༼བརྩེ་དུང་གི་རྒྱལ་སྲས་སུ་འབོད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་རོལ་ཞིང་མྱོང་བའི་ཚོར་བ་འགའ་ཞིག་ཡིག་གཟུགས་སུ་བཏབ་པ༽
འཆི་བདག་ནག་པོ།
ཆེས་ཐོག་མའི་གསང་གཏམ་གཞན་ཞིག་གི་ས་བོན་སྨིན་ས་རེད་ཟེར་བའི་རི་ངོགས་དེ་ནི ས་ཆ་དེ་ནི
ཁུ་སིམ་པའི་ལྷོ་རོང་མོན་པའི་ནགས་ཁྲོད་དེ་ཡང སུ་ཞིག་གི་སྙིང་གཏམ་ཤུབ་ཤུབ་དེས་དཀྲོག་བཞིན་འདུག
སྨྲ་མཁན་ནེ་ཙོ་མ་གཏོགས་སུ་དང་གང་གིས་ཤེས་མི་སྲིད་པའི་གཏམ་རྒྱུད་མང་བོ་མང་བོ་ཞིག
ལྷིང་འཇགས་ཀྱི་རི་ཞོལ་དེ་རུ་སྦས་ཤིས གཏན་དུ་ནུབ་མི་སྲིད་པར་བྱས་པ་དེ་དག
ད་ལྟ་ཡང ཐ་སྙད་ཀྱི་འཕྱང་འཕྲུལ་བརྒྱུད་དེ་མྱི་སེམས་ཀྱི་སྲུབས་ཀ་རེ་རེ་འཚང་ཡོང་བའི་རླུང་བུའི་རིགས་འདི
བསམ་ཡས་ཀྱི་བྱ་སྐད་དེ་གནམ་མཐའི་སྐྱ་འོད་དང་ལྷན་དུ་བཞུར་ཡོང་ན སྙིང་གཏམ་ཡང་བཤད་འཕྲོར་ལུས་འགྲོ
ཐོ་རངས་ཀྱི་ཁ་བ་དེས་ལན་ནམ ཡང་ན་གཞན་ཞིག གང་ལྟར་གསང་དང་མ་གསང་མི་འདུག
གངས་ངོགས་ཀྱི་རྐང་རྗེས་ལ་གཤེ་ཞིང་ཁྲོ་བའི་ཁྱུ་རྒན་རྒྱ་བོ་འམ གཞན་ཞིག
དེ་ལྟར་ན་ཡང སེམས་ཤོར་མཐུན་པ་བྱུང་བས ཤ་འདྲེས་སྤགས་འདྲེས་སུ་གྱུར་སོང
སྐྱིད་ཆུ་སྔོན་མོར་འགྲམ་དར་ཆགས་དུས ངང་ཁྱུ་དེ་ཐག་རིང་ཐག་རིང་ལ་བསྙེགས་ཏེ་འཕུར་འགྲོ་ཡི་འདུག
ཞེན་ཆགས་ཀྱི་ཕྱིར་མིག་ཁོ་ན་མཚོ་འགྲམ་གྱི་ཙག་རླུང་དང་ལྷན་དུ་ལྡང་གིན་འདུག
མཐའ་མཇུག་གི་གྱེས་ཚིག་ལས འབྲལ་མི་བཏུབ་པའི་མིག་ཟུང་མཆི་མས་བརྣངས་བར་བསམ་ན
རེ་ཞིག་སྡོད་དགོས་བསམ་ཀྱང མི་ཚོགས་ཀྱི་མཆུ་ཏོ་རྩུབ་དྲགས་པས
བར་ཐག་ནི་རྔམ་མཐུག་པའི་ནམ་མཁའ་འམ སྣང་བ་ཡུག་གཅིག་གིས་བསྒྲིབས་པ་འོ
སུ་ཞིག་གིས་ཚོམས་ཆེན་གྱི་སྒེའུ་ཁུང་ལས་རང་གི་མཛའ་མོ་ཁོ་ན་དྲན་གྱིན
འདམ་ལ་ཆགས་པའི་ངང་ཁྱུའི་འཕུར་སྟངས་ལ་བལྟས
ངང་ཁྱུ་དེ་ས་སྲོད་དང་མཚམས་སྤྲིན་གྱི་སྲུབས་ཀ་ནས་རྒྱང་ལ་ཡལ་རྗེས
མིག་ཆུའི་དོག་པ་རེ་རེ བྲིས་པའི་ཡིག་ཆུང་རེ་རེ ཡང་ན་མ་བྲིས་སེམས་ཀྱི་རི་མོ་གཞན་ཞིག
བསུབས་ཀྱང་བསུབ་རྒྱུ་མེད་པ་དེ་དག ངང་ཁྱུའི་འཕུར་སྟངས་ལྟར་ཁུ་སིམ་མེར དལ་ཅག་གེར
མུན་པའི་བྲང་ཁོག་ཀྱང་གཤགས་ཏེ་ས་ཆ་གཞན་ཞིག་གམ རུམ་ཁུང་གཞན་ཞིག་ལ་ཟགས་ཀྱིན་འདུག
དྲན་གདུང་གི་རྔམ་ཁ་མཐུག་དྲགས་པས རྒྱུན་དུ་ཡར་ཀླུང་གཙང་འགྲམ་ནས་ཆང་རག་ལ་རོལ་བའི་མི་དེ
རྣམ་དག་གི་བརྩེ་གདུང་ལྕི་དྲགས་པས ལུས་པོའི་ཤ་ཡང་སྐམ་རིད་དུ་གྱུར་པའི་མི་དེ
གྱེས་བྲལ་གྱི་ཁོག་ནད་དེ་ཆང་རག་གིས་བསུབས་མ་བཏུབ་པས དྲན་མགུར་གྱིས་ཀྱང་བཟློག་མ་བཏུབ་པས
མཚན་མོའི་གཉིད་ཐབས་བཅག་སོང རྨི་ལམ་ཡང་བོར་སོང
ལྕང་ལོ་ལྡེམ་ལྡེམ་གྱི་སྐྱེ་གཟུགས་དེ་གཞན་ལ་དབང་སོང་རབས་ཟེར་བས
དཀར་མདངས་དམར་བའི་མཁུར་ཚོས་དེ་གཞན་གྱིས་གཅེས་སོང་ཚུལ་ཐོས་པས
འཛེམས་བག་འདྲེས་པའི་ངང་གཤིས་འཇམ་པོ་དེ་ཡང སྐྲ་ལོའི་གསེབ་ཀྱི་གཡུ་ཆུང་དྲུག་དཀར་དེ་ཡང
སེམས་སོང་གི་བྱམས་པ་གཞན་ཀྱིས་འདུན་མར་བླངས་ཤུལ་ན
ངོ་གདོང་གི་ཨ་ར་མཐུག་ཏུ་ཕྱིན་པའི་མི་དེ པོ་ཏཱ་ལ་ནས་ལྷ་ས་ཞོལ་དུ་ལྡོམ་པའི་མི་དེ
མི་དེ འཛད་མེད་ཀྱི་གཞས་ཆུང་དབྱངས་སུ་གྱེར་མཁན་གྱི་མི་དེ
༢༠༡༡ ༡ ༢༧ ནོར་གླིང་མཐོ་སློབ་ཏུ།
འདི་ལ་མཆན་རྒྱག་མཁན་མེད་པར་ཁེར་རྐྱང་དུ་ལུས་འདུག་པས་མཆན་རྒྱག་མཁན་ཡོང་ཆེད་བང་ཆེན་གསར་ཤོག་སྟེང་ནས་༼ཤར་ཕྱོགས་ཁུག་རྟ་ལགས་ཀྱི་དཔྱད་རྩོམ་དེ་བརྐུད་ཡོང་ནས་འདིར་བཞག་ཡོད།༽ དོན་ལ་ཁོང་གིས་བསམ་བློ་ཞིབ་ཚགས་པོ་བཏང་འདུག་ལ་གནད་འགག་ཀྱང་ཤིན་ཏུ་ཆེན་པོ་ཞིག་རེད་འདུགཁོང་གི་དཔྱད་རྩོམ་ལ་བང་ཆེན་སྟེང་མཆན་རྒྱག་མཁན་གཅིག་ཀྱང་བྱུང་མི་འདུག་པས་དཔྱད་རྩོམ་ལེགས་པོ་འདི་ལྟ་བུ་ལ་མཆན་བརྒྱབ་སྟེ་བསམ་ཚུལ་སྤེལ་མཁན་མེད་ན་ཤིན་ཏུ་ཕངས་པས་འདིར་བཞག་པ་ཡིན་སྟབས་དོ་བདག་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ལགས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཤར་ཕྱོགས་ཁུག་རྟ།
ངས་ཁ་བྱང་འདི་འདྲ་ཞིག་གི་འོག་ནས་སོ་སོ་སྒེར་གྱི་བསམ་ཚུལ་བྲིས་པ་དེ་ང་དང་བསམ་ཚུལ་མི་མཐུན་མཁན་ཚོ་དགོངས་པ་མ་འཚོམ་རོགས་ཞེས་ཐོག་མ་ནས་ཞུ་རྒྱུ་ཡིན། བཀའ་ཁྲིའི་གནད་འགག་གླེང་ནས་མཁས་བླུན་ཚང་མ་ད་ནི་རྣ་བ་རྒྱགས་པའི་ཚོད་དུ་སླེབས་ཁར། ཆོས་དང་རིག་གཞུང་ཞེས་དཔེ་ཆ་བློ་འཛིན་བྱས་པ་ལྟར་བོད་མི་རེ་རེར་རྒྱུ་མཚན་རེ་བགྲང་རྒྱུ་ཡོད་པའི་དུས་ཚོད་འདིར། ངའི་བཀའ་ཁྲི་བཀྲས་མཐོང་ལ་ཐོབ་དགོས་པའི་རྒྱུ་མཚན་ཡང་གཅིག་ལས་མེད་ལ།
དེ་ནི་ད་བར་བཀུར་འོས་འོས་མི་གསུམ་གྱི་གཏམ་བཤད་ནང་ཕན་ཚུན་ཞིབ་བསྡུར་བྱས། རང་ཉིད་བོད་མི་སྤྱི་མཚུངས་ལྟར་གཡར་བའི་ལུང་པ་ཞིག་ཏུ་སྡོད་པའི་དྲན་ཤེས་ཤུགས་ཀྱིས་བསྟེན། ལྷ་ས་ནས་འཕོས་པའི་བོད་གཞུང་གི་རྒྱུན་མཐུད་དང་དེའི་མང་གཙོའི་གོམ་སྟབས་རྣམས་ཀྱང་དྲན་པར་བྱས། ཤེས་ཡོན་དང་ཁྲིམས་ཀྱིས་ཆེན་པོ་བསྒྱུར་མེད་པའི་ང་རང་ཐེ་བའི་བོད་མི་དག་གི་གཤིས་ཀ་ཡིད་ལ་རུམས། བདེན་པ་དང་གནས་ལུགས་མངོན་སུམ་ཡིན་ཡང་སྲིད་དོན་ཁེ་ཕན་དང་འབྲེལ་འདྲིས་ཤུགས་ཆེན་གྱི་སྣེ་མོར་འཐམས་འགྲོ་བའི་སྲིད་གཞུང་དག་དྲན་པར་བྱས་པས། ངའི་བཀའ་ཁྲི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན་སོང་བ་རེད། འདི་ནི་ང་བཀའ་ཁྲི་མེད་པ་ནས་ཡོད་པར་གྱུར་བའི་བརྒྱུད་རིམ་ཡང་ཡིན་ལ། དངུལ་དངོས་དང་ངོ་ཤེས་ཀྱིས་མ་ཁྱེར་བའི་ངའི་བཀའ་ཁྲིར་གྱུར་སོང་བ་རེད།
ཡིན་ཡང། བོད་མི་ཚོའི་ཁ་རུ་འཇགས་པ་ཞིག་མཚམས་འདིར་ང་ལ་གླེང་རྒྱུ་མི་འདུག་ལ། གོང་དུ་བཤད་པར་ལྟར། ངའི་བཀའ་ཁྲི་ཡིན་པའི་རྒྱུ་མཚན་གཅིག་པུ་དེའང་ཁོང་གི་གསུང་བཤད་ལས་ཇི་བཞིན་འདྲེན་རྒྱུ་ཡིན། གསུང་དུམ་འདི་ལ་བརྟེན་པའི་ངས་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་མ་འོངས་པར་བཅངས་བ་རྣམས་གླེང་དགོས་དོན་མི་འདུག་ལ། དེ་ནི་ང་སྒེར་ལ་རྨི་ལམ་ཞིག་ཡོད་པའི་དབང་དུ་བཏང་ཡང་མི་འགྲིག་པ་གང་ཡང་མེད།
ཁོང་གིས་༼ ལྷན་རྒྱས་ཚོས་ཡི་ཤུའི་བླ་ཆེན་མཁྱེན་གི་རེད་པཱ། པོབ་ཟེར་བ་དེ། ཡི་ཤུའི་བླ་ཆེན་དེ་ཡི་ཤུའི་ཚང་མའི་སྐུ་ཚབ་མ་རེད། ཡི་ཤུའི་ནང་གི་ Catholic ཟེར་བ་ཁོང་ཚོའི་སྐུ་ཚབ་ཞིག་རེད། ཁོང་ཚོའི་སྐུ་ཚབ་དེ་ལོ་བརྒྱ་གཉིས་བརྒྱ་གོང་གི་གནས་ཚུལ་རེད་དེ། ཐབས་ཤེས་བྱས་ནས་རིམ་པས་རིམ་པས་ཡི་ཤུའི་ཚོགས་པ་དེ་ངོས་འཛིན་བྱས་པ་རེད། ངོས་འཛིན་ཡོད་པའི་མི་ཚད། རྒྱལ་ཁབ་ཅིག་ནང་བཞིན་གྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང། དེང་སང་དུས་ཚོད་འདིར་འཛམ་བུ་གླིང་འགྱུར་བ་འགྲོ་བའི་སྒང་རེད།
ཨུ་ནེ་༧རྒྱལ་བ་རིན་པོ་ཆེའི་དགའ་ལྡན་ཕོ་བྲང་དེ་རྒྱལ་སྤྱིའི་སྒང་ནས་ཐབས་ཤེས་མེད་པ་ག་རེ་ཡིན་ནམ་བསམ་གི དཔེར་ན་ང་ཚོས་འགོ་བཙུགས་པ་ཡིན་ན། རྩ་བའི་ཞིབ་ཕྲ་ཁྲིམས་ཤེས་མཁན་དང་ཁྲིམས་རྩོད་པ་ཚད་ལྡན་གྱི་ཐོག་ནས་མཉམ་རུབ་བྱེད་དགོས་པའི་ལས་ཀ་རེད་དེ། གཙོ་བོ་རྡོག་རྡོག་ཞུས་པ་ཡིན་ན། བོད་པའི་དགོན་པ་དང་བོད་པའི་ཆོས་ཚོགས་རེད། ༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་ནང་ཆོས་ཀྱི་དབུ་ཁྲིད་ཡིན་པ་ངོས་འཛིན་བྱེད་ཀི་རེད། དེ་ཕལ་ཆེར་ཐེ་ཚོམ་མེད་པར་ཞུ་ཀི་རེད་བསམ་གི་འདུག
དེ་ནང་བཞིན། ལ་དྭགས་དང་འབྲུག འབྲས་ལྗོངས། བལ་ཡུལ་དེ་ཚོའི་ནང་ལ་ང་ཚོའི་བོད་རིགས་གཅིག་པ་ཟེར་དགོ་རེད་པས། ཧི་མ་ལའི་རི་བརྒྱུད་ཀྱི་མི་མང་པོ་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་སྒྲིག་འཛུགས་དེ་ཚོས་ངོས་འཛིན་ཏན་ཏན་ཞུ་གི་རེད་བསམ་གི དེ་ངོས་འཛིན་མ་ཞུས་ན་ངོས་འཛིན་ཞུ་ས་ཡོད་པ་མ་རེད། རང་བཞིན་གྱིས་བོད་མི་ལས་བརྒལ་བའི་ཧི་མ་ལའི་རི་བརྒྱུད། ལ་དྭགས་དེ་ཚོ་བརྩིས་པ་ཡིན་ན་རྒྱ་གར་རེད། དེ་བཞིན་བལ་ཡུལ་དགོན་པ་དེ་ཚོ་བརྩིས་ན་རང་བཞིན་གྱིས་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་འགྲོ་གི་རེད་བསམ་གི་འདུག
དེ་མ་ཟད་སོག་ཡུལ་ལ་སོག་པོ་ཚོར་ནང་ཆོས་ཐད་བསྐྱར་གསོ་ཆེན་པོ་བྱས་ཡོད་རེད། དེའི་ནང་མཁན་པོ་དང་ཆེ་ཁག་དེ་ཚོ་རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་སར་ཕྱག་དཔེ་གཟིགས་མཁན་དེ་འདྲ་རེད། དེའི་ངོ་ཕྱོགས་ནས་ངོས་འཛིན་ཡོང་གི་རེད་བསམ་གི་འདུག དེས་མ་ཟད། ཨུ་རུ་སུའི་ནང་ཁལ་མུག་ཟེར་བ་དེའི་བླ་ཆེན་དེ་རྟག་པར་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བཅར་མཁན་ཞིག་རེད། ངོས་འཛིན་བྱེད་ཀྱི་རེད།
དེ་ནས་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ཆོས་ཚོགས་མང་པོ་ཡོད་པ་རེད། དེ་ཚོ་དེབ་སྐྱེལ་གྱིས་ལུང་པའི་ཁྲིམས་དང་མཐུན་གི་རེད། དེ་ཚོས་རྒྱབ་སྐྱོར་བྱེད་ཀྱི་རེད། དེ་ནས་༧རྒྱལ་བ་རིན་པོ་ཆེས་ཆོས་ལུགས་ཚང་མའི་སྐོར་ལ་བཀའ་སློབ་མང་པོ་ཕེབས་ཀྱི་ཡོད་ཙང། ཡི་ཤུའི་ཆོས་ཚོགས་དང་ཁ་ཆེའི་ཆོས་ཚོགས་ཁ་ཤས་ཀྱིས་སོ་སོའི་ནང་ཁུལ་གྱི་བླ་མ་ལས་༧རྒྱལ་བ་རིན་པོ ཆེར་མོས་པ་ཡོད་བསྡད་པ་རེད། བྱས་ཙང་དེ་ཚོས་རྒྱབ་སྐྱོར་བྱེད་ཀྱི་རེད་བསམ་གི་འདུག དེ་འདྲ་བྱས་དུས། ང་ཚོར་འཛམ་བུའི་གླིང་གི་སྒྲིག་འཛུགས་བརྒྱ་ཕྲག་གཅིག བྱུང་ན་སྟོང་ཕྲག་མང་པོས་༧རྒྱལ་བ་རིན་པོ་ཆེའི་དགའ་ལྡན་ཕོ་བྲང་འདི་ལ་ངོས་འཛིན་ཡོད་ཟེར་བའི་ལམ་ཀ་ཞིག་ལ་འགྲོ་ཐུབ་པ་ཡིན་ན། ཨུ་ནེ། ཡང་སྲིད་གསར་བ་ཞིག་གདན་འདྲེན་ཞུ་སྐབས་ཀྱང་རྒྱ་མིས་ལམ་སེང་ལག་པ་འཆང་རྒྱུར་ཚོགས་པ་སྟོང་ཕྲག་ཅིག་གིས་འགོག་རྐྱེན་ཞིག་མེད་འགྲོ་བསམ་གི་འདུག ཐལ་མོ་བརྡབས། དེ་ཚོའི་གྲས་ཐབས་ཤེས་དང་བསམ་བློ་བཏང་བ་ཡིན་ན་བྱེད་རྒྱུ་ཡོད་པ་ཞིག་རེད་བསམ་གི་འདུག ༽
གོང་གི་གསུང་དུམ་འདི་ངས་འོས་ཤོག་དེ་མེད་པ་ནས་ཡོད་པར་གྱུར་སོང་བའི་བཀྲས་མཐོང་གི་ཤུགས་རེད་ལ། ངའི་བཀའ་ཁྲིའི་དགོངས་གཞིའི་ནང་གི་ནང་དོན་ལྡན་ཤོས་དེ་ཡིན་པར་བསམ། རྒྱུ་མཚན་འདི་དག་གིས་མི་ཆུང་ཆུང་ཞིག་གིས་རང་ལ་དབང་བའི་ཐོབ་ཐང་སྤྱད་དེ། བཀའ་ཁྲིའི་སྐོར་ལའང་ཉོག་གཏམ་ཞིག་མི་འབྲི་ཀ་མེད་བྱུང་སོང་ལ། བཙན་བྱོལ་ནང་གི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བ་ལྟ་བུའི་མིང་དང་གཟུགས་ཙམ་གྱིས་འཚོ་བ་དག་གི་རྒྱབ་སྐྱོར་བྱེད་ས་དང་ཁོ་བོའི་འོས་ཤོག་འཕེན་ས་གཅིག་ཏུ་གྱུར་བས་སེམས་པ་སྐྱོ་ཡང་ཐབས་བྲལ་དུ་གྱུར།
ལར་ནས་གོང་གི་དགོངས་བཞེས་དེ་འདོད་པའི་ངའི་ཤེས་པའི་འགུལ་བསྐྱོད་དག་བོད་མི་རིགས་ཀྱི་འབྱུང་འགྱུར་དུ་མི་འོས་ལ། བཙན་བྱོལ་གནས་སྐབས་ཀྱི་སྒྲུབ་བྱ་ཞིག་ལའང་མི་རན་ནོ་ཞེས་མདའ་དང་མདུང་མོས་ཅི་ལྟར་གཞུས་ཀྱང། བསམ་ཚུལ་འདི་འདོད་པས་རང་གི་མོས་མཐུན་རྣམས་བྱུང་རབས་ཁྲོད་དུ་བོད་པའི་འདུན་མ་སྒྲུབ་བྱེད་ཅིག་ཏུ་མ་གྱུར་བར། དུས་རབས་གཅིག་གམ མི་ལོ་བཅུ་ཕྲག་མང་པོ་འདས་མཐའ་ཞིག་ནས་བུ་རབས་ཚ་བརྒྱུད་ཚོས་དམོད་མོ་གཏོང་ཡུལ་ཞིག་ཏུ་གྱུར་ཀྱང་རུང། ཁོ་བོས་བཀའ་ཁྲི་ལ་བཅངས་པ་ནི་འདི་ལས་གཞན་ཞིག་ད་ལྟ་མ་རྙེད་དོ།
ཕ་ཡུལ་གྱི་ལོ་གསར་ཚེས་གཅིག་ཉིན་རྫོགས་པར་བགྱིས།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་དཔྱད་བརྗོད་ཤིན་ཏུ་ལེགས་པོ་གནང་བར་ཐུགས་རྗེ་ཆེ་ཞུ། །བཀྲས་མཐོང་ལགས་ཀྱི་དེ་ལྟར་གསུངས་པ་ང་ཡིས་གོ་བྱུང་ཡང་ཁྱེད་ལྟར་བསམ་བློ་གཏིང་ཟབ་མོ་འདི་འདྲ་འཁོར་མ་བྱུང་། དངོས་གནས་བཀྲས་མཐོང་གི་དགོངས་ཚུལ་འདི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད་འདུག་ལ། བོད་མི་རིགས་ལ་ཕན་འབྲས་ཧ་ཅང་ཆེ་བའི་བསམ་ཚུལ་ཞིག་རེད་འདུག མི་ཕལ་པ་ཞིག་ནས་བསམ་ཚུལ་འདི་ལྟ་བུ་འཁོར་དཀའ་ལ་འཁོར་བའི་དབང་དུ་བཏང་ཀྱང་བྱ་སྤྱོད་ལག་བསྟར་ཐུབ་ཐབས་མེད། འོན་ཀྱང་བཀྲས་མཐོང་ལ་ནུས་པ་དེ་ཆ་ཚང་ལྡན་འདུག ཁོང་གིས་ལས་གཞི་འདི་བརྩམས་ན་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། །
བསྟན་རྣམ་ལགས་ཀྱི་དགོངས་ཚུལ་འདི་ཕུགས་རྒྱང་རིང་པོའི་དགོངས་ཚུལ་ཞིག་རེད་འདུག ཁོང་གིས་བོད་མི་༡༠༠༠ ཨ་རིར་འཐེན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ། ཏཱ་ལའི་བླ་མའི་ཐེབས་རྩ་འཛིན་སྐྱོང་གནང་བ་སོགས་ལ་བལྟས་ན་ཁོང་གིས་གསུངས་པའི་ད་ལྟའི་དགོངས་གཞི་འདི་ཡང་ལས་སླ་པོར་བསྒྲུབ་ཐུབ་ཀྱི་རེད། འདི་དངོས་གནས་གལ་ཆེན་པོ་འདུག
འདི་ཐམས་ཅད་གཉིད་ཁུག་པ་འདྲ། ད་སད་ཚོད་ཡིན་ད།
དོ་ཧ་ཞེས་པ་ཅི་ཞིག་ཡིན། །
མགུར་གླུ་དེ་ཡང་གང་ལ་ཟེར། །
མི་ལས་མགུར་འབུམ་གསུངས་དགོས་ཅི། །
༸དྲུག་པའི་ཚངས་དབྱངས་སྙན་དངགས་སྙན། །
ང་ཡང་དེ་དག་མཚུངས་པར་ཤོག །