ཤར་ཕྱོགས་ཁུག་རྟ
གནམ་གང་གི་དགུང་མོར་
ལོ་རྟག་པར་ཁྱེད་ལ་འདི་ལྟར་ཁ་པར་བཏང་བ་ཡིན
ཉི་མ་འགྲོ་གྱིན་འགྲོ་གྱིན ཟླ་བ་སོང་གི་སོང་གི
ལོ་ཡི་ཐོག་ལ་ལོ་བསྣན་ཡོང་དུས
ཨ་མ་ཁྱེད་ཀྱི་ན་ནིང་གནམ་གང་དགུང་མོའི་བཀའ་མོལ་དེ་འདྲ
དོ་དགོང་མིད་པས་ཕྲེང་ནས་འགག་སྟེ
ཅི་ཞིག་གསུང་འདོད་ཀྱིས་ ཞལ་ནས་སྐད་ཆ་མི་ཐོན་པའི་སྒྲ་དེས
ངའི་རྣ་ཁུངས་ཀྱི་འཁྱག་པ་རྣམས་ཞི་བར་བྱས་སོང
སྒྲ་དེ་ཅི་འདྲིའི་གསལ་བོ་ཡིན་ནའང
ཨ་མ་ལགས་ཁྱེད་ཀྱི་ཞལ་ནས་ཚིག་གཅིག་མ་ཐོས་པར
གནམ་གང་གི་ཁ་པར་དེ་ལྟར་སྒོ་རྒྱག་དགོས་བྱུང་སོང
ཨ་མ་ལགས ཁ་པར་བཞག་ནས་ཡུད་ཙམ་སོང་རྗེས
ངའི་གནའ་གནའ་ཞིག་ལ
ཁྱེད་ཀྱིས་ང་ལ་གནམ་གང་དགུང་མོར་བསྐོན་པའི་ལྭ་དང
ལྷམ ད་དུང་ཤོག་སྦགས་སོགས་དྲན་ལམ་དུ་འཁོར་བྱུང
ཨ་མ་ལགས དོ་དགོང་འདི་ན་ཆུང་མའང་མེད་པས
ང་ཡར་འགྲོ་མར་འགྲོ་ཅི་ཙམ་བྱས་ཀྱང
ཁྱེད་ཀྱིས་གནམ་གང་དགུང་མོར་ང་ལ་གནང་བ་དག་ལྷང་ལྷང་དྲན་གི
ཨ་མ་ལགས ཁ་ཡར་མར་ཀུན་ལ་འཁོར་ནས་སེམས་པ་གཡེང་ཐབས་བྱས་ཀྱང
ཐབ་གསང་དང་གསང་སྤྱོད ཐོག་བརྩེགས་སོགས་སུ་ཅི་ཙམ་སོང་ཡང
ཨ་མ་ལགས། ངས་དངོས་གནས་གནམ་གང་གི་དགུང་མོར་ཁྱེད་རང་དྲན་གི
ཨ་མའི་ནན་ཏན་གྱི་བསླབ་བྱ་དྲན་གི
སང་ཞོགས་སྔ་བོར་ལངས་ཏེ་གསང་ཕུད་ཚུལ
ཕྱག་འཚལ་ཏེ་མཆོད་པ་འབུལ་རིམ ལོ་གསར་བའི་སྐད་ཆ་ཐོག་མ་བཤད་སྟངས
གདོང་ལ་འཛུམ་མདངས་བཏོད་ཚུལ
ལོ་གསར་བསྐྱལ་སྟངས་སོགས་ངས་ད་དུང་ལྷང་ངེར་དྲན་གི
ཨ་མ་ལགས ངས་ཆུ་ཚོད་བཅུ་གཉིས་ཐོག
འོ་ཇ་ཕོར་བ་གང་བསྐོལ་ནས
ཁྱེད་ཀྱི་ཕྱོགས་སུ་མཆོད་ཡོད
ཨ་མ་ལགས དོ་ནུབ་ངས་དངོས་གནས་ཁྱེད་རང་དྲན་གི་འདུག
༢༠༡༡། ༢། ༢། དགུང་མོ་ཆུ་ཚོད་༢༢དང་སྐར༢༢སྟེང་རྫོགས།
ད་སྐབས་ཚང་མས་ཨ མ་དྲན་པའི་དུས་ཚོད་རེད་
http://www.youtube.com/watch?feature=related&v=-MlAdXlXyck&gl=IT
ང་ཡང་ཨ་མ་དྲན་བགྱིད་འདུག །
ཨ་མ་དྲན་བགྱིན་དྲན་བགྱིན་སྒང་། །
མིག་ནས་མིག་ཆུ་འཁོར་བགྱིན་འདུག །
ཕྲེང་བགྱིན་སྨོན་ལམ་འདེབས་བགྱིན་ཡོད། །
ཨ་མའི་དྲིན་ལན་འཁོར་བར་ཤོག །
ཁྱིམ་ཚང་ཞིག་ལ་དཔེ་བླངས་ན་ནང་གི་ནོར་བུ་ཟེར་ནའི་འདྲ། ཕྱི་ཡི་ལྕགས་རི་ཟེར་ནའི་འདྲ།་ཨ་མ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་ན་སྐྱེ་ཕོ་མོ་རྒན་གཞོན་སུ་འདྲ་ཡིན་རུང་ཨ་མ་ལོས་དྲན།་ ཚང་མར་དྲན་བསྐུལ་བཏང་གནང་བར་ཐུགས་རྗེ་ཆེ།
དྲན་བྱུང་་དྲན་བྱུང་ཨ་མའི་ཞལ་རས་དེ་དྲན་བྱུང་།།
འཛུམ་མདངས་མེ་ཏོག་བཞད་པའི་ཞལ་རས་དེ་དྲན་བྱུང་།།
བརྩེ་སེམས་འཇའ་རིས་འཁྱིལ་བའི་ཞལ་རས་དེ་དྲན་བྱུང་།།
ཡུན་རིང་མིག་ལ་གོམས་པའི་ཞལ་རས་དེ་དྲན་བྱུང་།།
ལུས་ལ་ན་ཚ་མེད་པར་ཨ་མ་ཁྱེད་བདེའམ།།
སེམས་ལ་སྐྱོ་ངལ་མེད་པར་ཨ་མ་ཁྱེད་བདེའམ།།
འཚོ་བར་དཀའ་སྡུག་མེད་པར་ཨ་མ་ཁྱེད་བདེའམ།།
སྔར་བཞིན་ཕྱག་སྐོར་བྱེད་བཞིན་ཨ་མ་ཁྱེད་བདེའམ།།
བཙན་པོས་གཉའ་གནོན་མེད་པས་བུ་ཆུང་ང་བདེ་ཡོད།།
འགྲམ་ན་ཕྲག་དོག་མེད་པས་བུ་ཆུང་ང་སྐྱིད་འདུག།
རང་དབང་ཐོབ་ཐང་ཆེ་བའི་རྒྱལ་ཁམས་ཀྱི་ཕྱོགས་ནས།།
ཡུམ་ཆེན་ཁྱེད་ཉིད་དྲན་པའི་སྙན་ཚིག་འདི་ཕུལ་ཡོད།།
ལེགས་བཅོས།
དྲན་བྱུང་་དྲན་བྱུང་ཨ་མའི་ཞལ་རས་དེ་དྲན་བྱུང་།།
འཛུམ་མདངས་མེ་ཏོག་བཞད་པའི་ཞལ་རས་དེ་དྲན་བྱུང་།།
བརྩེ་སེམས་འཇའ་རིས་འཁྱིལ་བའི་ཞལ་རས་དེ་དྲན་བྱུང་།།
ཡུན་རིང་མིག་ལ་གོམས་པའི་ཞལ་རས་དེ་དྲན་བྱུང་།།
ལུས་ལ་ན་ཚ་མེད་པར་ཨ་མ་ཁྱེད་བདེའམ།།
སེམས་ལ་སྐྱོ་ངལ་མེད་པར་ཨ་མ་ཁྱེད་བདེའམ།།
འཚོ་བར་དཀའ་སྡུག་མེད་པར་ཨ་མ་ཁྱེད་བདེའམ།།
སྔར་བཞིན་ཕྱག་སྐོར་བྱེད་བཞིན་ཨ་མ་ཁྱེད་བདེའམ།།
བཙན་པོས་ཐོག་ལྕགས་མེད་པའི་རྒྱལ་ཁབ་འདི་བདེ་གི།
ཕྲག་དོག་ཚེར་མ་ཉུང་བའི་ས་ཆ་འདི་སྐྱིད་སྐྱིད་ཀི།
རང་དབང་ཐོབ་ཐང་ཆེ་བའི་རྒྱལ་ཁམས་ཀྱི་ཕྱོགས་ནས།།
ཡུམ་ཆེན་དྲན་པའི་སྙན་ཚིག་མེ་ཏོག་འདི་བཞེས་རོགས།།
འདང་ཅན་མ་ལོ་དྲན་དུས་འཁྱག་སྣང་སྐྱེས།།
དུང་མདོག་སྐྲ་ལོ་མཐོང་དུས་འདར་སྣང་སྐྱེས།།
སྒུར་བའི་སྐྱེས་གཟུགས་རིག་དུས་འགྱོད་སྣང་སྐྱེས།།
བས་མཐར་གཅེར་བུར་ལྷུང་དུས་སྡུག་སྣང་གིས།།
བྱམས་པའི་ཡུམ་ཆེན་ལྷག་ཏུ་སེམས་ནས་དྲན།།
ཤར་ཕྱོགས་ཁུག་རྟ་ཡིས་རྩོམ་ཡིག་མང་པོ་སྤེལ་རོགས།
མུ་མཐུད་ནས་མུ་མཐུད་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ལོ་ཡི་ཕྲེང་བ་བསྟར་ལ་འགྲིགས་པས་ཡུམ་ཁྱེད་སྐུ་གཟུགས་གུད་དུ་ཕྱིན།
རྒྱ་དམར་ཇག་པའི་གདུག་རྩུབ་དེ་ཡིས་ཁོ་བོ་ས་མཐའི་ཡུལ་ལ་བསྐྱལ།
མི་ལོ་ཉི་ཤུའི་བགྲོད་ལམ་རིང་པོར་ཁྱོད་ཞལ་མཇལ་བའི་སྐལ་བ་བྲལ།
དབུ་སྐྲ་དཀར་བའི་སྐུ་པར་མཇལ་དུས་ང་ཡི་སྙིང་ལ་ན་ཟུག་ལངས།
མི་ཡི་མེ་ཚེར་སྐྱིད་སྡུག་དར་གུད་དལ་འགྲོ་རྒྱུན་བཞིན་འགྲོ་མུས་ཀྱང་།
ཨ་མ་བྲལ་བའི་སྡུག་མངལ་དེ་ནི་བཅོས་ཐབས་བྲལ་བའི་སེམས་ནད་ཅིག
ལྷན་རྒྱས་ཕེབས་པ་ཐུགས་རྗེ་ཆེ། སྤྱིར་བཏང་བྱས་ན། ང་མི་འདི་སྙན་དངགས་ལས་ལ་བསྐོས་ཡོད་ནི་མ་རེད། སྙན་དངགས་ཟེར་དགོ་རེད་པས། གང་ལྟར་འདི་འདྲ་ཞིག་འབྲི་དུས་འདི་ག་རེ་ཡིན་ན་བསམ་ནས་འདང་རྒྱག་གིས་ཁྱེར་འགྲོ་གི སྐབས་དེ་ཤེད་དུ་གླུའུ་རྒོད་ཡང་ཤོར་འགྲོ་གི
ཡིན་ནའང། ཁ་སང་གནམ་གང་གི་དགུང་མོ་ཨ་མའི་ང་རང་དྲན་སྟངས་དམིགས་བསལ་ཞིག་ཡིན་པ་དེས། ལྡོམ་པོའི་རྡོ་སེམས་ལ་ནེམ་ཐིག་ཞིག་རྒྱས་ནས་སེམས་ལ་ཤར་བ་འདི་འབྲི་ཁུལ་བྱས་པ་ཡིན།
ངེད་ཚང་གི་ལྕམ་སྐུ་འཁྲིས་སུ་ཡོད་དུས་སྐད་ཆ་བཤད་རྒྱུའི་གོ་སྐབས་མ་བྱུང། ལྕམ་སྐུ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྟག་སྨྱོན་ཁྱེད་ཚོའི་བཅད་མ་དེ་བཀླགས་པས། ངས་སྔོན་མ་མགུར་འཐེན་པ་དག་དྲན་གི དེ་༧ཡབ་རྗེའི་མགུར་མ་དང་ཞབས་དཀར་ཚང་གི་ཨ་མ་དྲན་མགུར་དག་ཡིན། བཞི་པའི་སྨྱུང་གནས་སྐབས་དྲན་མགུར་དེ་འཐེན་དང་ན་རྒན་གཞོན་མེད་པར་མ་ཎི་འདོན་མ་ཐུབ་པར་ཚང་མ་ངུས་ནས་འདུག་གི་རེད། དེའི་ནང་གི་ཚིག་བཅད་ཅིག་ད་དུང་དྲན་ལམ་ན་ཡོད་ཀི།
ཡུལ་ཁང་ཆུང་སྒོ་ཡི་ཕྱི་ནང་ན།། མ་བཟང་མོའི་ལུས་དབྱིབས་རྣམ་འགྱུར་དང།། ངག་བཤད་ཚུལ་ཡིད་ལ་ཝ་ལེར་ཤར།། དེ་བསམ་ཞིང་བསམ་ཞིང་ཨ་མ་དྲན།།
དེ་ནས་ཁ་སང་ལྕམ་སྐུས་བཀོད་པ་དེའི་ནང་དུ༧གོང་ས་མཆོག་གིས།
བརྩེ་བའི་འཛུམ་དང་མཛའ་བའི་འབེལ་གཏམ་གྱིས།། འགྲོགས་པའི་ཚུལ་ནི་མདང་གསུམ་རྨི་ལམ་བཞིན།། ད་ལྟ་དྲན་པའི་ཡུལ་ལས་མངོན་སུམ་དུ།། མཐོང་ཐོས་བྲལ་འདི་སྙིང་ལ་ནད་དུ་ཆེ།།
གསུངས་འདུག འདི་དག་ཅིག་མཇལ་ཡོང་དུས། དངོས་གནས།
བས་མཐར་འཁྱམ་ཡང་ཐོས་པའི་དོན་མ་ལོན།།
ཨ་མས་བཙས་ཡང་བུ་ཡི་གོ་མ་ཆོད།།
རིགས་ལ་ཞེན་ཡང་དོན་ལ་རྗེས་མ་ཞོག།
ཟེར་ནོ་རེད་བསམ་གི་འདུག།།