ཚེ་རིང༌།
ཁ་སང་ནི་གཟའ་ཉི་མ་ཡིན་ལ་ངའི་བུ་མོ་ཆེ་བ་སློབ་གྲྭ་འདིར་ཞུགས་ནས་ཉིན་བཞི་ཏག་ཏག་ལོན་པའི་ཉིན་མོ་རེད། ཞོགས་པ་སྔ་བོ་ཡར་ལངས་ཏེ། བུ་མོས་ནམ་རྒྱུན་དགའ་བོ་བྱེད་པའི་ཤ་མོག་མོག་བཟོས་ནས་སློབ་གྲྭར་བལྟ་རུ་སོང་བ་ཡིན། སློབ་གྲྭར་འབྱོར་མ་ཐག ལག་རྩལ་སྤོ་ལོ་རྩེད་སའི་ཐང་ཆེན་དུ་དགེ་སློབ་ཡོངས་འདུ་འཛོམས་ཆེ་ལ་འཁྲུག་ཆ་དོད་པའི་ངང་སློབ་ཕྲུག་ཁ་ཤས་ཀྱིས་གཞས་དང་ཞབས་བྲོ་རྒྱག་བཞིན་མཐོང་སོང༌། ངས་སློབ་ཕྲུག་ཅིག་ལ་དེ་རིང་གི་རྩེད་མོ་འདི་ཅི་ཞིག་རེད་ཅེས་དྲིས་པར། ཁོས་དེ་རིང་སུ་ཇ་སློབ་གྲྭ་དང་གོ་པཱ་པོར་སློབ་གྲྭ་གཉིས་ཀྱི་སློབ་མའི་ལག་རྩལ་སྤོ་ལོའི་འགྲན་བསྡུར་རེད་ཟེར། དེ་ནས་ལོ་ན་ལྔ་ལ་སོན་པའི་ངའི་བུ་མོ་བཙལ་དུ་སོང་ཡིན། མོ་སྤོ་ལོའི་ཐང་ཆེན་གྱི་གཡོན་ཕྱོགས་སུ་མོ་དང་ན་མཉམ་ཁ་ཤས་དང་ལྷན་དུ་གཞས་དང་ཞབས་བྲོ་རྒྱག་པར་བལྟ་བཞིན་འདུག སྐབས་དེར་ང་རང་བུ་མོའི་ཐག་ཉེར་སོང་ནས་བུ་མོ། བུ་མོ་ཞེས་སྐད་ག་ཚོད་བརྒྱབ་ཀྱང༌། འུར་ཟིང་ཆེ་བའི་རྐྱེན་གྱིས་གོ་ཡི་མི་འདུག དེ་ནས་ང་རང་བུ་མོའི་འགྲམ་དེར་སོང་ནས་ཡང་བསྐྱར་བུ་མོ་ཞེས་བོས་མ་ཐག བུ་མོས་གོ་སོང༌། དྲན་གདུང་གི་རྣམ་འགྱུར་གདོང་ནས་སྟོན་གྱིན་ངུ་ལ་ཁད་ཀྱིས། པཱ་ལགས། པཱ་ལགས་ཟེར་བཞིན་ངའི་གམ་དུ་ཚུར་རྒྱུག་ནས་སླེབས་བྱུང༌།
ངེད་གཉིས་རྩེད་ཐང་གི་གཡས་ཕྱོགས་སུ་སྤང་ཐང་ཡོ་གཟར་ཅན་ཞིག་ཡོད་པ་དེར་བསྡད་དེ་རྔན་པའི་རིགས་མོ་ལ་སྤྲད་པ་ཡིན། ཅུང་ཙམ་འགོར་རྗེས་བུ་ཞིག་དང་བུ་མོ་ཞིག་གིས་ངའི་བུ་མོའི་མིང་འབོད་བཞིན་ངེད་གཉིས་ཀྱི་ཕྱོགས་སུ་སླེབས། ངའི་བུ་མོས་ང་ཚོ་ཁྱྀམ་ཚང་གཅིག་རེད་ལ་ཁོ་གཉིས་གུང་སེང་ལ་འགྲོ་ས་ཡོད་པ་མ་རེད་ཟེར། དེ་ནས་ངས་བྱིས་པ་དེ་གཉིས་ལ་ཁྱོད་གཉིས་ཀྱི་ཕ་ཡུལ་གང་ནས་ཡིན་ཞེས་དྲིས་པ་ན། གཅིག་གིས་ངའི་ཕ་ཡུལ་ལྷ་ས་ཡིན་མོད། གྲོང་པ་གང་ཡིན་གསལ་བོ་མི་ཤེས་ཟེར། གཅིག་གིས་ངའི་ཕ་ཡུལ་ཨ་མདོ་ཡིན་ལ། ང་འདིར་སླེབས་ནས་ལོ་བཞི་འགོར་སོང་བས་གྲོང་པའི་མིང་ཡིད་ལ་མི་དྲན་པ་དང་འདི་ཕྱོགས་སུ་ཤ་ཉེ་དང་སྤུན་ཟླ་གཅིག་ཀྱང་མེད་ཟེར། གང་ལྟར་ལོ་ཆུང་འདི་གཉིས་ལ་མཚོན་ན་རང་ཉིད་སྐྱེ་སའི་གྲོང་ཚོ་ཡང་མི་ཤེས་པས། དངོས་སུ་ཕ་མ་གཉིས་སླེབས་ནའང་ངོ་མི་ཤེས་པ་ཆགས་སྲིད་པ་དང༌། ད་དུང་སློབ་གྲྭའི་དབྱར་དགུན་གུང་སེང་ལ་འགྲོ་ས་མེད་པའི་དཀའ་ངལ་སོགས་ཀྱིས་བྱིས་པ་འདི་དག་གི་འབྱུང་འགྱུར་གྱི་གནས་བབ་ལ་བསམ་བློ་གཏོང་ཁུལ་བྱེད་དགོས་བྱུང༌།
དེ་ནས་ཅུང་ཙམ་འགོར་རྗེས་སྤོ་ལོའི་འགྲན་བསྡུར་མགོ་བཙུགས་སོང་ལ་སློབ་གྲྭ་རེར་བུ་མོའི་སྤོ་ལོ་རུ་ཁག་དང་བུའི་སྤོ་ལོ་རུ་ཁག་གཉིས་རེ་ཡོད་ཀྱང༌། དང་པོ་དེ་ལ་བུ་མོ་རུ་ཁག་སྤོ་ལོ་རྩེད་པ་དང་རྗེས་ནས་བུའི་རུ་ཁག་རྩེད་རྒྱུ་རེད་ཟེར། རུ་ཁག་དེ་གཉིས་ཀྱི་ནང་གི་སྒྲིག་ཆས་དམར་པོ་གྱོན་པའི་རུ་ཁག་དེ་སུ་ཇ་བོད་ཁྱིམ་ཡིན་པ་དང༌། སྒྲིག་ཆས་སེར་པོ་གྱོན་པའི་རུ་ཁག་དེ་གོ་པཱ་པོའི་བོད་ཁྱིམ་རེད། རུ་ཁག་དེ་གཉིས་ཀྱི་ཤན་འབྱེད་པ་ཚོས་སོ་སོས་གང་འཇོན་ལྟར་ནོར་འཁྲུལ་མ་བྱུང་བར་གཟབ་གཟབ་ཀྱིས་ཤན་འབྱེད་བྱེད་བཞིན་མཆིས་མོད། གྱོན་པ་དམར་པོ་གྱོན་པའི་རུ་ཁག་དེས་སྤོ་ལོ་ནང་དུ་བླུགས་ནའང་སྐད་ཅོར་རྒྱག་མཁན་གཅིག་ཀྱང་མི་འདུག རུ་ཁག་གཞན་དེས་སྤོ་ལོ་ནང་དུ་བླུགས་པ་དང་མཉམ་སློབ་ཕྲུག་ཚོས་སྐད་ཤུགས་ཆེན་པོས་གོ་པ་པོ་ཟེར་བའི་དབྱིན་གཞས་དང་བོད་གཞས་གཏོང་བའི་སྒྲ་གནམ་ས་བཀབ་པ་བཞིན་གྲག། ངས་རུ་ཁག་གང་ལ་ཐོབ་ནའང་བོད་རིགས་སློབ་གྲྭ་གཅིག་པ་དང་བོད་ཁྱིམ་སློབ་གྲྭ་ཡིན་པའི་ཚོར་བ་སྐྱེས། གང་ལྟར་མཐའ་མའི་རྒྱལ་ཁ་དེ་སུ་ཇ་སློབ་གྲྭའི་བུ་དང་བུ་མོའི་སྤོ་ལོ་རུ་ཁག་གཉིས་ལ་ཐོབ་སོང༌། ཉིན་དེའི་སྔ་དྲོའི་སྤོ་ལོའི་འགྲན་བསྡུར་དེ་མཇུག་རྫོགས་སོང༌།
ང་དང་ངའི་བུ་མོ། སྔོན་གྱི་བྱིས་པ་གཉིས་བཅས་དེ་གའི་སྤང་ཐང་སྐྱིད་ས་ཞིག་ཏུ་སོང་ནས་མོག་མོག་ཟོས་པ་ཡིན། བུ་དེས་བཤད་རྒྱུར། ང་ལའང་གཟའ་ཉི་མ་རྟག་པར་ཁ་ལག་སྐྱེལ་མི་ཞིག་ཡོད་ན་ཅི་མ་རུང་ཟེར་བ་དང༌། ང་ནི་འཚར་ལོངས་བྱུང་སའི་ས་ནི་མདོ་སྨད་ཀྱི་འབྲོག་སྡེ་ཞིག་ཡིན་ལ། ཡུལ་ན་ཡོད་དུས་ཞོ་དང་ཤ མར་སོགས་ཀྱིས་སྐྱག་ལང་དུ་ཤོར་སོང་བས། འདི་གར་སླེབས་པ་ནས་བཟུང་འབྲས་རྡ་ལིའི་འཚོ་བ་ནི་གོམས་ཁག་པར་གྱུར་པ་མ་ཟད་ཕ་ཡུལ་གྱི་ཤ་མར་ཐུད་གསུམ་དང༌། རྟ་ནོར་ལུག་གསུམ་སོགས་ཧ་ཅང་དྲན་ཟེར། བུ་མོ་དེས་ནམ་རྒྱུན་གྱི་གུང་སེང་གཟའ་སྤེན་པ་གཉིས་པ་ཕར་ཞོག དབྱར་དགུན་གྱི་གུང་སེང་དུས་ཚིགས་དེས་ང་དང་ང་ལྟ་བུ་འགྲོ་ས་མེད་པ་དག་ལ་མ་སྐྱིད་པ་བཟོ་ཡི་འདུག་ལ། སྡུག་བསྔལ་དེར་བཟོད་སྒོམ་ཅི་ཙམ་བྱས་ཀྱང་རང་ཉིད་ཁེར་རྐྱང་དུ་ལུས་དུས་གུང་སེང་ལ་འགྲོ་ས་ཡོད་པའི་སློབ་ཕྲུག་ལ་ཡིད་སྨོན་ཡང་ཡང་ཤོར་མྱོང་ཟེར། སེམས་པ་བུ་མོར་འཕྲེང་བའི་སྡུག་བསྔལ་གྱི་ཚོར་བ་དེའི་སྟེང་ལ། ངའི་བུ་མོ་དང་ཁྱྀམ་ཚང་གཅིག་པའི་བྱིས་པ་དེ་གཉིས་ཀྱི་དྲན་གདུང་གི་སྐད་ཆ་དེ་དག་གོ་ཡོང་དུས། ངའི་སེམས་པ་འདི་དགུན་ཁའི་རྡོ་བཞིན་འཁྱག་ནས་འཁྱག་ཏུ་འགྲོ་རུ་བཅུག་སོང༌།
སྤྱིར་བྱིས་པའི་སེམས་ངོས་ཀྱི་འཇིག་རྟེན་ཡངས་ཤིང་རྒྱ་ཆེ་ལ། མཛེས་སྡུག་ངོ་མཚར་དང་ལྡན་པ་ཞིག་ཡོད་པ་ནི། ཨ་མའི་པང་རེད། ཨ་མའི་པང་དང་བྲལ་བའི་ཆུང་ཆུང་གི་བྱིས་པ་ཞིག་ལ་མཚོན་ན། སེམས་ཀྱི་སྤྲོ་སྣང་ཟེར་བ་ཞིག་ཡོད་ཀྱི་མ་རེད་སྙམ་པ་སོགས་སྐྱོ་ངལ་གྱི་ཆང་གིས་བཟི་བའི་སེམས་པས་འདི་ལྟར་བསམ་གཞིགས་ཀྱི་གོམ་འགྲོས་འཁྱར་འཁྱོར་སྤོས་ནས་ཕྱིར་རང་ཁྱིམ་དུ་སྙེགས་འོང་བ་ཡིན། ད་ལྟའང་བྱིས་པ་དེ་ཚོའི་སྐད་ཆ་དེ་ཚོ་ངའི་རྣ་ལམ་ན་གསལ་ལྷང་ངེར་གྲག་གིན་འདུག 3»³#