གཅིག ལོ་གསར་གྲ་སྒྲིགས།
དེ་རིང་དུས་ཚོད་ཅུང་ཙམ་ཡོད་པས་ང་རང་འཚར་ལོང་བྱུང་སའི་འབྲོག་སྡེ་དེས་ལོ་སར་སྟངས་ཀྱི་སྐོར་ཅུང་ཟད་ཁ་བརྡ་བྱེད་ན་འདོད་བྱུང་། འབྲོག་ཐང་སྟོང་པར་གནས་པའི་འབྲོག་པ་ཚོར་ཤ་མར་རྩམ་གསུམ་བཟའ་རྒྱུ་འབེལ་ནའང་། དགའ་སྤྲོ་འདུ་ལོང་བྱེད་པའི་དུས་སྟོན་ནི་ལོ་གསར་མ་གཏོགས་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་རེད། ལོ་ཁོར་མོ་གཅིག་གི་ནང་གི་ལོ་གསར་དེ་འབྲོག་པ་ཚོར་མཚོན་ན། དུས་སྟོན་རྩ་ཆེ་ཤོས་དང་རྒྱ་ཆེ་ཤོས་དེ་རེད། འབྲོག་ཁྱིམ་རེ་རེ་ནས་ལོ་གསར་སྐྱིད་པོ་དང་ཡག་པོ་ཞིག་སར་བའི་ཆེད། ལོ་གསར་མ་སླེབས་པའི་ཉིན་དེ་ཚོར་ལོ་གསར་ལ་གྲ་སྒྲིག་གིས་བྲེལ་ཟིང་ཆེན་པོ་རེད། ནང་གི་བྱིས་པ་ཚོ་ལའང་རང་རང་ལ་དཔག་པའི་ཉིན་རེར་ལས་ཀ་རེ་ཡོད་པ་རེད། ང་ལ་མཚོན་ན། ཅུང་ཆེ་རུ་ཆགས་སྐབས། ནང་གི་ཨ་ཀ་སྟེ་ཕུ་བོ་དང་མཉམ་རྩྭ་དང་ཆ་མའམ་འབུད་ཤིང་འཐུ་རུ་འགྲོ་རྒྱུ་དེ་ངེད་གཉིས་ཀྱི་འཆར་ཅན་གྱི་ལས་ཀ་ལྟ་བུ་ཞིག་རེད།
ཀ རྩྭ་འཐུ་རུ་འགྲོ་བ།
རྩྭ་འཐུས་ནས་ག་རེ་བྱེད་དགོས་པ་རེད། འབྲོག་པའི་འཚོ་བར་ཆ་རྒྱུས་མེད་མཁན་གྱི་མི་ཞིག་ཡིན་ན། ཕལ་ཆེར་འཐོམས་འགྲོ་གི་མེད་འགྲོ་བསམས། འབྲོག་ཁྱིམ་དེ་ནམ་རྒྱུན་དེ་འདྲ་དང་བ་འདྲེན་པ་ཞིག་ཡོད་པ་མ་རེད། སྤྱི་བཏང་ཐབ་ཀ་དང་གོ་ར་ལ་བསྐོར་ནས་ཕྱིང་སྟན་དང་ཡར་ཀོའི་སྟན། པགས་སྟན་སོགས་རང་ལ་འཛོམས་ཚོད་ལྟར་བཏིང་ཡོད་ནའང་། མི་ཚང་གང་ཞིག་གནས་གཅིག་ཏུ་ཡུན་རིང་བསྡད་ཡོད་ན། ཁྱིམ་ནང་སྟན་གྱིས་ཁེབས་མེད་པའི་ས་ཆ་ཚང་མ་ཐོག་མའི་དུས་ཀྱི་སྤང་རྩྭ་རྣམས་མིའི་རྐང་བསྡུས་ཀྱིས་ཟད་ནས་ས་ནག་རྗེན་པར་ཐུག་ཡོད་པས་མཐོང་མི་སྤྲོ་བ་ཞིག་ཡོད་པ་རེད། དེ་བས། རི་མཐོན་པོའི་ཉིན་ངོས་གཟར་ས་ན། རྒྱུ་རྩྭ་ཟེར་བའི་རྩྭ་རིང་པོ་སྤུས་ལེགས་ཤིག་སྐྱེས་ཡོད་པ་དེ་འཐུས་ཡོང་ནས། ཁྱིམ་ནང་ཡོངས་སུ་རྫོགས་པར་རྩྭ་བཏིང་། དེའི་ཐོག་ལ་གདན་བཏིང་གི་རེད། ཁྱིམ་ལ་རྩྭ་བཏིང་རྗེས། སེམས་ནང་ཞིག་ལ་ཁྱིམ་དེ་དྲོ་རུ་འགྲོ་བའི་སྣང་བ་སྐྱེ་བ་མ་ཟད་ཅུང་ཟད་སྙིང་རྗེ་རུའང་འགྲོ་གི་རེད།
ཕལ་ཆེར་ཇོ་ལ་དང་ངེད་གཉིས་རྩྭ་འཐུ་རུ། ནམ་རྒྱུན་བོད་ལོའི་ཉི་ཤུའི་ནང་རོལ་ཞིག་ལ་འགྲོ་དགོས་ཀྱི་ཡོད། བོད་ལོ་ཟེར་ན། ཟླ་བཅུ་གཉིས་པ་ལ་ཟེར། ངེད་གཉིས་ཀྱིས་ཁུལ་རྩིད་ཀྱིས་བཏགས་པའི་སྒྱེ་མོ་གཉིས་དང་། ཟོར་ར་རེ་ཁྱེར་ནས་རྩེད་མོ་རྩེད་ཞོར་རྩྭ་འཐུས་པ་ཡིན་ན་ཉིན་གུང་ཕྱི་རྒྱབ་ཅིག་ལ་སྒྱེ་མོ་གཉིས་ཏག་ཏག་ལོན་པ་ཁྱེར་ནས་ཕྱིར་ནང་ལ་ཡོང་གི་ཡོད། དེ་ནི་ལོ་གསར་སྔོན་གྱི་ང་བྱིས་པའི་དུས་ཀྱི་ལས་འགན་གཅིག་རེད།
ཁ ཆ་མ་འཐུ་རུ་འགྲོ་བ།
ད་ལས་འགན་གཞན་ཞིག་ནི། ཆ་མ་འཐུ་རུ་འགྲོ་དགོས་པ་རེད། ཆ་མ་ཟེར་ན། འབུད་ཤིང་ངམ་སྐྱེ་ཤིང་ཆ་ངེ་ཆུང་ངེ་ལ་ཟེར། ངེད་ཚོའི་ས་དེར་ནགས་ཚལ་དེ་འདྲ་མེད་ ནའང་། རིའི་སྲིབ་ངོས་དེ་འདྲར་ཆ་མ་ཐ་ཐོར་སྐྱེས་ཡོད་པ་རེད། ལྷག་པར་དུ། ཉབ་རིགས་ཟེར་བའི་སྐྱེ་ཤིང་། རིང་ཚད་ལ་ཕལ་ཆེར་མི་ཊར་གཅིག་ལྷག་ཡོད་པ། མིའི་མཛུ་གུ་ཞིག་གི་སྦོམ་ཕྲ་ཡོད་པ་དེ་འདྲ་གང་སར་ཡོད། སྤྱིར་བཏང་འབྲོག་པ་ཚོས། མེ་ལ་ཨོང་ང་དང་ལུག་གི་རིལ་མ་འབུད་ཀྱི་ཡོད་པ་རེད། ཨོང་ང་ནི་ཡུལ་སྐད་དུ་ལྕི་བ་སྐམ་པོ་ལ་ཟེར། དེ་གཉིས་ལ་དེ་འདྲའི་འབར་ཤུགས་ཆེན་པོ་ཡོད་པ་མ་རེད། ཆ་མ་ལ་འབར་ཤུགས་ཆེན་པོ་ཡོད་པས་གོ་རེ་གཡིས་བཙོས་སམ་སྣུམ་བཙོས་བཟོ་སྐབས་དགོས་པ་རེད།
ཆ་མའང་། བོད་ལོའི་ནང་ལ་འཐུ་རུ་འགྲོ། ག་ཚོད་འཕྱི་ནའང་བོད་ལོའི་ཉེར་བདུན་གྱི་སྔོན་ལ་འགྲོ། རྒྱུ་མཚན་ནི། ཉེར་བདུན་ནམ་ཉེར་བརྒྱད་བར་གོ་རེ་བཙོ་དགོས་པ་རེད། ཆ་མ་འཐུ་རུ་འགྲོ་སྐབས། ངེད་གཉིས་ཀྱིས་གཡག་རེ་རེ་ཞོན། གཡག་གཞན་ཞིག་ལ་སྒ་བསྟད་དེ་ཁྲིད་འགྲོ་དགོས་པ་རེད། དེ་ནི་ཆ་མ་འགེལ་ས་ལ་དགོས་པ་རེད། ཆ་མ་འཐུ་བྱེད་ལ་ཟོར་བ་རེའང་མཉམ་དུ་ཁྱེར་འགྲོ་གི་ཡོད། ཆ་མ་འཐུ་རྒྱུ་དེའང་ཕལ་ཆེར་ཉིན་གཅིག་གི་ལས་ཀ་རེད། ཆ་མ་འཐུ་རྒྱུ་དང་རྩྭ་འཐུ་རྒྱུ་གཉིས་ལས་ཆ་མ་འཐུ་རྒྱུ་དེ་ཅུང་ཟད་ཁག་ག་ཡོད་པ་རེད།
ག གོ་རེ་བཙོ་བ།
ལོ་གསར་མ་སླེབས་སྔོན། འགའ་རེས་ཉིན་གཅིག་གམ། འགའ་རེས་ཉིན་གཉིས་ལ། གོ་རེ་གཡིས་བཙོས་མ་ལས་གི་རེད། གཡིས་བཙོས་མ་ཟེར་དགོས་དོན་ནི། ཨ་མདོའི་སྐད་དུ། ཟ་སྣུམ་ལ་གཡིས་ཟེར། ཟ་སྣུམ་ནང་བཙོས་པའི་གོ་རེ་ལ་ གོ་རེ་གཡས་བཙོས་མ་ཟེར། ངེད་ཚང་ལ་མཚོན་ན། ཕྱེ་རྒྱ་མ་བརྒྱ་ལྷག་གིས་གོ་རེ་ལས་ཀྱི་འདུག ཁྱིམ་ཚང་འགའ་རེས་དེའི་མང་དང་འགའ་རེས་དེའི་ཉུང་བཟོ་གི་ཡོད་པ་རེད། གོ་རེ་དེས་དཔྱིད་ཀ་སླེབས་སླེབས་བར་འདང་གི་འདུག གོ་རེ་ཁ་འགོས་མ་འགོས་ལ་བལྟས་ནས་རྟེན་འབྲེལ་གྱི་ལེགས་ཉེས་ཀྱང་དཔྱད་ཀྱི་འདུག གོ་རེ་ཚོས་ཚར་རྗེས་དམར་སོབ་སོབ་བྱེད་ན། ད་ལོ་ད་གོ་རེ་ཁ་འགོས་ཟིག་ཡ་ཟེར་ནས་ངའི་ཨ་མ་དགའ་ཐག་ཆོད་ཀྱི་འདུག གོ་རེ་ཚོས་ཚར་རྗེས་སྐྱ་སོབ་སོབ་བྱེད་ན། གོ་རེ་ཁ་མ་འགོས་ཟིག་ཟེར་ནས། ཨ་མ་རྣམ་རྟོག་ཟ་དེ་འདྲ་བྱེད་ཀྱི་རེད། གོང་དུ་ཆ་མ་འཐུ་དགོས་པའང་། གོ་རེ་ཁ་འགོས་པའི་ཆེད་ཡིན་ཡང་། མཚམས་རེར། མེ་འབར་ཤུགས་ག་ཚོད་ཆེ་ཡང་གོ་རེ་ཁ་འགོས་ཀྱི་མེད་པ་འདྲ། དེ་ལྟར། གོ་རེ་ཁ་འགོས་མ་འགོས་ཀྱི་ཐོག་ནས་ལོ་དེའི་བྱ་བ་ཡག་པོ་ཡོང་མིན་ལ་བལྟ་གི་འདུག གོ་རེ་གཡིས་བཙོས་མའི་ཞོར་དུ། རྡེའུ་ཁྲ་ཟེར་བ་ཞིག་བཟོ་གི་རེད། དེ་ནི་ངའི་ཨ་ཕ་ལ་ཡོད་པའི་ལག་རྩལ་དམིགས་བསལ་བ་ཞིག་རེད། དེ་མིན་ད་རུང་། མཆོད་སྒམ་ཐོག་ཐོག་བཤམས་རྒྱུའི་ཁུག་ཐི་ཟེར་བ། ཨ་མ་ཡིས། གྲོ་ཕྱེ་ཡིས་བྱེའུ་མ་འདྲ་བ་ཁ་ཤས་བཟོ་བ་དེ་མཆོད་བཤམས་ཀྱི་ཆེ་དུ་རེད།
ང་། ཞུན་ལྡུག་པ།
དེ་མིན་ད་རུང་ལོ་གསར་མ་སླེབས་སྔོན་ཞུན་ཟེར་བ་ཞིག་བླུགས་གི་འདུག དེ་ནི་བུད་མེད་ཚོའི་ལས་ཀ་ཞིག་རེད། དེ་ནི་ངེད་ཚོའི་འབྲོག་ཁུལ་དེ་ཁོ་ན་ལ་ཡོད་པའི་ཟ་མ་དམིགས་བསལ་བ་ཞིག་རེད། ང་ཞིན་ལ་ཧ་ཅང་དགའ་བོ་ཡོད། ད་ལྟའང་ཞིན་དྲན་ན་ཁ་ནང་ལ་ཁ་ཆུ་འཁོར་ཡོང་གི་འདུག སྔོན་མ་ཞིག་ལ། ང་ཚོས་སོ་སོའི་ཕ་ཡུལ་དུ་ཟ་མ་ཅི་ཡོད་སྐོར་ཁ་བརྡ་བྱེད་སྐབས། ངས་རོབ་ཙམ་གླེང་ཟིན་པ་ཡིན། དེ་ནི་ཟ་མའི་གཞི་རྩ་གཙོ་བོ་དེ། གྲོ་མ་བརྔོས་རྗེས་འཐག་པའི་གྲོ་རྩམ་ནང་ཕྱུ་ར་འཐག་མ་བསྲེས། དེའི་ནང་ཀ་ར་ནག་པོ་བསྲེས། དེ་ནས་མར་གསར་ནང་བརྔོས་རྗེས། སྣོད་ཆེ་ཆུང་འདྲ་མིན་ནང་བླུགས་ཏེ་སྐགས་བཅུག་པ་ཞིག་རེད། ཉི་མ་རྗེས་མ་ལ་སྣོད་ཆས་ནང་ནས་ཕྱིར་ལེན་སྐབས། མཁྲེགས་པོ་ཆགས་ཏེ་སྣོད་ཀྱི་དབྱིབས་དང་ཆེ་ཆུང་ལྟར། དབྱིབས་དང་ཆེ་ཆུང་འདྲ་མིན་ཡོད་པ་རེད། སྡེར་ཁའི་ནང་འཇོག་པའི་ཆེད་ཞིན་ཆེན་པོ་གཅིག་ལྡུག་གི་རེད། གཞན་པ་ཆུང་ཆུང་མང་པོ་ལྡུག་གི་རེད། འདི་ལ་རྒྱ་མི་ཚོས་ཀྱང་། ཙང་མེད་ཏིན་ཞིན་ཟེར་ནས་དགའ་བོ་བྱེད་ཀྱི་འདུག གསལ་བཤད་ཅིག་ལ། །ཞིན་དང་ཐུད་གཉིས་གཅིག་པ་མ་རེད།
ཅ། བསང་ཁྲི་ལས་པ།
ལོ་གསར་གྲ་སྒྲིགས་ཀྱི་ལས་རིམ་ནང་། བུད་མེད་རྣམས་ཀྱི་ལས་ཀ་ནི་ཁྱོ་ག་རྣམས་ལས་མང་བ་ཡོད་པ་ལྟ་བུ་འདུག དེའི་ནང་ལས་ཁ་ཁག་སེ་ཞིག་ནི། ཁྱིམ་ཚང་དེར་ཕོ་ལྟེ་ཐོག་ཅི་ཡོད་ཀྱི་གྲངས་ཀ་དང་མང་ཉུང་མཚུངས་པའི་བསང་ཁྲི་དུ་དགོས་གུར་གྱི་མདུན་ཕྱོགས་སུ་པང་སྒྲིགས་ནས་བརྩིགས་ཀྱི་འདུག དཀྱིལ་ལ་བསང་ཁྲི་ཆེན་པོ་གཅིག དེ་ནས་རིམ་པས་ཆེ་ཆུང་གཡས་གཡོན་དོ་མཉམ་པ་བྱས་རིམ་པས་ཆུང་དུ་ཆུང་དུ་བྱས་བརྩིགས། དེ་དག་གི་ཆེ་ཆུང་ནི། བུད་མེད་ཀྱི་འཇོན་ཐང་དང་ནུས་པ། བུད་མེད་ཀྱི་མང་ཉུང་བཅས་ལ་ཐུག་པ་ཞིག་རེད། མི་ཚང་འགའ་རེས་བསང་ཁྲི་རྫིག་པོ། བརྟན་བརྗིད་ཆེ་བ་རྐྱང་བརྩིགས་ཀྱི་རེད། དེ་ཡོངས་སུ་འགྲུབ་པར། ཉིན་རེར་ཅུང་ཟད་རེ་བྱས་བརྩིགས་པ་ཡིན་ན་ཕལ་ཆེར་ཟླ་གཅིག་འགོར་གྱི་མེད་འགྲོ་བསམས། ཏག་ཏག་ཅིག་དྲན་གྱི་མི་འདུག དེ་ཇི་ལྟར་བརྩིགས་ཀྱི་ཡོད་པ་རེད་ཟེར་ན། ཝ་ཐི་ཡིས་རྩིགས་ཀྱི་ཡོད་པ་རེད། ཝ་ཐི་ནི། དགུན་ཁ་ནམ་ཟླ་གྲང་མོའི་སྐབས་འཁྱག་པ་ཆགས་པའི་འབྲི་གཡག་གི་ལྕི་བ་ལ་ཟེར། ས་ཕག་བརྩེགས་ན་བར་ཨར་འདམ་གྱིས་སྦྱར་བ་བཞིན་ཝ་ཐི་རེའི་བར་ལྕི་བ་རློན་པས་མཚམས་སྦྱོར་གྱིན་སྦྱོར་གྱིན་རྩིགས་ཀྱི་རེད། ཉིན་གཅིག་ཀྱང་འགོར་མི་དགོས་པར་བརྩིགས་ཟིན་པ་རྣམས་ཝ་ཐིས་པའམ་འཁྱག་གོང་ཆགས་ཏེ་རྡོ་བཞིན་དུ་གྱུར་ཡོད་པ་རེད། དེ་ལྟར་ཉིན་རེར་ཝ་ཐི་ཅི་ཡོད་ཀྱིས་རྩིགས་ཀྱིན་རྩིགས་ཀྱིན་ལོ་གསར་སྔོན་ཚར་པ་བྱེད་ཀྱི་རེད།
ཆ། དགུ་རྡུལ་ལེན་པ།
ཉི་ཤུ་དགུ་བར་ལོ་གསར་གྱི་གྲ་སྒྲིགས་ཚང་མ་ཚར་བ་བྱེད། ཉི་ཤུ་དགུ་ཉིན་ནི། དགུ་རྡུལ་ལེན་པ་དང་དགུ་ཐུག་འཐུང་བའི་ཉིན་རེད། ནངས་དུས་སྔ་སེ་ནས་ཡར་ལངས་ཏེ། དང་པོར་གུར་གྱི་དགུ་རྡུལ་ལེན། དེ་ནི་གུར་གྱི་ཕྱི་ནང་ཚང་མ་རྡུལ་སྤྲུགས་བྱེད་པ་ལ་ཟེར། རྡུལ་སྤྲུགས་གྲུབ་རྗེས་གུར་གྱི་ཕྱི་ནང་ཡོངས་སུ་རྫོགས་པ་ཕྱགས་ནས་ཆུ་ཆག་ཆག་བཏབ་ཏེ་གཙང་རིལ་རིལ་བྱེད། དེ་ནས་ལོ་གསར་ལ་གོན་རྒྱུའི་རྩག་པ་དང་རས་ལྭའམ་རྩག་པའི་ཐོག་ཁེབས་རྣམས་གངས་ཀྱིས་མནན་ཡོད་པའི་དར་ཐོག་ཅིག་ཏུ་འཁྱེར་ཕྱིན་ནས་གདབ་བུ་ཞིག་གིས་གདབ་ནས་རྡུལ་སྤྲུགས་བྱེད། ས་ཐོག་ཏུ་གངས་འཁྱེར་ཕྱིན་ཏེ་མེད་ནའང་། དར་ཐོག་གྲང་མོ་ཡིན་ཙང་གངས་ཕལ་ཆེར་ཡོད་པ་རེད། ལྷ་ས་རུ་དར་ལ་འཁྱག་པ་ཟེར། དེ་ནས་དགོང་མོ་དགུ་ཐུག་འཐུང་གི་རེད། དགུ་ཐུག་ནང་ཚ་དང་གྲོ་ཕྱེ་སོགས་ཟས་རིགས་རྣམས་གྲངས་མ་འདྲ་བ་དགུ་དགོས་པ་རེད་ཟེར། དོན་དངོས་སུ་རྣམ་གྲངས་དགུ་ཁ་ཚང་མིན་མི་ཤེས། དགུ་ཐུག་སྐབས། གྲོ་ཕྱེའི་ནང་ཚ་དང་བལ་གཞན་རང་གང་འདོད་ཀྱི་དངོས་པོ་བཞག་ནས། འདི་སུ་ལ་ཐེམ་ན་སེམས་པ་་ཡག་པ་ཡིན། སེམས་ངན་ཡིན། བསོད་ནམས་ཅན་ཡིན་ཟེར་ནས་དངོས་པོ་འདྲ་མིན་ནང་དུ་འཇུག རྗེས་སུ་དགུ་ཐུག་འཐུང་སྐབས། སྡུག་ག་དེ་འདྲ་སུ་ལ་འཁེལ་ན་ཚང་མ་གད་མོ་ཐག་ཐག་དགོད་པར་བྱེད། དེ་ནི་ངོ་མ་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ཡིན་ནའང་། ཧབ་ཆ་མང་པོ་བརྒྱབ་ནས་སྐྱིད་པོ་འདྲ་ཞིག་ཡོད། དེ་ནས་ནམ་གུང་ཡོད་ན་ཡོད་པ་རེད། མེད་ན་སང་ཉིན་དེ་ལོ་གསར་རེད།
གཉིས་པ། ལོ་གསར།
ཀ བསང་གཏོང་བ།
ལོ་གསར་གྱི་དང་པོ་དང་རྟེན་འབྲེལ་གྱི་མགོ་མ་ལ། ཕོ་སྐྱེས་ཚང་མས་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ། ལོ་གཅིག་ནང་བྱ་བ་ལམ་འགྲོ་ཡོང་བ་དང་བར་ཆད་མ་ཡོང་བ། དགྲ་བོའི་བུ་རྟ་ཆམ་ལ་འབེབས་ཤིང་རང་གི་བུ་རྟར་ཁ་འཛིན་དགོས་པའི་བཀའ་བསྒོ་དམ་བཞག་མཛད་ཀྱི་འདུག སྟག་ཤར་གཞོན་ནུ་ཞིག་ཡིན་ན་ཕལ་ཆེར་བསང་འབོད་མི་ཤེས་མཁན་ཞིག་ཡོད་པ་མ་རེད། སྐད་སྙན་མོ་ཅན་ཞིག་གིས་སྐད་ལ་བརྒྱབ་ནས་བསང་འབོད་བྱས་ན་ངོ་མ་སྙན་པོ་འདྲ་ཞིག་ཡོད། ངེད་ཚོ་སློབ་གྲྭ་བ་ཚོས། མཆོད་ཨོྃ་མ་ཧྰུྃ་ཟེར་བ་ཙམ་ལས། བསང་འབོད་སྙན་མོའི་དབྱངས་ལ་དྲངས་ནས་ལྟ་སྤྱོད་ལ་རྒྱག་མི་ཤེས་པས་ཉམས་དམའ་བོའི་ཚོར་བ་འདྲ་ཞིག་སླེབས་ཀྱི་ཡོད། བསང་འབོད་བྱེད་སྟངས་དེ། མི་རེ་རེ་ལའང་ཅུང་ཟད་མ་འདྲ་བ་ཞིག་འདུག བསང་འབོད་ནང་། གཞི་བདག་གནས་བདག་རེ་རེ་བཞིན་དུ་བསྟོད་པ་འཐེན་ཞིང་བཀའ་བསྒོ་བྱེད། དཔེ་བཞག་ན། ཀླུ་ཀླུ་མོ་སྟོང་གིས་བབསྐོར་བའི། ཀླུ་རྒྱལ་ཨ་མྱེས་ཆབ་བྲག། སྔོན་སྟོན་པ་བྱོན་པའི་ཞལ་མཐོང་ཅིག་ཅིག་ཉིག་ཉིག་ཟེར་བ་ལྟ་བུ། བཙན་མགོན་ནོར་བུ་དགྲ་འདུལ་ལ་འབོད་སྐབས། རི་ནོར་བུ་འཕྱུར་འདྲའི་ནང་རོལ་དུ། འབུམ་པའི་རྒྱ་རྩ་ཞལ་དཀར་ཁྱོད།། འཁོར་དང་བཅས་པ་གཤེགས་སུ་གསོལ། ཟེར་ནས་མང་པོ་ཞིག་བཤད་རྗེས། ཨ་བཙན་མགོན་ནོར་བུ་དགྲ་འདུལ། མྱི་མང་ནང་གི་ཁ་ལྕེ་དག་དགོས། དགྲ་འཐབ་པའི་ཉིན་མོ་ལག་མྱུར་དགོས་ཟེར་བ་ལྟ་བུ་བཤད་རྒྱུ་ལུང་པ་གང་འདུག་ཀྱང་དེ་ཕྱོགས་ལ་ཁ་ཏ་མདའ་ཡིན་མང་པོ་ཅང་མི་ཤེས། འགའ་རེ། ནམ་གུང་ངམ་ཉི་ཤུ་དགུའི་དགུང་མོ། ཕོ་གསར་གཞན་པ་ཚོ་དང་མཉམ་དུ་རི་བསང་ལ་འགྲོ། རི་བསང་ནི། རང་གི་ས་ཆའི་གནས་རི་རྩ་ཆེན་དང་གཞི་བདག་གནས་སའི་རི་མགོར་ཕྱིན་ནས་བསང་གཏོང་བ་ལ་ཟེར།
དེ་ནས་ནམ་དཀར་མ་དཀར་ཞིག་ལ་བུད་མེད་ཚོ་དཀར་ཆུ་ལེན་གྱི་འགྲོ་གི་འདུག ཡིན་པ་དེ་ལོ་གསར་གྱི་ཆུ་དང་པོ་དེ་ལེན་དུ་འགྲོ་བ་རེད། དེ་ལ་དཀར་ཆུ་ཟེར། དཀར་ཆུ་ཟེར་དོན་ཅི་ཡིན་མི་ཤེས། དེ་ནས་ལོ་གསར་གྱི་སྡེར་ཁ་བསྒྲིགས་ཕྱི་ནང་གི་ལས་ཀ་ཡོངས་སུ་འགྲུབ་རྗེས། ཆུ་དང་འོ་མ་བསྲེས་པའི་ཆུ་དཀར་ཞིག་གིས་གདོང་དང་ལག་པ་བཀྲུས་ཏེ་ལོ་གསར་གྱི་མགོ་འཛུགས། ད་བྲིས་ནས་ཐང་ཆད་སོང་། ལོ་གསར་ཇི་ལྟར་རོལ་སྟངས་འབྲི་ཐུབ་ཀྱི་མི་འདུག རང་གི་ནང་མི་ཚོས་ཟ་མ་མཉམ་དུ་ཟོས་རྗེས། ཕོ་སྐྱེ་ཚོ་རྟ་ཞོན་ནས་རི་ཉུག་ག་འགྲོ་གི་རེད། རི་ཉུག་ནི་མི་ཚང་གཞན་དང་གཞན་ལ་ལོ་གསར་ལ་འགྲོ་བར་ཟེར། ཕོ་གསར་ལྔ་དྲུག་ནས་བཅུ་བཅོ་ལྔ་བྱས་ཉིན་གང་། རྟ་རྒྱུགས་འཐེན། ཆང་འཐུང་། ཉུག་ཐུབ་ཚད་ཅིག་ལ་ཉུག་ནས་ཕྱི་དྲོ་ཞིག་ལ་ཐང་ཆད་ཡང་མིན་ན་ར་བཟི་ནས་ནས་ནང་ལ་ལོགས་ཡོང་པ་རེད། ད་གྲོད་ཁོག་ལྟོགས་སོང་། མཚམས་འཇོག་གི་ཡིན། དེ་ཙམ་གྱིས།
མདའ་ཚན་པའི་རང་ཉིད་ལྟེ་ཁྲག་འཕོས་སའི་འབྲོག་ཕྱོགས་ཀྱི་ལོ་སར་གཏོང་སྟངས་སྐོར་གླེང་བ་རོང་བ་ཚོའི་ཉན་སྤྲོ་བ་ཞིག་རེད། ལྷག་པར་ཞུན་གླེང་དུས་རོང་ནག་ངའི་ཁ་མཆུ་མིད་དགོས་བྱུང་སོང་། དེང་སང་ལས་སླ་བོ་རག་གིན་མི་འདུག
ལོ་གསར་གྱི་སྡེར་ཁ་ལ་གང་གང་སྒྲིག་གི་
སྡེར་ཁའི་གཙོ་བོར་གང་འཇོག་གི
ད་སྡེར་ཁ་ནི། ཁྱིམ་ཚང་གི་འཛོམས་ཚོད་ལྟར་སྒྲིག་གི་རེད། ཞིན་དང་གོ་རེ་གཡས་བཙོས་མ་བཞག་མེད་སའི་ཁྱིམ་ཚང་ཞིག་ཡོད་པ་མ་རེད། དེ་ནས་ཤ་འཇོག་གི་རེད། ཤ་ཡི་ནང་ནས་མཚང་ར་དེ་རྟེན་འབྲེལ་ཡག་ག་བརྩི་གི་འདུག ཤ་ཡི་དཀྱིལ་ལ་ལུག་གི་མཚང་ར་ཆེན་པོ་ཞིག་འཇོག མཚང་རའི་རྔ་མའི་སྣེ་ན་ད་རུང་སྤུ་ཡང་ཅུང་ལྷག་ཡོད་པ་རེད། དེ་མིན་ཤ་མོག་མོག་ལྷ་ས་བས་གྲྭ་པའི་མོག་མོག་ཟེར་བ་དེ་འདྲ་འཇོག་གི་རེད། ངེད་ཚོས་ཚིལ་མོག་མོག་ཟེར། ཅུང་ཆེན་པོ་ཡོད་པ་རེད། དེ་ནས་འགའ་རེས་ཤ་བག་ལེབ་ཀྱང་འཇོག་གི་རེད། ད་ཀ་ར་དང་རྡེའུ་རིགས་སོགས་རང་གི་འཛོམས་ཚོད་རེད། གྲོ་མ་འབྲས་བཙོས་བཟོ་གི་རེད། འགའ་རེས་རྒྱ་ཐུག་བསྐོལ་གི་རེད། ནང་ལ་སྐམ་ཤ་ཆེན་པོ་ལེབ་མོར་བྱས་གཏུབ་ཏེ་བླུགས་པ་དེར་ང་དཔེ་དགའ་བོ་ཡོད།
ཡ་ད་ལོ་སར་སྐོར་གླེང་ན་དེ་ཡང་རང་གི་ཕ་ཡུལ་གྱི་འཚོ་བའི་གནས་སྟངས་ཞིག་ཡིན་པས་ཤིན་ཏུ་ཡག་གི ངས་འདི་ནས་རོང་བའི་ལོ་སར་སྐོར་ནས་ཅུང་ཟད་བཤད།
༡༽ དུད་པ་རྒྱག་རྒྱུད་དེ་རེད། དེ་ནི་ཕལ་ཆེར་བཅུ་དགུའི་ཉིན་མོ་ཡིན་ས་ཡོད། དུད་པ་རྒྱག་རྒྱུ་འདི་ནི་དང་པོ་ཁ་ཕྱོགས་ལ་བལྟ་དགོས། དེ་ཡང་ལོ་ལྷའམ་ས་བདག་གི་ཁ་འཁོར་ཕྱོགས་ལ་བལྟས་ནས། ས་བདག་གི་ཁ་འཁོར་ཕྱོགས་ལ་ཕྱགས་མའི་གཡུག་ཕྱོགས་འཁེལ་མི་རུང་། ཕྱོགས་གཞན་ལ་སྐོར་ནས་ཕྱགས་མ་གཡུག་ནས། ཁང་པའི་གནམ་ནས་འགོ་བཙུགས་ཏེ། ཕྱི་ནང་ཚང་མ་གཙང་མ་གཙང་རྐྱང་བཟོས། དེ་ནས་གཙང་མ་བཟོས་པའི་དུད་པ་དེ་སྣོད་ཅིག་གི་ནང་དུ་ཉར་ནས། ཉི་ཤུ་དགུའི་དགོང་མོ་དགུ་གཏོར་དང་མཉམ་པོར་ཕྱི་ཕྱོགས་སུ་འཕེན་དགོས། དུད་པའི་འཕེན་ཕྱོགས་ཀྱང་ལོ་ལྷའི་གནས་པའི་ཁ་ཕྱོགས་སུ་འཕེན་མི་རུང་བ་རེད། དུད་པ་འཕེན་དུས་དེའི་ནང་དུ་སྒོར་ཁ་ཤས་ཀྱི་རྫོང་བ་ཡང་འཕེན་དགོས་ལ། དེའི་རྫེས་སུ་ཤོག་སྦག་ཀྱང་རྒྱག་དགོས་པ་རེད། གནའ་སྔོན་མ་དེའི་རྗེས་སུ་མེ་མདའ་རྒྱག་པའི་སྲོལ་ཡོད་པ་རེད་ཟེར་ནས་ལོ་ལོན་དེ་ཚོས་གསུང་གི་འདུག
༢༽ དེ་ནས་ཐབ་བཟོ་སྟངས་རེད། དེ་ནི་མོ་ལས་རེད། ནང་གི་ཨ་མའམ། མནའ་མ། ཨ་ཅེས་སོགས་ཀྱི་ལས་དགོས་པ་རེད། ཚེས་ཉེར་བཞི་ཉིན་ཡིན་ས་ཡོད། དེའི་ཉིན་མོ་ཐབ་ལས་བྱེད་རྒྱུ་རེད། ལོ་གཅིག་ལ་ཅུང་ཟད་བཤིག་རལ་ཏུ་གྱུར་བའི་ཐབ་དེ་འཇིམ་འབག་གི་ནང་དུ་ལྕི་བ་བསྲེས་ནས་གཡུས་དགོས་པ་རེད། ཐབ་ཞིག་བསོ་བྱས་རྗེས་ཐབ་ལྷ་གསོལ་དགོས་པ་རེད།
༣༽ ཉེར་ལྔ་ཉིན་བུད་མེད་ཡོངས་རྫོགས་ཀྱི་དབུ་སྐྲ་ལས་དགོས་པ་རེད། དེ་ཡང་ཆུ་ནང་དུ་ས་དམར་ཨ་འདྲ་བླུག་ནས་ས་དམར་ཨ་འདྲ་དེས་མགོ་ཁྲུས་དགོས་པ་རེད། དེ་ནི་དེང་སང་གི་གཡུ་རྫི ༼འདག་རྫས་༽ཚབ་ཡིན་པ་འདྲ་འདུག དེང་སང་ད་དུང་བུད་མེད་ཁ་ཤས་ཀྱིས་ས་དམར་ཨ་འདྲས་དབུ་སྐྲ་ཁྲུས་མཁན་འདུག་ཟེར། བུད་མེད་ཚོས་དབུ་སྐྲ་གཙང་མ་ཁྲུས་རྗེས། བུད་མེད་གཅིག་གི་རྒྱབ་ལ་གཅིག་ཙོག་ནས་སྔ་མ་སྔ་མའི་དབུ་སྐྲུ་ཕྱི་མ་ཕྱི་ནས་སླས། དེ་ཡང་ཤར་མོ་ཕྲ་མོ་ཕྲ་མོ་བྱས་ནས་ལས། འོན་ཀྱང་མནའ་མ་ལོ་གསུམ་མ་འགོར་བ་ཚོས་སྐྱ་ལུང་ངམ་ཐོ་ལོག་འདོགས་དགོས་པ་རེད།
༤༽ དེ་ནས་ཉེར་དྲུག་དང་ཉེར་བདུན་ལ་གོ་རེ་གོར་སྐྱ་བསྲེག་པ་དང་། གོ་རེ་གོར་དམར་དང་སོག་སོག་ལས་ཀྱི་རེད། གོར་སྐྱ་སྐོར་ན་ནིང་ནས་བཤད་ཟིན་པ་ལྟར་དང་། སོག་སོག་དང་། གོར་དམར་ཡང་སྔོན་མ་ནས་བཤད་ཚར་བ་ཡིན་བསམ་སོང་།
༥༽ དེ་ནས་ཉེར་བརྒྱད་ཉིན་ཆབ་རོམ་ལེན་དགོས་པ་རེད། ཆབ་རོམ་བླང་ནས་གྱང་ཁ༼ཁང་པའི་བརྩིགས་པའི་ཁ༽ལ་བང་བསྒྲིགས་དགོས་པ་རེད། དེ་ཡང་ཆབ་རོམ་དུམ་བུ་རེ་རེའི་བར་ན་ཁྲི་གང་རེ་ལས་མ་བཞག་པར་བསྒྲིགས་དགོས་པ་རེད། དེ་ནི་མཆོད་པ་ཕུལ་བའི་དོད་ཡིན་པ་འདྲ་འདུག སྡེ་བ་རེ་རེའི་མ་ནི་ཁང་དང་། ཁྱིམ་ཚང་རེ་རེའི་དར་ལྕོག་བརྗེས་བོ་བརྒྱག་པའི་ཉིན་མོ་ཡང་འདི་ཡིན་ས་ཡོད།
༦༽ དེ་ནས་ཉེར་དགུའི་ཉིན་མོ་སྡེར་ཁ་བསྒྲིགས་པ་དང་། ཚོད་མ་༼མོ་མོ༽བཟོ་བ། སོགས་བྱེད་དགོས། དགོང་དྲོ་དགུ་གཏོར་དང་དུད་པ་ཕྱི་ལ་འཕངས་རྗེས་དགུ་ཐུག་འཐུང་དགོས། དགུ་ཐུག་སྐོར་གོང་གི་མདའ་ཚན་པའི་དགུ་ཐུག་དང་གཅིག་པ་རེད། དེའི་ཕྱི་ཉིན་ལོ་སར་རེད། ལོ་སར་དངོས་གཞི་དང་། དེའི་རྗེས་ཀྱི་སྐད་ཆ་རྣམས་རྗེས་ནས་བཤད།
༼སྟག་ཤར་གཞོན་ནུ་ཞིག་ཡིན་ན་ཕལ་ཆེར་་་་་བསང་འབོད་་་་མི་ཤེས་མཁན་ཞིག་ཡོད་པ་མ་རེད། སྐད་སྙན་མོ་ཅན་ཞིག་གིས་སྐད་ལ་བརྒྱབ་ནས་་་བསང་འབོད་་་་བྱས་ན་ངོ་མ་སྙན་པོ་འདྲ་ཞིག་ཡོད༽ ཚིག་འདི་ང་་་་བོན་པོ་་་་ཞིག་ནས་གོ་ཡོང་དུས་ངོ་མ་བསྐལ་པ་བཟང་པོ་རེད་དྲན་གི་འདུག། བྱུང་ན་མ་འོངས་པར་་་་བསང་འབོད་་་་དེ་ཚོ་ཆ་ཚང་བ་ཞིག་འབྲི་རོགས་གནང་གལ་ཆེན་པོ་ཡིན། བོད་གངས་ཅན་ཞིང་ལ་ད་དུང་་་བོན་དྲི་ཐུལ་ལེ་་་མ་ཡལ་བར་གནས་ཡོད་པ་འདྲ། ངོ་མ་སེམས་པ་དགའ།
དེ་འདྲ་བསང་འབོད་བྱེད་སྲོལ་ཅིག་ང་ཡི་ལུང་པར་ཡང་ཡོད། ཡིན་ན་ཡང་དེ་བོན་དྲི་རེད་ཅེས་བརྗོད་ན་བོན་པོ་ཚོ་དགའ་ས་མ་རེད། གང་ཡིན་ཟེར་ན་ང་ཡི་ལུང་པར་ཡོད་པའི་བསང་འབོད་འདི་ནི་བོད་སྐད་ལེགས་སྦྱར་གྱི་སྐད་མིན་པར་ལུང་པ་སོ་སོའི་ཡུལ་སྐད་རེད། གང་ལྟར་ང་ཡི་ལུང་པར་ཡོད་པའི་ཆོས་པ་ཚོས་ནི་བོན་སྲོལ་ཡིན་པར་བཞེད་ཀྱིན་འདུག་གོ།།
གཡུ་འབྲུག་དཀར་པོ་ལགས། བོད་པ་ཚོས་བོད་ཀྱི་སྐད་འདི་་་དུས་ནམ་ཡང་་་་ལེགས་སྦྱར་གྱི་སྐད་ཡིན་པ་་་བཤད་མ་མྱོང་བ་རེད། བོད་ཀྱི་ཡི་གེ་འབྲི་ཚུལ་ནང་ལེགས་སྦྱར་དང་འབྲེལ་བ་བྱུང་ཡོད་པ་ཤོད་ཀྱི་ཡོད་རེད། དངོས་གནས་བོན་དྲི་ཐུལ་ལེ་ཡོད་ས་དེ་ལུང་པ་སོ་སོའི་ཡུལ་སྐད་ཀྱི་ནང་ནས་གོ་རྒྱུ་ཡོད་པ་ཞིག་ཀྱང་ཡིན། དེས་ན་ང་བོན་པོས་ལུང་པ་སོ་སོའི་ཡུལ་སྐད་དེ་ཤིན་ཏུ་གལ་པོར་འཛིན། སྐད་དང་ཡི་གེ་གཉིས་ལས་སྐད་གཙོ་བོར་བཟུང་ནས་ཡེ་གེས་ཡུལ་སྐད་ལ་ཚུར་རམ་འདེགས་བྱེད་དགོས་པར་འདོད་ཅིང། དེ་ལྟར་ཡིན་དགོས་པ་ནི་སྐད་དང་ཡི་གེ་གཉིས་ལས་སྐད་ཐོག་མར་བྱུང་བ་དང་གཅིག། ཡུལ་སྐད་དྭངས་མ་ལ་སུ་དང་གང་གིས་ལྷད་མ་བཞུགས་པ་དང་གཉིས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཡུལ་སྐད་དང་ཡུལ་སྐད་ཀྱི་སྐད་གདངས་གཙོ་བོར་འཛིན་དགོས་སོ། བྱུང་ན་ཡུལ་སྐད་ནང་བསང་འབོད་བྱེད་སྲོལ་དེ་ཡང་ཡི་གེར་ཕབས་རོགས་གནང། མ་འོངས་པར་ཕན་ཐོག་ཡོང་བའི་རེ་བ་ཡོད། ༼གང་ལྟར་ང་ཡི་ལུང་པར་ཡོད་པའི་ཆོས་པ་ཚོས་ནི་བོན་སྲོལ་ཡིན་པར་བཞེད་ཀྱིན་འདུག་གོ།༽ དེ་བདེན་པ་ལོས་ཡིན། བསིལ་ལྡན་གངས་རིའི་ལྗོངས་སུ་བོན་དང་བོན་པོས་བཀའ་དྲིན་མ་ཁྱབ་པའི་ཡུལ་ཞིག་སུ་གང་ལའང་མི་རྙེད་དོ།
གཞོན་ནུ་ཟླ་མེད་ཀྱིས་ཁ་བརྡ་སྙན་མོ་ཞིག་གི་མགོ་འཛུགས་ཙམ་བྱས་ནས་བཞག་འདུག་ག
གཡུ་འབྲུག ངེད་ཚོའི་བསང་འབོད་དེ། ཡིག་སྐད་དང་ཡུལ་སྐད་གཉིས་འདྲེས་འདྲ་ཞིག་རེད། གོང་གི གཤེགས་སུ་གསོལ་ཟེར་བ་དེ་ཡིག་སྐད་རེད། དེ་མིན། མ་གོ་ནས་ཉིན་དཀར་གོ་ཟུར་གྱི་རྣ་ཡེད་དགོས། མ་རིག་ནས་ཉིན་དཀར་ཁྱ་ཆུང་གི་མྱིག་ཡེད་དགོས། མྱི་མང་ཅབས་ནས་ཁ་ལས་དགེ་དགོས། ཟེར་བའི་ཡུལ་སྐད་ཀྱང་མང་།
གོ་བདེ་བྱས་ན། མ་གོ་བའི་ཉིན་མོར་མགོ་ཟུར་གྱི་རྣ་བྱེད་དགོས། མ་རིག་པའམ་མ་མཐོང་བའི་ཉིན་མོ་ཁྲ་ཆུང་གི་མིག་བྱེད་དགོས། མི་མང་བོའི་ནང་དུ་ཁ་ལས་དགེ་དགོས་ཟེར་བའི་ཚབ་རེད།
བོན་པོས་གསུངས་པ་བདེན་བདེན་འདྲ། བོད་ཀྱི་ཡུལ་སྲོལ་གོམས་སྲོལ་དང་ནང་ཆོས་དང་བཅས་པར་བོད་ཆོས་ཀྱི་ཤན་མ་ཞུགས་ས་ཞིག་ཕལ་ཆེར་ཡོད་ས་མ་རེད་ལ། དེ་བཞིན་བོན་ཆོས་ལའང་གང་ས་གང་དུ་ནང་ཆོས་ཀྱི་ཤན་ཞུགས་ཀྱིས་ཁེངས་ཡོད་པ་འདྲ།
ཟླ་མེད་ཁྱོད་གྲྭ་པ་ཡས་ནོ་འཆུགས་སོང་ཟིག ཁྱོད་གྲོང་ཟིག་ན་ཡོད་ཀྱི་ན་ཁྱོས་ངོ་མ་རོང་བའི་རིག་གནས་འདི་མི་ཉམས་རྒྱུན་འཛིན་ཞིག་བྱེད་ཐུབ་ས་རེད། ཁྱོད་འདི་ལ་གང་ནས་བཤད་ན་ཤུར་རྒྱ་ཡིན་ནོ།