འཇིག་རྟེན་ཆགས་གནས་འཇིག་སྟོང་གི་ལོ་རྒྱུས་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། ཤམ་བྷ་ལའི་ངོ་མཚར་བའི་གཏམ་རྒྱུད། དགའ་ལྡན་ལྷ་ཡུལ། ཟངས་མདོག་དཔལ་གྱི་རི་བོ། ཆོས་ལོངས་སྤྲུལ་གསུམ་གྱི་ཞིང་ཁམས། ད་དུང་དྲི་ཟའི་འཇིག་རྟེན་ཆགས་འཇིག་གི་བཤད་པ་སོགས་ནི། ང་རང་ལོ་ན་ཕྲ་མོའི་དུས་ནས་ཆེས་དགའ་སའི་ཤེས་བྱ་སྐོར་ཅིག་ཡིན། ལྷག་པར་མཐའ་ཡས་པའི་འཇིག་རྟེན་དང་། སྐུ་དང་ཞིང་ཁམས་ཀྱི་རྣམ་བཞག་ལས། ང་ལ་སེམས་རྒྱ་དང་སྤྲོ་སྣང་བསླངས་པའི་བཀའ་དྲིན་ནི་ནམ་ཡང་བརྗེད་མི་ཐུབ་པ་ཞིག་རེད། དྲང་མོར་བཤད་ན། དེ་ནི་སྒྲུང་ལ་དགའ་བའི་བྱིས་པ་ཞིག་ལ་སྒྲུང་གཏམ་ལས་བྱུང་བའི་ཚོར་སྣང་བན་བུན་ཞིག་ལས། གཞི་ངོ་བོའི་གནས་ལུགས་ཞེས་པ་རྟོགས་སོང་པ་ཞིག་མིན་པར་ཧ་གོ་གི་ཡོད། ངས ནམ་རྒྱུན་འདི་སྐོར་ལ་བསམ་གཞིགས་བྱེད་སྐབས། དེང་དུས་ཁར ཁྲོན་རི་མོ་ལྟར། སེམས་ཀྱིས་བཞེངས་ཐུབ་ཚད་འཇིག་རྟེན་གྱི་ཁམས་ཤིག་ཡིན་པའི་སྣང་ཤེས་སྐྱེ་ཞིང་། ཡང་སྐབས་རེར་དངོས་ཁམས་ཚན་རིག་གིས་བཤད་པ་ལྟར། འཇིག་རྟེན་ནི་ཕྱི་དོན་ཉིད་ཀྱི་ཆོས་ཤིག་ཡིན་པའི་ཚོར་བ་ཡང་དབང་མེད་དུ་འཆར། བསམ་བློ་བཏང་གིན་བཏང་གིན་ཅིག་ཤེས་པ་ནི། རྒྱ་ཆེ་གཏིང་ཟབ་ཀྱི་ལྟ་གྲུབ་ཅིག་མ་ཡིན་པར། རང་ཉིད་ཀྱི་ཁ་ཟས་དང་། གྱོན་ཆས། སེམས་ཀྱི་དགའ་སྡུག ལུས་ཀྱི་ཆ་ཤས་འདི་དག་ཀྱང་ཅི་ཞིག་ཡིན་མིན་གསལ་བོ་ཞིག་ངོས་འཛིན་མི་ཐུབ་པ་འདི་རེད། ཅིག་ཐེངས་ན་འདི་ངའི་སེམས་ནད་ཅིག་ཡིན་ཤས་ཆེ། ངས་ངོ་ཤེས་མང་བོ་ཞིག་ལ་ཁ་བརྡ་བྱེད་སྐབས། ང་ཚོའི་བསམ་བློ་གཏོང་སྟངས་དང་སྐད་ཆ་བཤད་སྟངས། འགྲོ་འདུག་གཤིས་སྤྱོད་སོགས་རྦད་དེ་ལོག་པར་ཆགས་ནས། གྲོགས་འབྲེལ་ཀྱང་རྒྱང་རིང་ནས་རྒྱང་རིང་དུ་འགྲོ་བཞིན་པའི་སྣང་བ་ཞིག་འཆར། འོན་ཏེ་ང་ནི་ད་དུང་ཡང་རང་ཉིད་འཚོ་ཐབས་ལ་ཕན་ཐོགས་མེད་ཅིང་། གཞན་ལའང་དོ་གལ་དེ་ཙམ་མི་ཆེ་བའི་སྟོང་གཏམ་འདི་རིགས་སྨྲ་བ་ལ་འཇུག་རྒྱུ་ཡིན། དགོངས་འགལ་མེད་པར་ཞུ། ང་ཚོ་འཇིག་རྟེན་ཁམས་ཞེས་རྒྱ་ཆེ་གཏིང་ཟབ་ཀྱི་ཁྱིམ་རྒན་མ་འདིའི་ནང་། སྐྱེ་གནས་སྣ་ཚོགས་བླངས་བའི་གྲངས་ཀ་ལ་མཐའ་ཞིག་ཡོད་ས་མ་རེད།
འོན་ཏེ་ང་ཚོས་ཁྱིམ་རྒན་མ་འདིའི་རྒྱ་ཆེ་ཆུང་། གཏིང་ཟབ་བརླིང་། དཔང་མཐོ་དམའ། དེའི་དབྱིབས་དང་ཁ་དོག དེའི་ཐོག་མ་དང་མཐའ་མ་སོགས། ཅི་འདྲ་ཞིག་ཡིན་མིན་ཐད། བསམ་བློ་གཏོང་མཁན་ཉུང་ཉུང་ཤིག་ལས་ཕལ་ཆེར་ཡོད་རྒྱུ་མ་རེད། ངས་འདི་ནས་ཕྱོགས་འདིར་མོས་པ་ཡོད་མཁན་ཚོར་དམིགས་ནས། ཕྱི་གླིང་ན་དར་སོ་ཆེ་བའི་འཇིག་རྟེན་གྱི་ལྟ་ཚུལ་སྐོར་ཞིག་ངོ་སྤྲོད་བརྒྱུད། བགྲོ་གླེང་གི་སྒོ་འཕར་ཡངས་པོར་ཕྱེ་རྒྱུ་ཡིན། གནའ་བོའི་རྒུ་རིག་གི་མཁས་པ་མི་བདུན་གྱི་ཡ་ཀྱལ། འཛམ་གླིང་འདིའི་ཆེས་ཐོག་མའི་མཚན་ཉིད་པར་གྲགས་པ། ཐ་ལེ་སིThales སྤྱི་ལོ་སྔོན་གྱི་ལོ(600)ནང་ཕེབས་པ་ཞིག རྣལ་འབྱོར་པ་དེ་ལྟར་ན། འཇིག་རྟེན་གྱི་རྩོམ་གཞི་ནི་ཆུ་ཡིན་ཟེར། ཆུ་གྲང་མོ་འཁྱག་རོམ་དུ་འགྱུར་འགྲོ་བ་དང་། ཆུ་ཚ་བོ་རླངས་བ་དང་སྤྲིན་སོགས་སུ་འགྱུར་འགྲོ་བས། སྲ་མཁྲེགས་ཀྱི་བྲག་རྡོ་ནས་ཡང་ཞིང་གཡོ་བའི་མཁའ་རླུང་བར། ཡོད་ཚད་ཆུ་ལས་བྱུང་ཞིང་འཇིག་སྐབས་ཀྱང་ཆུ་རུ་འགྱུར་འགྲོ་བ་ཡིན་ཞེས་བཤད། ཨེན་ཨེག་སི་མན་ཏྲརAnaximanderསྤྱི་ལོ་སྔོན་གྱི་ལོ་༼༦༡༡ནས༥༤༡༽། འཇིག་རྟེན་ཁམས་ནི་གས་གསེགས་སོགས་ཀྱི་སྐྱོན་གྱིས་མ་གོས་པའི་སྐྱེ་ལྡན་ཕྲ་ཕུང་ཞིག་གིས་ཡོངས་སུ་ཁྱབ་ཅིང་། ཁོང་གིས་དེ་ལ་མཐའ་མེད་པ་ཞེས་བརྗོད། མཐའ་མེད་པའི་སྐྱེ་ལྡན་དེ་བཞིན་རང་འགུལ་གྱི་ནུས་པས། ཡར་མར། གཡས་གཡོན། སྟེང་འོག སོགས་སུ་གཡོ་འགུལ་བྱས་པས། མཐའ་མེད་པའི་རྫས་དེ་རིམ་གྱིས་སེར་ག་རྒྱུག་ནས། ང་ཚོས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་འཇིག་རྟེན་འདི་བྱུང་བ་ཞིག་ཡིན་པ་དང་། མཐའ་མཇུག་འཇིག་རྟེན་གྱི་ཡོད་ཚད་ཕྱིར་རང་གནས་སུ་ལོག་ནས། སྔ་མུས་བཞིན་མཐའ་ཡས་པའི་རྫས་དེའི་ངོ་བོར་འགྱུར་བ་ཞིག་ཡིན་ཞེས་ཟེར། ཨན་ཨེག་སི་མན་ཏྲརAnaximinesསྤྱི་ལོ་སྔོན་གྱི་ལོ་༥༢༨ཡས་མས་ཤིག ཁོང་གིས་འཇིག་རྟེན་གྱི་གྲུབ་རྫས་ངོ་མ་ནི་རླུང་ཡིན་དགོས་ཏེ། འགྲོ་བ་མིའི་རིགས་དང་། སྲོག་ལྡན་ཚང་མ་དབུགས་འབྱུང་རྔུབ་ལ་རྟེན་ནས་འཚོ་ཞིང་། དེའང་རླུང་ནི་ཤ་དང་། ཁྲག རུས་པ། སྤྲིན་པ། ཆུ། ས་རྡོ་སོགས་སུ་གྱུར་པར་བཤད་ཡོད། ཕིའི་ཐ་རྒོ་ར་སུPythagoras༥༧༠ནས་༤༩༥བར། འཇིག་རྟེན་གྱི་བྱ་དངོས་ཚང་མ་ཨང་གྲངས་ཀྱི་ལམ་ནས་རྩིས་རྒྱག་ཐུབ་པས། འཇིག་རྟེན་ནི་ཨང་གྲངས་ལས་གྲུབ་པ་ཞིག་ཡིན་པར་འདོད། Heraclitusཧིར་ར་ཁ་ལེ་ཁྲོ་སི། སྤྱི་ལོ་སྔོན་གྱི་ལོ་༥༣༥ནས༤༧༥བར། ཁོང་གིས་འཇིག་རྟེན་ན་རྟག་པའི་དངོས་པོ་གཅིག་ཀྱང་མེད་སྟབས། འཕོ་འགྱུར་ནི་འཇིག་རྟེན་གྱི་སྙིང་བོ་ངོ་མ་དེ་ཡིན། མེ་ནི་དུས་ནམ་ཡང་འགྱུར་ལྡོག་དང་། མི་བརྟན་པའི་རང་བཞིན་ཅན་ཡིན་པས། འཇིག་རྟེན་ནི་མེ་ལས་གྲུབ་པ་ཞིག་ཡིན་པར་འདོད་པ་དང་།
ཨེམ་ཕེ་སྒྲོག་ལེ་སིEmpedoclesསྤྱི་ལོ་སྔོན་གྱི་ལོ༤༩༠ནས༤༣༠བར། དཀྱུས་མའི་སྣང་ཚུལ་ལྟར་ན། འཇིག་རྟེན་འདི་རྟག་བརྟན་གྱི་རང་བཞིན་ཅན་ཞིག་དང་། རྫས་རིགས་མཉམ་ཚོགས་དང་། ཁ་འཐོར་ལས་མི་རྟག་པ་ལྟ་བུར་སྣང་སྲིད་ཀྱང་། འཇིག་རྟེན་ནི་འབྱུང་བ་བཞི་ལས་གྲུབ་པ་ཞིག་དང་། འབྱུང་བ་རེ་རེ་ལ་རྡུལ་ཕྲན་མཐའ་ཡས་པ་རེ་ཡོད་པས། དངོས་རིགས་ལ་འཕོ་འགྱུར་བྱུང་སྐབས། དེ་འགྲུབ་བྱེད་ཀྱི་འབྱུང་རྫས་སོ་སོར་གྱེས་པ་ཞིག་ལས། འབྱུང་བ་རང་ཉིོད་ཀྱི་ངོ་བོ་ནི་དུས་ནམ་ཡང་མི་འགྱུར་བས་རྟག་པར་འདོད། Anaxagoras
ཨེན་ཨེག་སི་སྒོ་ར་སི་སྤྱི་ལོ་སྔོན་གྱི་ལོ༥༠༠ནས༤༢༨། མཚན་ཉིད་པ་འདིས་གོང་གི་འཇིག་རྟེན་འབྱུང་བཞིས་གྲུབ་ཚུལ་ལ་རྩོད་སྒྲུབ་ཕྲ་ཞིབ་མཛད་ནས། དེ་དག་མཉམ་འདུས་དང་གྱེས་འཐོར་ལས། གཟའ་སྐར་འཁོར་སྐྱོད་དང་སྐྱེ་འཇིག་གི་འབྱུང་བ་བྱུང་ཀྱང་། འཕོ་འགྱུར་དེའི་ནང་ན་ཡོད་ཚད་མི་རྟག་པ་ཡིན་མ་དགོས་ཏེ། འབྱུང་བ་ནང་ཕན་ཚུན་གཅིག་གི་ངོ་བོར་གཅིག་འཕོ་མི་ཐུབ་པའམ། བརྗེ་འགྱུར་བྱེད་མི་ཐུབ་པས་དངོས་གནས་ལ་འགྱུར་བ་མེད་པར་འདོད་པ་དང་། གཡོ་འགུལ་གྱི་ནུས་པ་ཞིག་འབྱུང་ཁམས་ཀྱི་ནང་མི་མངོན་པའི་ཚུལ་དུ་གནས་པ། ཕན་ཚུན་མཉམ་སྡེབ་ཀྱི་མགོ་ཚུགས་ནས་འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ཤིག་བྱུང་བར་སྨྲས། དེ་དག་ ལས་གནའ་བོའི་རྒུ་རིག་གི་Atomistsརྡུལ་ཕྲན་གྱི་རིག་པ་སྨྲ་མཁན། ལོས་སི་ཕ་སིLeucippusཞེས་པ་དང་། སྒྲེ་མོ་ཁི་རེ་ཁྲ་སིDemocritusཞེས་འབོད་པའི་མཁས་པ་ཁག་ཅིག་བྱུང་ཞིང་། རྡུལ་རིག་སྨྲ་བ་དེ་དག་གིས་གྲུབ་མཐའ་གོང་མ་ཚོས་ཤ་ལ་ཤ་རྡུལ་དང་། ལྕགས་ལ་ལྕགས་རྡུལ་སོགས། དངོས་པོ་རྣམས་རང་རང་འགྲུབ་ནུས་ཀྱི་རྡུལ་ཕྲན་མི་འདྲ་བར་འདོད་པའི་རྩ་བའི་གྲུབ་མཐར་དགག་པ་བརྒྱབ་སྟེ། གཞི་རྩའི་རྡུལ་ཕྲ་རབ་ཚང་མ་གཅིག་མཚུངས་སུ་འདོད་ཀྱང་། རྡུལ་ཕྲན་དེ་དག་ཚོགས་ཚུལ་ལས་རྣམ་པ་མི་འདྲ་བར་བྱུང་བར་འདོད། སྡེ་བ་འདི་དག་གི་ལུགས་ལྟར་ན། རྡུལ་ཕྲན་ཚོགས་པ་དང་གྱེས་པ་ལས། རགས་པའི་འཇིག་རྟེན་ལ་འཕོ་འགྱུར་ཡོང་བ་ཞིག་ལས། རྡུལ་ཕྲན་རང་རང་གི་ངོ་བོ་མི་འགྱུར་རྟག་པའི་ཆོས་ཅན་དུ་ཁས་བླངས་པ་མ་ཟད། རྡུལ་ཕྲན་རེ་རེའི་ནང་ན་གཡོ་འགུལ་གྱི་ནུས་པ་རང་ཆས་སུ་ཡོད་པས། རྡུལ་གཅིག་གིས་གཅིག་ལ་འབྱར་ནས་རགས་པའི་གོང་བུ་རྩོམ་ཐུབ་པར་འདོད། མཁས་ཆེན་ཕི་ལེ་ཁྲོ་Platoསྤྱི་ལོ་སྔོན་གྱི་ལོ༤༢༨ནས༣༤༧བར། ཕི་ལེ་ཁྲོ་ལྟར་ན། ང་ཚོར་སྣང་ཞིང་སྲིད་པའི་ཆོས་འདི་དག་ལད་ཟློས་དང་འཁྲུལ་སྣང་གི་འཇིག་རྟེན་ཞིག་ལས། གནས་ལུགས་ཀྱི་འཇིག་རྟེན་ངོ་མ་དེ་མ་ཡིན་པ་དང་། འཇིག་རྟེན་འདིའི་ཕར་རྒྱབ་ནIdeasབློ་རིག་གི་འཇིག་རྟེན། མི་ནུབ་རྟག་བརྟན་གྱི་རང་བཞིན་ངོ་མ་དེ་ཡོད་པར་འདོད་པ་དང་། ང་ཚོ་ལ་སྣང་བའི་ཆོས་མཐའ་དག་རྟག་བརྟན་དེའི་རང་བཞིན་ལྡོག་འཕྲོ་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་རྒྱུ་རྐྱེན་ལས་གསར་དུ་བཞེངས་པ་ཞིག་མ་ཡིན་པར། གདོད་མ་ནས་ཕུན་སུམ་ཚོགས་པའི་ངོ་བོར་གནས་པ་ཞིག་ཡིན་ཚུལ་བཤད་འདུག ལྟ་གྲུབ་འདི་ལ་གོ་བ་ལོན་དཀའ་བས། ཕི་ལེ་ཁྲོ་Platoརང་ལུགས་ཀྱི་matter, ideas or forms, ideal world, Highest idea སོགས་ལ་གོ་མྱོང་ཅན་གྱི་ཤེས་ལྡན་འདྲ་ཡོད་ན། གསལ་བོ་ཞིག་གསུང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། ཨ་རེ་སི་ཁྲོ་ཁྲལAristotleསྤྱི་ལོ་སྔོན་གྱི་ལོ༣༨༤ནས༣༢༢བར། འཇིག་རྟེན་ནི་རྫས་དང་གཟུགས་ནུས་ཤུགས་བཅས་ལས་གྲུབ། དེའང་ནུས་ཤུགས་ཀྱིས་གཡོ་འགུལ་གྱི་ལས་བྱེད་ལ། རྫས་ནི་གཡོ་ནུས་དེ་གང་ལ་བརྟེན་སའི་ཆོས་ཅན་ཡིན་ཞིང་། དེ་གཉིས་ནམ་ཡང་ཁ་སོ་སོར་འབྱེད་དུ་མེད་པ་ཞིག་ཡིན་པར་འདོད། Rene Descartes མཁས་ཆེན་རེ་ནེ་སྒྲེ་ཁར་ཏྲེ་ལྟར་ན། འཇིག་རྟེན་འདི་རྣམ་ཤེས་དང་། བེམ་པོ་གཉིས་ལས་གྲུབ་ཅིང་། དེ་གཉིས་ཆ་ཕན་ཚུན་རང་རྐྱ་ཐུབ་པའི་ཆོས་རེ་རེ་ཡིན་པར་འདོད་ལ། རྒྱ་བསྐྱེད་དང་། འཐུག་རྔམ། དཔང་དང་རྒྱ་ཆེ་ཆུང་སོགས་ནི་བེམ་ཆོས་དེའི་ཡོན་ཏན་དུ་སྨྲ། དེ་བཞིན་འཇིག་རྟེན་གྱི་ཁམས་འདིར་བར་སྟོང་དང་། རྫས་ཀྱིས་སྟོང་ཆ་ཞིག་མེད་པར་འཇིག་རྟེན་ཧྲིལ་བོ་བེམ་ཆོས་ཀྱིས་ཡོངས་སུ་གཏམས་ནས་ཡོད་པར་འདོད་ལ། བེམ་ཆོས་དེ་དག་གི་ཆེ་ཆུང་དང་། བཀོད་དབྱིབས། ཁ དོག་སོགས་ཀྱང་མཐའ་ཡས་པའི་རང་བཞིན་དུ་གནས་པར་བཤད། རང་བྱུང་ཁམས་ཀྱི་འཕོ་འགྱུར་དང་འགུལ་སྐྱོད་ཚང་མ་དངོས་པོའི་ཆོས་ཉིད་ཀྱི་འགྲོས་དང་བསྟུན་ནས་འབྱུང་གི་ཡོད་པ་དང་། དཀོན་མཆོག་གིས་ཐོག་མ་ཉིད་ནས་འཇིག་རྟེན་འདིར་ཚད་གཞི་ངེས་ཅན་གྱི་འགུལ་ཤུགས་ཤིག་གནང་ཡོད་སྟབས། བྱ་དངོས་གང་ཞིག་གི་གཡོ་འགུལ་དལ་དུ་ཕྱིན་ཚེ། བྱ་དངོས་གཞན་ཞིག་གི་གཡོ་འགུལ་དེ་མགྱོགས་སུ་འགྲོ་རྒྱུན་ཡིན་པར་དང་། གཡོ་འགུལ་གྱི་ནུས་ཤུགས་དེ་དུས་ནམ་ཡང་འཇིག་རྒྱུ་མེད་པ་ཞིག་ཡིན་པ་དང་། འཇིག་རྟེན་སྐྱེ་འཕེལ་གྱི་འགྲོས་མཐའ་དག
འཕྲུལ་རིག་བཟོ་སྐྲུན་དང་ཕྱོགས་ཀུན་ནས་མཚུངས་ཚུལ་འགྲེལ་བརྗོད་བྱས་འདུག་གོ།
ཚན་རིག་གི་ཡོངས་གྲགས་འགྲེལ་བརྗོད་ལྟར་ན། འཇིག་རྟེན་གྱི་ཁམས་འདི་ཆགས་ནས་ད་བར་ལོ་དུང་ཕྱུར་༡༣.༧ལྷག་ཕྱིན། དེའང་རྡུལ་ཕྲན་ལས་ཀྱང་ཆུང་བའི་དངོས་ནུས་ཤིག་འགས་འཐོར་ལས་བྱུང་བར་འདོད། འགས་འཐོར་ཆེན་པོ་དེ་ལ་big bangཞེས་བརྗོད། ཚན་རིག་གི་ལྟ་ཚུལ་འདི་ལྟར་ན། སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་གཉིས་ཆ་འགས་འཐོར་ཆེན་པོ་དེ་ལས་བྱུང་བར་འདོད། ལྟ་ཚུལ་འདི་ཐོག་མར་འདོན་མཁན་ཡུ་ཤི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན། ཇོར་ལྗེ་ལེ་མེ་ཏྲི་རེGeorges Lemaitre(1894-1966)མཆོག་ཡིན་ཞིང་། མཁས་པ་དེས་ཨ་ཡིན་སི་ཏྲན་Albert Einstein(1879-1955)གྱི་ལྟོས་བཏགས་དང་། ཨེ་བྷྲི་བན་ཧ་བྷོལEdwin Hubble(1889-1953)མཆོག་གི་དགུ་ཚིགས་རྒྱ་བསྐྱེད་ཀྱི་ལྟ་ཚུལ་སོགས་ལ་གཞི་བཅོལ་ནས། འཇིག་རྟེན་ནི་ཆེས་ཆུང་བའི་རྡུལ་ཕྲན་ཞིག་ལས་རིམ་པར་རྒྱ་བསྐྱེད་ཀྱི་བསམ་ཚུལ་བཏོན་ཞིང་། ཁོང་གིས་ཕྲ་རྡུལ་དེ་ལ་བསྐལ་བ་ཡ་ཐོག་གི་རྡུལ་ཕྲན་primeval atomཞེས་བོས་པ་དང་། གཏན་ཚིགས་ཀྱང་། གལ་སྲིད་འཇིག་རྟེན་འདི་རྒྱ་བསྐྱེད་བཞིན་པ་བདེན་ན། སྔོན་མའི་འཇིག་རྟེན་དེ་ད་ལྟའི་འཇིག་རྟེན་ལ་ལྟོས་ན། རྒྱ་ཆུང་ནས་ཆུང་དུ་སོང་སྟེ། འཇིག་རྟེན་གྱི་དངོས་ནུས་གཞི་གཅིག་ཏུ་བསྒྲིལ་བའི་རྡུལ་ཕྲ་བ་རབ་ཀྱི་མཐར་ཐུག་ཅིག་ལ་ཐུག་འགྲོ་རྒྱུ་ཡིན་ཚུལ་ནན་བརྗོད་བྱས་པས། གདོད་མའི་འགས་འཐོར་ཆེན་པོའི་ལྟ་བའི་སྲོག་ཤིང་བསླངས་པ་དེ་ལ་འགས་འཐོར་ཆེན་པོའི་རྣམ་བཞག་big bang theoryཞེས་བརྗོད་བཞིན་འདུག
དེ་བཞིན་༼ཚན་རིག་དང་མཐུན་པའི་ཨ་རི་བའི་ཚན་རིག༽ཞེས་པའི་རྩོམ་སྒྲིག་པ་ར་ལྗལ་ཕེན་རོ་ཟི་Roger Penrose མཆོག་གིས་༼གས་འཐོར་ཆེན་མོའི་སྔ་རོལ་དུ་འཕར་ལྡིང་ཆེན་མོ༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས། འཇིག་རྟེན་གྱི་ཁམས་འདི་རྒྱ་ཡུན་རིང་བསྐྱེད་མཐར་ཕྱིར་ལྡོག་བྱས་པ། རྡུལ་ཕྲན་ལས་ཆུང་བའི་ཚད་དུ་སླེབས་འཕྲལ། སླར་ཡང་འཕར་ལྡིང་བྱས་པ་ལས། ད་ལྟའི་འཇིག་རྟེན་འདི་བལྟམས་པར་བཤད་པ་དེ་ལ༼འཕར་ལྡིང་ཆེན་མོའི་རྣམ་བཞག༽The big bounce theoryཞེས་འབོད་པ་དང་།
ཚན་རིག་པ་ནེལ་ཁྲོ་རོགNail Turkདང་། ཕོལ་སི་ཏྲན་ཧར་སྒྲིPaul Steinhardtརྣམ་གཉིས་ཀྱིས། ང་ཚོའི་འཇིག་རྟེན་འདི་གས་འཐོར་ཆེན་མོ་ལས་སྐྱེས་ཤིང་། ཡུན་རིང་རྒྱ་བསྐྱེད་མཐར་སླར་ཡང་ཕྱིར་ལྡོག་གདོད་མའི་རང་གནས་སུ་སླེབས་པ། ཡང་སྐྱར་གས་འཐོར་ཆེན་མོས་འཇིག་རྟེན་གསར་དུ་སྐྲུན་ནས་རྒྱ་བསྐྱེད་པའི་རྣམ་བཞག་སྟེ། མདོར་ན། རྒྱ་བསྐྱེད་བཞིན་པའི་འཇིག་རྟེན་རང་གནས་སུ་ཕྱིར་ལྡོག་བྱས་པས། གས་འཐོར་ཆེན་མོ་འབྱུང་ཞིང་། དེ་ལས་འཇིག་རྟེན་གྱི་ཁམས་གསར་བ་ཞིག སླར་ཡང་སྐྱེ་འཕེལ་བྱེད་པ་སྟེ། གས་འཐོར་ཆེན་མོ་ཞིག་ལས་དུས་ནམ་ཡང་སྐྱེ་འཇིག་གི་འཁོར་ལོ་བར་མེད་དུ་བསྐོར་བར་བཤད་པ་དེ་ལ་ཟ༼འཁོར་སྐྱོད་འཇིག་རྟེན་གྱི་རྣམ་བཞག༽Cyclic Universe Theoryཞེས་བཤད་པ་དང་།
ཚན་རིག་པ་ཧྥི་རེ་སྒྲི་ཧོ་ཡོལ་Fred Hoyleདང་། ཐོ་མ་སི་སྒོལ་སྒྲིThomas Goldརྣམ་གཉིས་ཀྱིས་འཇིག་རྟེན་གྱི་ཁམས་ལ་ཐོག་མ་མེད་ཅིང་། དགུ་ཚིགས་རྙིང་མ་རྣམས་འཇིག་སྟོབས་ལས། རྫས་རིགས་དང་། ནུས་ཤུགས་གསར་བ་བཞེངས་སྐྲུན་གྱིས་སླར་ཡང་དགུ་ཚིགས་དང་། འཇིག་རྟེན་ཁམས་ཀྱི་བྱ་དངོས་སྣ་ཚོགས་འབྱུང་གི་ཡོད་པར་གསལ་བཤད་བྱས་འདུག ལྟ་ཚུལ་འདི་ལ་སྤྱི་ལོ༡༩༦༠ལོར་ཚན་རིག་པ་ཨར་ནོ་ཕེན་ཟ་སིArno Penziasདང་། ར་བྷིར་ཏྲི་བོལ་སོནRobert Wilsonརྣམ་གཉིས་ཀྱིས་རྙེད་སོན་བྱུང་བའི(CMB)འཇིག་རྟེན་གྱི་ཕྲ་དངོས་རྒྱབ་ལྗོངས་ཀྱིས་བཟློག་པར་དཀའ་བའི་གནོད་པ་འབབ་ཚུལ་སྐྱོན་བརྗོད་བྱས་འདུག་ཀྱང་། ཧོ་ཡོལ་མཆོག་གིས་འཇིག་རྟེན་གྱི་ཕྲ་དངོས་རྒྱབ་ལྗོངས་དེ་གས་འཐོར་ཆེན་པོ་མེད་རུང་། སྣང་སྲིད་ཀྱི་ཁམས་འདིར་རང་བཞིན་གྱིས་གནས་སྲིད་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་འདུག མུ་འགོད།
ཐུགས་རྗེ་ཆེ། ད་ནངས་ཞོགས་པར་ངའི་སེམས་ནང་སའི་གོ་ལ་འདི་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྤྱི་ལེ་ག་ཡོད་དམ། འོད་ལོ་ག་ཚད་ཡོད་དམ་སྙམ་པའི་དྲི་བ་ཞིག་ངང་གིས་བསླེབས་ཤིང་། དེ་སུ་འདྲི་དགོས་སམ་སྙམ་བཞིན་པའི་སྐབས་འདིར་ཁྱོད་ཀྱི་རྩོམ་ཡིག་མཇལ་བས་ངོ་མ་དགའ་བོ་བྱུང་སོང་། སྦང་སྒྲ་ཆེན་མོ་དང་ཐིག་ལེ་ནག་པོ་སོགས་ནི་ངའི་དགའ་མོས་ཆེ་ཤོས་ཀྱི་ཚན་རིག་གི་ཐ་སྙད་རེ་རེ་ཡིན། ང་ཚོ་ཆེ་ས་ནས་སྦང་སྒྲ་ཆེན་མོ་ལས་སྐྱེས་ཤིང་། ཆུང་ས་ནས་འཛག་སྒྲ་ཆུང་ཆུང་ཞིག་ལས་ཀྱང་སྐྱེས་པ་ཁས་ལེན་དགོས།
ངས་རྩོམ་ཡིག་ཆ་ཚང་ནང་འཇུག་མ་བྱས་སྔོན་ནས་ཁྱེད་ཕེབས་ཏེ་དགོངས་འཆར་སྤེལ་འདུག བཀའ་དྲིན་ཆེ། ང་ལ་དུས་ཚོད་ཀྱིས་ཁོམ་པོ་རེ་སྤྲད་ན། འདི་སྐོར་ནས་ཁ་བརྡ་རེ་བྱེད་ཡོང་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་བཅས།
སེམས་ཙམ་པའི་ལུགས་ལ་འཇིག་རྟེན་འདི་དག་སེམས་ལས་བྱུང་བར་ཁས་ལེན་པ་འདི་ངོ་མ་སྐྱིད་པོ་ཞིག་རེད།
རེད། ང་ནི་དབང་ཤེས་ལ་རགས་པར་སྣང་བ་དེ་སྣང་བ་ལྟར་གྲུབ་མ་གྲུབ་གཉིས་ལས་མ་གྲུབ་པའི་ཕྱོགས་སུ་མོས་པ་ཆེ་བ་ཡོད། འདི་ཚན་རིག་གི་འགྲོས་དང་བསྟུན་རྒྱུར་དུས་ཚོད་མང་བོ་འགོར་གི་བསམ་གི་ཡོད།
ངས་ཚན་རིག་ཅང་མི་ཤེས་་་་་གང་ལྟར་ཁྱེད་ཀྱིས་ཚན་རིག་གི་ཕྱོགས་སུ་བསམ་བློ་བཏང་ནས་རྩོམ་ཡིག་བྲིས་གནང་བར་ཐུགས་རྗེ་ཞུ་འདོད་བྱུང་།
མི་དང་དུད་འགྲོ་དག་མེ་དང་རླུང་ལས་བྱུང་ན་འགྲིག ཡིན་ན་ཡང་དེ་དག་གི་སེམས་འདི་གང་ནས་བྱུང་། དེ་དག་ལ་ཁ་ཡོད་པ་དང་ཁ་ནང་ལ་སོ་ཡོད་པའི་གནས་ལུགས་འདི་སུས་བཟོས་པ་རེད།
NASAགནམ་ས་ཚང་གིས་འཇིག་རྟེན་གྱི་མཐའ་འཚོལ་རྒྱུ་ཡིན་ཟེར་ནས་འཕྲུལ་ཆས་ཕར་ལ་བཏང་སོང་ང་། རྗེས་མ་ཤིག་ལ་ལས་བྱེད་གཙོ་བོ་ཞིག་གིས་འཕྲུལ་ཆས་དེ་ལ་བརྟེན་ནས་ང་ཚོས་འཇིག་རྟེན་གྱི་མཐའ་རྙེད་ཐུབ་མིན་མི་ཤེས་ཏེ་ཡ་ཀིའི་འཇིག་རྟེན་གཞན་པ་དེ་ཚོ་ན་སྲོག་ཆགས་འདྲ་ཡོད་ན་ཁོང་ཚོས་ང་ཚོའི་སྐོར་རེ་ཤེས་རྟོགས་རེ་ཡོང་བར་ཕན་ཏན་ཏན་ཐོགས་གི་རེད་ཟེར། གང་ལྟར་ད་ཚོད་ཞིག་ལ་ང་ཚོའི་འཕྲུལ་ཆས་དེ་གང་ཞིག་ལ་སླེབས་ཡོད་དམ། ན་ནིང་ཉིན་ཞིག་ལ་ཚགས་པར་སྟེང་དུ་Marsསྟེང་དུ་མི་ཡོད་པའི་འཕྲུལ་ཆས་ཤིག་གཏང་རྒྱུའི་གྲ་སྒྲིག་ཡོད། མི་དེ་ཚོ་ཚུར་སླེབས་ཐུབ་ཁག་པོ་རེད། ཁས་ལེན་པ་ཡོད་ན་སྙན་ཞུ་ཕུལ་ཤོག་ཟེར་ནས་བྲིས་འདུག རྗེས་མ་དེའི་སྐོར་ཡང་ཐོས་རྒྱུ་མི་འདུག དེ་ག་འདྲ་བྱུང་ཡོད་དམ། ངས་ཀྱང་མཚམས་མཚམས་ལ་མཁའ་དབྱིངས་ཀྱི་སྐོར་གྱི་ངོ་སྤོད་ཐུང་ངུ་རེ་ཀློག་ཁུལ་བྱེད་ཀྱིན་ཡོད། ཡག་པོ་འདྲ་ཞིག་ཀྱང་འདུག
ཁ་ཉིན་ཞིག་ལ་ཨ་རིའི་གཞུང་གིས་NASAགནམ་ས་ཚང་གི་མ་དངུལ་ཡང་ཉུང་དུ་གཏོང་འཆར་འདྲ་ཞིག་མཐོང་བྱུང་།
གྲོགས་པོ་ལགས་བཀའ་དྲིན་ཆེ། མུ་མཐུད་དུ་གསུང་རོགས་ཞུ།
སྤྱིར་འཇིག་རྟེན་འདི་གང་ལས་བྱུང་དང་། གང་དུ་གནས། གང་དུ་འཇིག་བཅས་ལ་ལན་ལས་སླ་བོ་ཞིག་ནི།
ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་གནས་ནས་མཐར་ནམ་མཁའ་རུ་འཇིག་འགྲོ་བ་ཞིག་ངེས་པར་ཡིན་པ་འདྲ། ཇི་སྐད་དུ། སེམས་ཅན་རྣམས་ཀྱི་ལས་དབང་གིས། །ནམ་མཁའི་ཁམས་ལ་སྤྲིན་བཞིན་དུ། །ཆགས་ཞིང་གནས་ལ་མཐར་འཇིག་གོ ། ཞེས་པ་ཡིན་ལ།
ཡང་ན། སྟོང་བ་ཉིད་ལས་བྱུང་། སྟོང་བཞིན་དུ་སྣང་། སྟོང་བ་ཉིད་དུ་འགག་སོགས་བརྗོད་རིགས་ལ།
སྣང་བ་རབ་རིབ་འདི་ཡི་ཕར་ནང་ན། ཆོས་ཉིད་དོན་གྱི་ག་རེ་བཞུགས་ལབ་རེད། ནམ་མཁའ་དངོས་མ་བཞུགས་ལབ་རེད་པཱ། དེ་ནས་རྡུལ་གཅིག་སྟེང་ན་ཞེས་པའི་སྨོན་ལམ་གཅིག་འདོན་རྒྱུ་ཡོད་པ་རེད་ཟེར་ཀ། དེ་ཚོའི་སྐོར་དེ་གོ་བ་ཟབ་མོ་ཞིག་ཡོད་ན། རྩོམ་འདི་ཡང་ནུབ་དང་ཤར་ནས་བྲིས་མིན་ཅི་ལྟར་ཡང། འབྲེལ་བ་ཞིག་ཚོར་སྲིད་པ་རེད། ཡིན་ཡང་ཆུ་ལས་བྱུང་སྟེ་ཆུ་ལ་འཐིམས་ཀྱང། སྟོང་པའི་ཆ་ནས་བྱུང་སྟེ་ཕྱིར་སྟོང་བར་འཐིམས་ཞེས་པ་གཉིས་ཀས་ཕྱི་མ་དེ་ཅུང་བསམ་བློ་གཏོང་ཐུབ་ཀི གང་ཡིན་ཞེ་ན། དེ་ང་ཚོས་སྟོང་བ་རྟེན་
འབྱུང་གི་དེ་ཉིད་མིན་པར། རྡུལ་རྫས་འདུས་པ་ལས་བྱུང་སྟེ་ཕྱིར་དེ་ལ་འཐིམས་ཞེས་པ་དང་དོན་གཅིག་ཡིན་རྒྱུ་རེད་བསམས་ཀི། གོང་གི་སྟོང་བ་ལས་ཞེས་པ་དེའི་སྟོང་པ་དེ་གཟུགས་ཅན་ཞིག་ཡིན་མིན་ནས་དེ་ལྟར་བཏགས་པ་མིན་འགྲོ་བསམ་པ་དང། རྡུལ་གྱི་བོང་ཚད་སོགས་རིགས་མཐུན་ཞིག་འདུག
གསར་འགོད་པས
གལ་ཏེ་ནང་ཆོས་ནས་བཤད་པ་འགའ་ཚན་རིག་དང་མི་མཐུན་པ་བྱུང་ན་ཁྱེད་ནས་གཞུང་ཆེན་མོ་དོར་རྒྱུ་ཡིན་ནམ།
རྒྱལ་ཁམས་པས།
དེ་ཡིན།ངས་ཚན་རིག་ཁས་ལེན་རྒྱུ་རང་ཡིན།བཅོམ་ལྡན་འདས་ཀྱིས་རིག་པ་གཙོ་ཆེ་བ་གསུངས་ཡོད།
འདི་ནི་རྒྱལ་ཁམས་པས་ཚན་རིག་ཟླ་བ་གསུམ་སྦྱངས་རྗེས་ཀྱི་སྐད་ཆ་ཞིག་རེད།
རྩམ་དགའ་ལགས། ཁྱེད་ཕེབས་པར་དགའ་བསུ་ཞུ། ངས་ཚན་རིག་གི་སྐོར་ལ་དོ་སྣང་བྱེད་བཞིན་ཡོད། དཔེ་ཆ་མང་བོ་ཀློག་གི་ཡོད། འོན་ཀྱང་གསལ་བོ་ཞིག་ཧ་གོ་ཐུབ་ཀི་མི་འདུག སེམས་ཤུགས་བསྐྱེད་བཞིན་ཡོད། ཕྱི་རྒྱལ་གྱི་ཤེས་ལྡན་གྲོགས་པོ་འགའ་རེ་ཡོད། ཁོང་ཚོ་དང་ལྷན་དུ་ཁ་རྩོད་རྒྱག་ཞོར་རྩོམ་ཡིག་རེ་འབྲི་ཁུས་བྱས་པ་ཡིན། ཁྱེད་ཀྱི་སྙན་དེབ་དེ་ངས་བཀླགས་པ་ཡིན། ཡག་པོ་འདུག སྲོལ་རྒྱུན་གྱི་རྩོམ་ཡིག་རེ་དྲྭ་ངོས་སུ་འབྲི་རོགས་ཞེས་རེ་བ་ཞུས་པ་ལགས།
སྤོབས་པ་ལགས། ཅིག་བྱས་ན་ང་ཚོའི་དུས་རབས་འདིར། སའི་གོ་ལ་ལྟ་བུའི་གོ་ལ་དང་། གླིང་གཞན་གྱི་སྲོག་ལྡན་རིགས་ལ་འབྲེལ་ལམ་དངོས་སུ་འཛུགས་ཐུབ་པའི་གནས་ཚུལ་ཡོང་ཤེས་ཆེ་གི ཨ་རིའི་མཁའ་ཞིབ་ཚོགས་པས་ད་ཕན་གོ་ལ་མང་བོ་ཞིག་རྙེད་སོན་བྱུང་བའི་གནས་ཚུལ་འདུག མི་ཤེས་ལྡན་འགའ་རེས་བཤད་པ་ལྟར་ན། ཨ་རིས་གླིང་གཞན་གྱི་མི་དང་དེའི་ཚན་འཕྲུལ་གྱི་ལག་རྩལ་བེད་སྤྱོད་བཏང་ནས་ལོ་མང་བོ་སོང་ཟིན་པའི་སྐོར་བཤད་ཀྱིན་འདུག ཅིག་བྱས་ན་དེ་ལ་བདེན་པའི་ཆ་ཞིག་ཡོད་ཤས་ཆེ་གི ངས་དེ་སྐོར་དཔེ་ཆ་འགའ་ཞིག་བཀླགས་པ་ཡིན། དེ་ཙམ་ཡིན།
རྔ་བ་རྒྱལ་ཁམས་པའི་རྩོམ་ཡིག་བཀླགས་ཟིན། ཐུགས་རྗེ་ཆེ་ཞུས་པ་ཡིན།
འཇིག་རྟེན་སྐྱེ་གནས་འཇིག་གསུམ་ཀརྨ་དགེ་ལེགས་ཚིག་དེ་སེམས་ལ་འཛིན་ཙམ་འདུག
གཞན་གྲོགས་རྨ་དགས་སྙན་དེབ་ཅིག་ངས་མ་ཤེས་ས་ནས་པར་སྐྲུན་གནང་གྲུབ་ཟིན་ཡོད་ས་རེད། རྗེས་མར་འདིར་ཡོང་དུས་གཅིག་ངེས་པར་མཇལ་འདོད་བྱུང་།
གྲོགས་ཀརྨ་དགེ་ལེགས། ཁྱེད་ཕེབས་པར་དགའ་བསུ་ཡོད། ཚན་རིག་གི་བཤད་པ་ལྟར་ན། གས་འཐོར་ཆེན་མོ་མ་བྱུང་བའི་སྔ་རོལ་ན། ནམ་མཁའ་ཞེས་པ་འདི་ཡོད་མེད་དོགས་གནས་ཤིག་ཡིན་སྣང་ཤར། ཇི་ལྟར་ན། གས་འཐོར་ཆེན་མོ་བྱུང་བ་དང་་ཆབས་ཅིག བར་སྣང་དང་དུས་ཀྱི་རྣམ་བཞག་བྱུང་ཚུལ་ཞིག་གླེང་གིན་འདུག འདི་བློ་ལ་ཤོངས་དཀའ་མོ་ཞིག་རེད། ངས་བསམ་པར་འགྲོ་བའི་ལས་སྣང་ལས་འཇིག་རྟེན་བྱུང་ཚུལ་གསུང་བ་དེ་དག་ཚན་རིག་གི་ལྟ་བ་ལས། དཔག་ཚད་མང་བོས་སྔོན་དུ་སྐྱོད་ཟིན་པའི་སྐད་ཆ་རེད། ད་དུང་ཚན་རིག་གིས་འདི་ལ་བདེན་དཔང་བྱེད་ཐུབ་ཀི་མ་རེད། དུས་ནམ་ཞིག་ལས་སེམས་གཉིས་ལས་སེམས་ཞེས་པ་ཞིག་ལུས་ལས་ལོགས་སུ་ཡོད་པ་དངོས་སུ་རྟོགས་ཐུབ་ཚེ། རྒྱ་ཆེ་གཏིང་ཟབ་ཀྱི་སེམས་ཀྱི་འཇིག་རྟེན་དེ་དག་རིམ་པས་ཁས་ལེན་དགོས་འབྱུང་ཞིང་། གྲངས་མེད་ཀྱི་འཇིག་རྟེན་ཞེས་པའང་དེ་དུས་ལས་སླ་བོ་ཞིག་གི་སྟེང་ནས་འཇོག་ཐུབ་པ་མ་ཡིན་ནམ།
ཨ་བུ་ལགས། ཕེབས་པར་དགའ་བསུ་ཡོད། ཉིད་ཀྱིས་གསུངས་པའི་ཚིག་དོན་ཕལ་ཆེར་ངས་ཧ་གསལ་བོ་ཞིག་གོ་མ་སོང་། ནང་ཆོས་ནས་གསལ་བོ་གསུང་མེད་པ་ཚན་རིག་ལ་གཏུགས་དགོས་པ་རེད། ཚན་རིག་ནས་གསལ་བོ་བཤད་མ་ཐུབ་པ་ནང་ཆོས་ལ་གཏུགས་དགོས་པ་རེད། ཚན་རིག་དང་ནང་ཆོས་གཉིས་གཅིག་གྲོགས་གཅིག་ལས། འགལ་བ་ལྟག་སྤྲོད་ལྟ་བུ་ཞིག་མ་ཡིན་པའི་ཡིད་ཆེས་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག དེ་ཙམ་ཡིན།
གཅན་བཟོད་རྒྱམ་ཕེབས་པར་དགའ་བསུ་ཞུ། ངས་རྩོམ་འཕྲོ་མུ་འགོད་བྱ་རྒྱུ་ཡིན། ངའི་འཇིག་རྟེན་གྱི་ངོགས་ནས། འོ་ལམ་དགུ་ཚིགས་ཀྱི་འོ་ཇ་མངར་མོ་རེ་འཐུང་ཞོར། དགོངས་འཆར་ལྷུག་པོར་སྩོལ་བའི་རེ་བ་ཞུ།
ང་ཚོ་ནང་པས། ཕྱི་རོལ་ལས་ནང་སེམས་དེ། གཙོ་ཆེ་བ་བཞིན། ནང་པ་དེང་དུས་ཀྱི་ཚན་རིག་པ་ཚོས་ཀྱང་། མཐའ་མེད་པའི་འཇིག་རྟེན་ལས། གོ་ལ་འདི་ནང་གི་འཁོར་ཁུག་སྲུང་སྐྱོབ་སོགས་ལ་ཕན་ཐོགས་པའི་ཚན་རྩལ་ལ། བརྩོན་གལ་ཆེ་བ་མི་འདུག་གམ།
འཇིག་རྟེན་འདི་ནང་ལ། སྲོག་ཆགས་གཞན་ཚོ་ཕར་ཞོགས། མི་དང་དུད་འགྲོ་མང་པོ་འཁྱག་ལྟོག་གིས་འཆི་འགྲོ་བའི་སྐབས་འདིར། མྰརྶ་སྟེ། གཟའ་མིག་དམར་ལ་འགྲོ་འཆར་འདི་ནི། ཆབ་སྲིད་པའི་གཡོ་འཕྲུལ་དང་། ཚན་པའི་རིག་པ་རིགས་འཆལ་གྱི་གྲལ་ལ་འཇོག་འདོད་ཡོད། ཚན་རིག་སྔར་ལྷག་རྒྱས་འགྱུར་ཅིག ། དགེའོ།
རྔ་བ་རྒྱལ་ཁམས་པ་ལགས།
དེ་རིང་རང་གིས་ཀློག་སྙིང་བྲོ་བའི་རྩོམ་ཡིག་ཞིག་དྲྭ་གྲོགས་ཚོར་ཐུན་མོང་གི་གླེང་སྟེགས་སུ་གནང་བ་ལ་སྙིང་ཐག་པ་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ། ང་ཡང་བརྗོད་བྱ་འདིའི་རིགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་འདོད་ཡོད་མཁན་གྱི་གྲས་ཤིག་ཡིན་གཤིས། ང་ཚོ་དྲྭ་གྲོགས་ཚང་མས་བསམ་ཚུལ་སྣ་ཚོགས་ཀྱི་ལམ་ནས་ཉིན་ལྟར་འདིའི་སྐོར་ལ་གླེང་མོལ་བྱ་རྒྱུ་བྱུང་ན་ཆོས་ཚན་གཉིས་ཀའི་ཤེས་བྱར་གོ་རྟོགས་གཏིང་ཟབ་རེ་ལོན་ཐུབ་པའི་དགེ་མཚན་ཆེ་བར་སེམས། ད་ལྟ་ལས་དོན་ཞིག་གི་ཆེད་ང་རང་ཕྱི་ལོགས་སུ་ཁྱུག་ཙམ་འགྲོ་དགོས་བྱུང་།
མི་རིང་བར་དྲྭ་ཐོག་འདི་ནས་སྐུ་ཉིད་དང་ལྷན་བསམ་ཚུལ་སྤེལ་རེ་བྱ་རྒྱུའི་གོ་སྐབས་ཤིག་ཅི་ནས་ཀྱང་ལོན་ཐུབ་པར་བྱ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
རྔ་བ་རྒྱལ་ཁམས་པ་ལགས།
གཞུང་ཆེན་གཟིགས་མཁན་རང་རེད་འདུག
མི་གཞན་གྱི་མཆན་ལ་ཡ་ལན་བྱེད་སྟངས་ཀྱང་མི་འདྲ་བ་ཞིག་འདུག
བཤད་ས་མེད་ས་དེ་འདྲ་རེད་མི་འདུག
རྗེས་ནས་ཁྱེད་ལ་དོ་སྣང་བྱ་རྒྱུའི་འདུན་པ་ཡོད།
རྒྱལ་ཁམས་པར་ལོ་སར་ལ་འཚམས་འདྲི་ཞུ།
ཆོས་ལུགས་པ་ཚོས་རྒྱ་ཆེ་ས་ནས་ཆུང་སར་ལྟ་བ་དང་། ཚན་རིག་པ་ཚོས་རྒྱ་ཆུང་ས་ནས་ཆེ་སར་ལྟ་རྒྱུ་གལ་ཆེན་པོར་འཛིན་སྲོལ་ཡོད་པ་འདྲ། དེར་བརྟེན་ཆོས་ལུགས་པའི་ངོས་ནས་དྲི་བ་བརྒྱ་ལ་དྲི་ལན་གཅིག་རང་འཚོལ་བ་དང་། ཚན་རིག་པ་ཚོས་དྲི་བ་གཅིག་ལ་དྲིས་ལན་མ་འདྲ་བ་བརྒྱ་འཚོལ་ཞིབ་བྱེད་རྒྱུར་དགའ། གང་ལྟར་སྔ་མས་ཐག་གཅིག་བྱེད་རྒྱུའི་འདོད་པ་གཙོ་བོར་འཛིན། ཕྱི་མས་འཚོལ་ཞིབ་བྱེད་རྒྱུ་གང་ལས་གལ་ཆེ་བར་འཛིན།
དྲ་ཐོག་ལ་ཡུན་རིང་སོང་བའི་བར་འདིར་རྒྱལ་ཁམས་པས་ཡང་བསྐྱར་སྟོང་ཁམས་ལ་བསྐོར་བ་ཐེངས་གཅིག་རྒྱབ་ཟིན་འདུག་ག དགའ་བསུ་ཡོད།
རྒྱལ་པོ་ལགས། ༼གང་ལྟར་སྔ་མས་ཐག་གཅོད་བྱེད་རྒྱུའི་འདོད་པ་གཙོ་བོར་འཛིན། ཕྱི་མས་འཚོལ་ཞིབ་བྱེད་རྒྱུ་གང་ལས་གལ་ཆེ་བར་འཛིན།༽ ཞེས་བཤད་པ་ནི། དེང་སང་སྐད་ཆ་འདི་འདྲའི་རིགས་ཤོད་རྒྱུར་དགའ་མཁན་མང་པ་ནི་ཐབས་སྐྱོ་བོ་རེད། ཁྱེད་ཀྱིས་གོང་ས་མཆོག་གི་རྡུལ་ཕྲན་རྐྱང་པའི་འཇིག་རྟེན་ཟེར་བ་དེ་ཐེངས་གཅིག་ཀློག་དང་ཁྱེད་ལ་ངེས་ཤེས་ཅུང་ཟད་རེ་བསྐྲུན་འོང། ད་དུང་རིགས་ལམ་མི་ཤེས་པའི་རྩོམ་པ་པོ་དང་ཡིག་བསྒྱུར་པ་མང་པོ་ཟིག་རྡ་སའི་རི་གྲོང་ན་ཐོན་འདུག་པ་དང། དེ་མིན་བསྟན་འཛིན་རིག་བཟང་གིས་ཀྱང་༼རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན༽ཞེས་པ་ཡིག་བསྒྱུར་ཐད་ནས་དོན་དང་མི་མཐུན་པ་འོང་གི་འདུག བརྗོད་བདེ་ཡིན་ན་མ་གཏོགས་འཇིག་རྟེན་ཁམས་ལས་ཆེ་བའི་རྡུལ་ཕྲན་ཞིག་ཡོད་སྙམ་པ་རང་ཤུགས་ཀྱིས་འཆར་འོངས། དེ་བས་ལྷག་རྡོར་གྱིས་༼རྡུལ་ཕྲན་རྐྱང་པའི༽ཞེས་བསྒྱུར་བ་དོན་དང་མཐུན་ཚབས་ཆེ། རྒྱུ་མཚན་ནི། འཇིག་རྟེན་གྱི་ཡོད་ཚད་རྡུལ་ཕྲན་ལས་བྱུང་བར་འདོད་པས་སོ།།
འཇིག་རྟེན་འབྱུང་བཞིས་གྲུབ་ཚུལ་འདི་ལ་ནང་བསྟན་དང་ཚན་རིག་གཉིས་ལས་ཆོས་ལུགས་གཞན་གྱིས་མི་འདོད་པ་འདྲ། མིའི་མྱོང་ཚོར་གྱི་ར་བ་ལས་འདས་པའི་གནས་ཚུལ་འདི་དག་ནི་ཐམས་ཅད་མཁྱེན་པ་ཞིག་གི་སྤྱོད་ཡུལ་ཡིན་པ་ལས། མི་རང་ག་བ་ཞིག་གི་སྤྱོད་ཡུལ་ག་ལ་ཡིན་མོད། རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་གསུངས་པ་དེ་བདེན་པ་རེད། ནང་བསྟན་ལས་བཤད་པ་ལྟར་ན་འབྱུང་བཞི་དང་དེའི་ནང་ནས་འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག ༼དེ་ནི་རེ་རེའི་དོན་སྣང་བ།།རླུངགིས་བླངས་ནས་འཛིན་བྱེད་ལ།།རླུང་དང་ལྡན་པའི་རྣམ་ཤེས་ནི།།རྟག་ཏུ་འགྲོ་ལ་གནས་བར་འགྱུར།།༽ ཞེས་དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། ༼འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།༽ཞེས་པའི་དོན་ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་གི་འཁོར་བ་འབྱུང་།༼སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།།རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།༽ཞེས་པས་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། འཆི་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། དེ་ལྟ་བུའི་རླུང་འདུལ་ཐབས་སྤྱོད་པ་ནི་ནང་བསྟན་གྱི་དགོས་ཆེད་རེད།