མདོ་འདུམ།
རང་མེད་གཞན་གཡར་གྱི་ངར་རྒྱལ་མཐོ་བ།།
ཉམས་ཆུང་ནུས་མེད་ཚོའི་གཤིས་སུ་འཇགས་ན།།
དབུ་འཕང་མཐོ་དམན་གྱི་སྣང་ཚུལ་ངོ་མར།།
ང་རྒྱལ་ཕྲག་དོག་གི་འགྲན་སེམས་ལོས་ཡོད།།
ཚེ་འདིའི་རྟོག་བཏགས་ཀྱི་འཁྲུལ་སྣང་སྒྱུ་མར།།
སེམས་པ་གང་མང་གིས་ཡིད་རྟོན་བྱས་ན།།
མི་ཚེའི་རིན་ཐང་གི་མཛེས་དཔྱོད་ལྟ་བར།།
ང་རྒྱལ་ཕྲག་དོག་གི་འདུ་འཛི་ལོས་ཡོད།།
འཁོར་བའི་ཕུན་ཚོགས་ཀྱི་སྐྱིད་སྡུག་འདྲེས་མར།།
ཆ་སྙོམས་དྲང་གནས་ཀྱིི་ལོངས་སྤྱོད་མེད་ན།།
སྐྱིད་སྡུག་སྨྲེ་ངག་གི་དབྱངས་རྟའི་ནང་ལ།།
ང་རྒྱལ་ཕྲག་དོག་གི་སེམས་གཞས་ལོས་ཡོད།།
བདེ་མོའི་མལ་ནང་གི་མི་རྟག་རྨི་ལམ།།
དཀར་ནག་དབྱེ་མེད་ཀྱི་དཔལ་དུ་འཁྲུངས་ན།།
དུས་མིན་མཛད་སྤྱོད་ཀྱི་རང་གཤིས་ངོ་མར།།
ང་རྒྱལ་ཕྲག་དོག་གིཀླན་ཀ་ལོས་ཡོད།།
དུས་ཀྱི་སྟངས་སྟབས་འདི་མཐོ་རྒྱག་མདའ་རྒྱག །
ཆར་རླུང་ཤུགས་དྲག་གིས་བདས་པ་བྱུང་ན།།
གཞན་ཕན་ལྷག་བསམ་གྱི་སེམས་པ་གཙང་མར།
། ང་རྒྱལ་ཕྲག་དོག་གི་འཁང་ར་ལོས་ཡོད།།
བདེན་རྫུན་དབྱེ་མེད་ཀྱི་ཁུགས་སོའི་ངོགས་ལ།།
ཕྱོགས་རིས་འགལ་འབྲེལ་གྱི་རྩ་དོན་སྤུང་ན།།
ཐེ་ཚོམ་འཆིང་ཐག་གི་སེམས་པའི་ནང་ལ།།
ང་རྒྱལ་ཕྲག་དོག་གི་ལེ་བདའ་ལོས་ཡོད།།
བྱེ་ཕུང་བསམ་གཞིགས་ཀྱི་ཁ་སྟབས་གང་ལ།།
རྟིང་གནོན་གཞུང་ལུགས་ཀྱི་རྒྱབ་དཔུང་མེད་ན།།
རིན་ཆེན་གསེར་དངུལ་གྱི་ཕོ་བྲང་བཞེངས་བར།།
ང་རྒྱལ་ཕྲག་དོག་གི་མིག་ཆུ་ལོས་ཡོད།།
རང་གཞན་ཁེ་གྱོང་གི་རྒྱ་མའི་ནང་ལ།།
རྒྱུ་འབྲས་རྣམ་བཞག་གི་ཚུལ་འཆོས་འདྲེས་ན།།
འཇིག་རྟེན་ལུགས་མཐུན་གྱི་འཚོ་བ་རོལ་བར།།
ང་རྒྱལ་ཕྲག་དོག་གི་ཨ་སྐྱོ་ལོས་ཡོད།།
མི་མངོན་བསྡུས་གཟུགས་ཀྱི་གསང་བ་མཚར་པོ།།
ཁུངས་མེད་ལུངས་མེད་ཀྱི་གསལ་བཤད་དགོས་ན།།
ཤེས་འཇོན་ནུས་མེད་ཀྱི་སོ་སྐྱེས་ཕལ་བར།།
ང་རྒྱལ་ཕྲག་དོག་གི་སེམས་འཛིན་ལོས་ཡོད།།
ཕྱི་ནང་དབྱེ་མེད་ཀྱི་མདུང་མོའི་རྩེ་མོ།།
ཤ་ཁྲག་གདོས་བཅས་ཀྱི་ཁད་དུ་གཏད་ན།།
བསྐལ་པ་མཐའ་གཏུགས་ཀྱི་ངེས་ཤེས་འདྲོངས་བར།།
ང་རྒྱལ་ཕྲག་དོག་གི་ཡིད་ཆད་ལོས་ཡོད།།
ལོ་ཟླའི་ཁ་དབུགས་ཀྱི་གཙང་བཙོག་འདྲེས་མ།།
ཉི་ཟླ་སྐར་གསུམ་གྱི་གཤེད་དུ་བབས་ན།།
གོ་ལར་འཚོ་སྡོད་ཀྱི་འགྲོ་བའི་སེམས་སུ།།
ང་རྒྱལ་ཕྲག་དོག་གི་བསམ་ཚུལ་ལོས་ཡོད།།
གཟུགས་མེད་དུག་རླངས་དེ་ཁོག་ཏུ་ཁྱབ་པར།།
གསོ་བྱེད་གཞོན་ནུ་ལ་བཅོས་ཐབས་མེད་ན།།
འཆི་བའི་འཇིགས་སྐྲག་ལ་དངངས་འཚབ་རྒྱག་པར།།
ང་རྒྱལ་ཕྲག་དོག་རྣམ་འགྱུར་སེམས་ལོས་ཡོད།།
ལྟེ་ཕྲག་ཕྲ་བོ་དེ་མཉམ་དུ་བཅད་ཅིང།།
བྱིས་ཆུང་རྩེད་འཇོ་ལ་མཉམ་དུ་རོལ་བའི།།
གྲོགས་ཀྱི་དྭངས་མ་དེ་སྔོན་དུ་བཞུད་པར།།
ང་རྒྱལ་ཕྲག་དོག་གི་མིག་ཞགས་ལོས་ཡོད།།
ཤེས་མེད་་ནུས་མེད་ཀྱི་བསམ་ཚུལ་གང་དེ།།
སྣང་བ་སྣང་མེད་ཀྱིས་མ་བཅོམ་བཞག་ན།།
བདེན་ལུགས་བདེན་སྐྱོང་གི་རང་ཚུགས་མེད་པར།།
ང་རྒྱལ་ཕྲག་དོག་གི་བློ་ཕམ་ལོས་ཡོད།།
དབྱངས་གསལ་སོ་གཞི་ཡི་མཛེས་སྡུག་ཁྲོད་ནས།།
དབྱངས་རྟ་སྙན་མོ་ཞིག་ངག་ཏུ་བྱང་རུང།།
སྐད་ཡིག་གཞན་ཞིག་གི་བཙན་འཛུལ་ཐེབས་པར།།
ང་རྒྱལ་ཕྲག་དོག་གི་སེམས་གཞས་ལོས་ཡོད།།
རིགས་འདིའི་ལས་དབང་འདི་གར་འཁྲིད་འདིར་འཁྲིད།།
ངེས་པ་དོན་ལྡན་གྱི་གཞི་རྟེན་མེད་ན།།
ལས་འདི་བཟློག་ཐབས་ལ་ཁ་ཕོ་མཛད་པར།།
ང་རྒྱལ་ཕྲག་དོག་གི་འགྲན་སེམས་ལོས་ཡོད།།
སེམས་ཀྱི་གསང་བ།
(ཁག་དང་པོ)
ལས་བསོད་དབང་ཐང་གི་ཞར་ལ།།
བསྐལ་བའི་ཐོབ་བྱ་ཞིག་སྦྱར་ཡོད།།
ཕྱི་མའི་བདེ་སྐྱིད་ཀྱི་འཚོ་བར།།
སེམས་པས་རིམ་གྲོ་ཞིག་བྱས་ཡོད།།
གཅེས་གཅེས་དུང་དུང་གི་འབོད་པ།།
ཆུང་ནས་མ་གོ་བ་བདེན་ཡང།།
གཉེན་ཉེའི་འབོད་ཚིག་གི་དྭངས་མ།།
ཁྱེད་ཀྱི་ངག་སྒོ་ལ་ཕུལ་ཡོད།།
ངག་གི་དབང་ཤེས་དེ་ཉམས་པ།།
རྩ་ནས་གསོ་ཐབས་ཤིག་མེད་ཀྱང།།
དུང་སེམས་འོ་ཆུ་ཡི་རྒྱུན་ཐག །
ཁྱེད་ཀྱི་ཁྲག་རྒྱུན་དང་འདྲེས་ཡོད།།
ལྷད་མེད་དུང་སེམས་ཀྱི་ངོས་སུ།།
ཚོར་བའི་འཇིག་རྟེན་ཞིག་བསྐྲུན་ཡོད།།
འཆར་སྣང་འོད་ཀོར་དུ་འདྲེས་པ།།
མིག་གི་ལོངས་སྤྱོད་དུ་གྱུར་ཡོད།།
བསམ་པ་འདོད་འབྱུང་གི་འཁྲུལ་སྣང།།
ངག་གི་སྒོ་ཐེམ་དུ་འཚང་ཡོད།།
ཕྱི་རོལ་མི་རྟག་པའི་གཤིས་ཀྱི།།
ཐོས་པའི་ཤེས་པ་དེ་འགག་ཡོད།།
སྐྱེ་གཟུགས་ལང་ཚོ་ཡི་དགྲ་ལ།།
ངག་ལྐུགས་ནད་ངན་གྱིས་གཙེས་པས།།
འཇིག་རྟེན་སྐྱིད་སྣང་གི་འཚོ་བར།།
བདེ་དགའི་དཔལ་ཡོན་ཞིག་མེད་སོང།།།
ཁྲེལ་གཞུང་ཕྱི་ཐག་གི་སེམས་པས།།
འཇིག་རྟེན་འདུ་འགོད་ལ་སྨོན་ཡང།།
སྣང་ཚུལ་ཕྱི་ནང་གི་གསང་བས།།
ཡིད་སེམས་བློང་བློང་དུ་བཏང་ངམ།།
དུང་སེམས་མིག་ཞགས་ཀྱི་ཨ་ལོང་།།
འཚོ་བའི་བདེ་སྡུག་ལ་སྨོན་ཡང་།།
སེམས་ཀྱི་གསང་བ་ཡིས་མ་གཏོགས།།
དེ་ལ་རྒྱུས་མངའ་ཞིག་ཨེ་ཡོད།།
ལྐོག་གྱུར་ཆོས་ཉིད་དེས་རྐྱེན་པས།།
འཇིག་རྟེན་མཚར་སྣང་གི་རི་མོ།།
བསྐལ་པའི་འདུས་བྱས་ལ་སྒྲིལ་བར།།
སེམས་ཀྱིས་བཟོད་བསྲན་ཞིག་བྱས་ཡོད།།
བྱ་བའི་གོ་རིམ་གྱི་གནས་ལ།།
ཚོད་ཀྱི་སྟ་གོན་ནི་མ་བྱས།།
མང་མང་ཡིད་སེམས་ཀྱི་ངོས་སུ།།
སྡུག་གི་རི་མོ་དེ་དཔར།།
སྐྱོ་དགའི་ལབ་གླེང་གི་སྣེ་ལ།།
འཇུག་པའི་བསྐལ་པ་དེ་མེད་ཀྱང།།
བསམ་པའི་མཚོ་ཆེན་གྱི་ཀློང་ལ།།
འདོད་པའི་ཆུ་གཉེར་ཞིག་བཞེངས་ཡོད།།
དུས་བཞིའི་འགྱུར་འགྲོས་ཀྱི་སྣེ་ན།།
དཀའ་ལས་དཀའ་ཚེགས་ཀྱི་བྱུང་བ།།
ཉིན་མཚན་དབྱེ་མེད་ཀྱི་རེས་ན།།
ཞེ་ཐག་ཞེ་བསམ་གྱི་ཁུར་པོ།།
ཚེ་འདིའི་བདེ་སྐྱིད་ཀྱི་འཚོ་བར།།
ཁྱེད་ཀྱི་ལང་ཚོ་དེ་ཕུལ་བ།།
ཕྱི་མའི་ལྐོག་གྱུར་གྱི་ཞིང་ལ།།
བསོད་ནམས་གསོག་པ་རང་ཡིན་ཤག།
ཆུང་ཆུང་སྤར་མོ་ཡིས་ཁེབས་དུས།།
ཐུགས་བརྩེས་ཉེར་བཟུང་གི་རྒྱུན་ཐག །
ད་དུང་མ་བྱས་ཤིག་ཡོད་པར།།
སེམས་པ་དགའ་སྣང་གིས་ཁེངས་ཡོད།།
བསམ་པའི་དཔལ་ཡོན་གྱི་གཤིན་སར།།
དུག་ཆུའི་ཡུར་བ་དེ་མ་དྲངས།།
སེམས་བཟང་དགེ་དཀར་གྱི་ལས་ལ།།
དགེ་བརྒྱའི་བདག་ཉིད་ཅིག་ཡིན་སོང་།།
འཇིག་རྟེན་དཀར་ངོགས་ཀྱི་ངོས་ལ།།
ཐོབ་ཀྱི་འཁྲུལ་སྣང་དེ་མ་སྐྱེས།།
མི་མངོན་འཆིང་ཐག་གི་སྣེ་ལ།།
ཕྱག་ཟུང་རྐྱང་པ་རང་མ་གནང་།།
ཐོས་འཛིན་དབང་ཤེས་ཀྱི་སྣེ་ལ།།
སྣང་མེད་གོ་མེད་ཅིག་བྱས་ཡོད།།
སྨྲ་བསམ་བརྗོད་འདས་ཀྱི་སྣེ་ལ།།
དབང་མེད་ཤེས་ཚད་ཅིག་བྱས་ཡོད།།
ངན་དམོད་ཚིག་རྩུབ་ཀྱི་མདའ་མོ།།
སྙིང་ཁར་ཕོག་པ་རང་མ་བྱས།།
རྣམ་འགྱུར་ངན་རབས་ཀྱི་སྤྱོད་པས།།
སྙིང་གི་ཁྲག་ཕུང་དེ་མ་གཏོར།།
ཕྱི་ཡི་ཚུལ་ལུགས་ཀྱི་གཤིས་ལ།།
ངན་པའི་ལྷན་རྩེག་གིས་མ་བརྒྱན།།
ནང་གི་སེམས་ཁམས་ཀྱི་ངོས་ལ།།
ངན་པའི་ལྕགས་ཤན་ནི་མ་བྱས།།
བཟང་གསུམ་ཡོན་ཏན་གྱི་མཆོག་ལ།།
གོ་ཐོས་མཐོང་རྒྱ་ཞིག་བྱས་ཡོད།།
ཁ་ཡོད་ལག་ཡོད་ཀྱི་བྱ་བར།།
སེམས་ཀྱིས་ཞིབ་ཚགས་ཤིག་བྱས་ཡོད།།
གཉེན་ཉེའི་དུང་སེམས་ཀྱི་ཁྱོན་ལ།།
བརྩེ་འདང་ཟབ་མོ་ཞིག་བཞག་ཡོད།།
ཕྱི་ནང་ཉེ་འཁོར་གྱི་མི་ལ།།
ཞེ་བཟང་མཐོང་སྣང་ཞིག་བཞག་ཡོད།།
བརྒྱ་ལོའི་ཕྱེད་ཀ་ཡི་རིང་ལ།།
ཐོས་པའི་ཤེས་པ་དེ་མེད་པར།།
བསོད་ནམས་རིན་ཆེན་གྱི་ས་བོན།།
འབད་པ་ལྷུར་ལེན་གྱིས་བསགས་ཡོད།།