཞིང་གཅིག་ལ་་སྲ་བ་འདིས།།
མི་སེམས་ཁྲིམས་ལ་བཅུགས་པའི་གནད་འདི་བྱུང་།།
རི་བོ་སྟོང་ཕྲག་མང་བོའི་ཕར་ཚུར་དུ།།
སྐད་ཆ་ཡག་ཉེས་ཁྲི་ཡི་འཇིག་རྟེན་ནས།།
དཀྲོགས་གཏམ་རླུང་ཁར་འཁུར་བའི་སྔ་གཞུག་ན།།
གཅིག་གི་དྲན་པ་བཟི་ནས་ཡོད་འདི་སྡུག།
སེམས་དང་བསམ་པའི་སྐད་ཆ་མང་བོ་ཞིག།
ཁྱེད་ཀྱི་བྲང་ཁར་ལག་པ་འཇོག་ཞོར་དུ།།
ཡུན་རིང་སྤས་པའི་སེམས་ཀྱི་སྡུག་བསྔལ་དག།
ཞིབ་མོར་ཐེངས་ཤིག་བཤད་ཉིན་འགྲུབ་པ་ཡིན།།
ཚེ་ཡི་རྒྱུན་ཐག་རྟ་སྔ་འདྲ་བོ་འདི།།
འཆི་བདག་སྤུ་གྲིའི་ནམ་གཅོད་སུ་ཡིས་ཤེས།།
སྐྱེ་མཐར་འཆི་བ་འགྱོད་པ་གཏན་མེད་ཀྱང་།།
ཐེངས་ཤིག་མ་འཕྲད་ཤི་དུས་ཅུང་རེ་འགྱོད།།
སྤྱིར་ན་འགོ་ནག་གཞན་ལྟར་ཧམ་སེམས་མེད།།
ཞེན་ཆགས་ལྕི་མོས་ཀུན་ལ་རྔམ་འདོད་མེད།།
སྙིང་གི་བཞག་པའི་སྐད་ཆ་དྲོན་མོ་དག།
བཤད་སར་མ་འཕྲོད་བཏང་ན་ཞེན་རེ་འདུག།
མཇལ་མ་མྱོང་སེམས་ཐག་རིང་མིན་དུ་གནས་པའི། །
བོད་ལྷ་ཀླུ་གཉེན་གསུམ་མིང་ཅན་གྱི་སྤུན་གྲོགས། །
རྣ་རྩམ་དགའི་ཕྱོགས་སུ་ཐེངས་གཅིག་རང་བཏོན་དང་། །
སེམས་བསམ་པའི་བར་ནས་ཚིག་གསུམ་རེ་གླེང་ཆོག །
ཕྱིའི་འབྱུང་བཞིས་ན་ཡང་བཅོས་ཐབས་ཤིག་ཡོད་མོད། །
ནང་སེམས་པ་རྨས་དུས་བྱ་ཐབས་རང་དཀའ་བར། །
སྤྱིར་འཇིག་རྟེན་འཁོར་བའི་ཆོས་ཉིད་དུ་གྲུབ་པས། །
སེམས་སྡུག་ལ་མ་བཏོན་ལྷོད་ལྷོད་དུ་ཞུགས་རོགས། །
སེམས་བརྩེ་བ་ཤོར་སའི་ན་ཆུང་གི་བུ་མོ། །
གངས་དཀར་བོའི་གཡས་གཡོན་གང་ཞིག་ན་བཞུགས་ཀྱང་། །
ལ་སེམས་ཤུགས་མ་ཆགས་དུང་དུང་གིས་བོས་དང་། །
ནམ་ཉིན་མ་ཞིག་ལ་རེ་བ་འདི་འགྲུབ་ཡོང་། །
དགོང་ཨ་སྔོན་སྦྲིན་པའི་བང་རིམ་ན་འཛུམ་པའི། །
དུང་དཀར་བོར་འདྲ་བའི་ཟླ་གཞོན་ལ་བལྟ་བཞིན། །
སེམས་སྐྱིད་སྐྱིད་འདྲ་བའི་གླུ་ཆུང་རེ་ལོངས་དང་། །
སེམས་དྲན་གདུང་རེ་ཞིག་མེད་མེད་དུ་བུད་འགྲོ། །
ལྕང་ལོ་མའི་ཕར་གི་བྱིའུ་ཆུང་གི་གྲེ་འགྱུར། །
སྙིང་བརྩེ་བ་ཤོར་སའི་རང་རང་གི་བུ་མོའི། །
ལྷད་མེད་པའི་སེམས་ཀྱི་མཛའ་གླུ་ལ་སྒོམས་དང་། །
ཡིད་དྲན་པའི་སྐྱོ་བ་རེ་ཞིག་ལ་སངས་འགྲོ། །
སྦྲིན་དཀར་བོའི་འོག་ན་མྱུར་མྱུར་དུ་འཕུར་བའི། །
བྱ་གོག་མོར་སེམས་ཀྱི་མཛའ་འཕྲིན་རེ་བསྐུར་དང་། །
དུས་ཐུང་ཐུང་ཞིག་ལ་མཛའ་མོ་དེར་འབྱོར་ནས། །
ཚུར་བརྩེ་འཕྲིན་ལག་པར་ཁ་བ་བཞིན་བབས་ཡོང་། །
དེ་མིན་ན་ཁ་པར་རྟག་པ་རུ་ཐོངས་དང་། །
ནམ་ཞིག་ལ་བློ་ཁ་ཁྱོད་ཕྱོགས་སུ་འཁོར་ནས། །
ཁྱིམ་གཅིག་ལ་འདུག་པའི་སྙིང་ཁུང་གི་དམ་བཅའ། །
འཇོག་སྲིད་པའི་དུས་ཤིག་ཡོང་བ་ལ་སྒུགས་ཤིག །