ཀླུ་སྨྱོན།
སྔོ་བསང་ནམ་མཁའི་དཀྱིལ་འཁོར་ནས། །
སྤྲིན་དཀར་ལེབ་མོ་ཡུག་གཅིག་གིས། །
མེ་ཏོག་དཀར་པོའི་ཆར་བ་ཞིག །
ཆུ་ཚོད་ཉི་ཤུ་རྩ་བཞིར་བསྙིལ། །
སྙིང་ལ་གཟན་པའི་སྡུག་གུ་མ། །
དབྱངས་ཅན་ལྷ་མོ་གཅེར་བུ་རུ། །
པི་ཝང་མེད་ལ་སོར་གདུབ་མེད། །
བདག་གི་རུམ་ལ་འཛུལ་བྱུང་ངོ་། །
བདག་ནི་སྔགས་འཆང་དྲེད་པོ་སྟེ། །
ཉིན་མཚན་མེད་པར་ར་བཟི་ཞིང་། །
ལུས་ལ་ཆགས་པའི་མེ་འབར་བས། །
དེ་རིང་བསྐལ་པ་བཟང་བྱུང་ངོ་། །
ཉི་མ་སུམ་བརྒྱ་དྲུག་ཅུའི་རྗེས་སུ་ཡང་། །
རྨི་ལམ་འདི་ལས་སད་མི་འདོད། །
སྒྱུ་མའི་འཇིག་རྟེན་བློས་མི་ཐོངས། །
རྣམ་ཤེས་འཁྱམ་པོ་སྙིང་ཡང་རྗེ། །
རྩ་ལམ་ཐམས་ཅད་ཆགས་པས་ཁྱབ། །
ཆགས་པ་མ་ལུས་ནད་དུ་ལྡང་། །
སྒྱུ་ལུས་འདི་ཡང་འཇིག་ལ་ཉེ། །
ཕྱི་མའི་སྣང་བ་བསླེབ་ལ་ཉེ། །
དབྱིངས་ན་བཞུགས་པའི་རྩ་བ་གསུམ། །
སྙིང་གི་གསང་བར་ལེགས་བསྲེལ་ཏེ། །
བདེ་ལྡན་དག་པའི་ཞིང་ཁམས་དེར། །
མྱུར་དུ་བགྲོད་པའི་སྨོན་ལམ་འདེབ། །
སྣང་བ་ལང་ལིང་འཇའ་རིས་འདྲ། །
ཚོགས་དྲུག་བུས་པ་བསམ་མེད་འདྲ། །
གཟུང་འཛིན་ཉ་དང་ཉ་རྒྱ་འདྲ། །
འཁོར་བ་འདི་ནི་སྐྱིད་སྐྱིད་འདྲ། །
བདག་ནི་ཡུན་རིང་མི་སྡོད་པར། །
འཇིག་རྟེན་གཞན་གྱི་མགྲོན་པོ་རུ། །
འཇིགས་ཤིང་དགའ་བའི་རོལ་མོ་དང་། །
སྡེབ་བཞིན་འགྲོ་བར་ཡིད་རེ་འཚེར། །
ཞེན་ཆགས་སྐྱེ་སའི་དགའ་མ་དང་། །
སྙིང་ལ་གཟན་པའི་བུ་ཕྲུག་དག །
ད་ཀོ་བདག་ལ་མེད་པ་འདིས། །
བྱ་རྒོད་འཕུར་བའི་ངང་ཚུལ་དྲན། །
རིག་པ་སྐར་མདའི་བང་རྩལ་ཅན། །
རིགས་དྲུག་གནས་སུ་འཁྱམ་སྲིད་ན། །
བདེ་ལྡན་ཞིང་གི་མགོན་པོ་མཆོག །
དེ་རིང་ཐུགས་རྗེའི་བཀྲག་མ་ཡལ། །
མི་ལོ་འདི་ཙམ་འཇིག་རྟེན་འདིར། །
སྐྱིད་ལ་སྡུག་པའི་ཚོར་བ་ཡིས། །
སྲིད་པའི་རྩ་རྩེ་ཉུལ་ཉུལ་ནས། །
དེ་རིང་ངལ་གསོའི་ཀློང་དུ་འགྲོ །
དབྱིངས་རིག་འདྲེས་པའི་སྐད་ཅིག་མར། །
ལུ་གུ་རྒྱུད་ཀྱི་ལྷ་ཚོགས་རྣམས། །
ཆར་སྤྲིན་དང་ནི་ཁ་བ་བཞིན། །
ཀུན་གཞིའི་མཚོ་ལ་འབབ་པར་བྲེལ། །
འཁོར་བའི་འཁྲུལ་སྣང་ཟ་ཟི་འདིས། །
ད་ཀོ་བདག་ནི་ཟིན་མ་ཡིན། །
ཆགས་སྡང་སྦྲུལ་གྱི་ལྕེ་ཞགས་ཀྱིས། །
དེ་རིང་བདག་ལ་གནོད་རེ་སྐན། །
བར་བར་རྡོ་རྗེའི་རྒྱས་བཏབ་པའི། །
རང་སྣང་དག་པའི་གཞལ་ཡས་ཁང་། །
འོད་དུ་འབར་ཞིང་གཟི་བརྗིད་འཚེར། །
མིག་ནས་མཆི་མ་འབབ་བཞིན་བགྲོད། །
གསེར་གྱི་ཐེམ་སྐས་རེ་རེར་ཡང་། །
གྲངས་མེད་འོད་ཀྱི་ཐིག་ལེས་བརྒྱན། །
བསྐལ་བར་བསྐྱངས་པའི་མ་རྒན་རྣམས། །
ཕྱི་མིག་གཅིག་གི་ཀློང་དུ་ལུས། །
ཡིད་ཀྱི་ཁྱེའུ་སྙིང་རྗེ་བོར། །
བསླུ་བྲིད་འོ་མ་བསྣུན་པ་ཡི། །
ཁྱེད་ཀྱི་མི་ཚེ་རིང་མོ་དེ། །
སྐྱིད་ཅིང་སྡུག་པའི་མིང་མེད་ཤོག །
ནམ་ཞིག་བདེ་གཤེགས་སྙིང་པོ་དེ། །
སྒོ་ང་བཞིན་དུ་རྒྱ་རལ་ཏེ། །
འགྲོ་དྲུག་འཁོར་བར་འཁྱམ་པའི་དུས། །
བདག་ཀྱང་ཁྱེད་ཀྱི་ཁྱོ་བོར་ཤོག །
དེ་དུས་ཁྱེད་ཀྱི་མྱོས་བུམ་གཞིར། །
ཆགས་པའི་སེན་རྗེས་མང་བཏབ་སྟེ། །
ཆུ་སྐྱེས་དམར་པོའི་ཟེའུ་འབྲུ་དག །
གཞིབ་ཅིང་བདེ་ཆེན་རོ་མྱོང་ཤོག །
སྲིད་པ་འདི་ནི་བྱེ་ཐང་གི །
སྨིག་རྒྱུའི་ཆུ་བོར་ཡོངས་འདྲེས་ཏེ། །
འུ་ཅག་སྐོམ་གདུང་རི་སྐྱེས་དག །
ཡང་ཡང་བསླུས་པ་མ་ཤེས་སམ། །
དེ་སྐད་སྙིང་ལ་གྲི་བཙུགས་ཏེ། །
ཟུངས་ཁྲག་དམར་པོའི་པུར་རྩེ་ནས། །
བརྩེ་གདུང་སྙན་ངག་དྲོན་མོ་ཞིག །
དབང་མེད་ཐལ་འདི་ཁྱེད་ལ་འོ། །
*གོང་གི་འདྲ་པར་དེ་ནི་ཨ་རིའི་གདོད་མའི་མི་རིགས་ཀྱི་རིག་གཞུང་ཁྲོད་ཀྱི་རྨི་ལམ་འཛིན་བྱེད་ཅེས་པའི་དྲ་རྒྱ་དང་བྱ་སྒྲོའོ།།
ཨ་རིའི་གདོད་མའི་མི་རིགས་ཨིནཌིཡྰན་དམར་པོར་གྲགས། །
ཊི་བེཊ་བོད་ལྗོངས་མི་རིགས་སྤྲེལ་སྲིན་གདོང་དམར་གྲགས། །
དཀར་ནག་དམར་སེར་ཤ་མདོག་འཛམ་གླིང་མི་འབོར་ནི། །
དུང་ཕྱུར་བདུན་ཅུ་བྱེ་བ་བརྒྱད་དང་ས་ཡ་བཞི། །
འབུམ་བདུན་བརྒལ་ནས་སྐར་ཆ་རེ་རེར་ནང་ལ་ཡང་། །
ཕྲུ་གུ་གཅིག་དང་གཉིས་སོགས་འཕེལ་ཚད་འདི་ཉིད་ལ། །
བསམས་ནས་མི་འབོར་སྐྱེ་འགོག་ཁོར་ཡུག་སྲུང་སྐྱོབ་དང་། །
ས་གཏེར་བཀག་སྡོམ་ཟ་འབྲུ་སྤེལ་ལ་འབད་རན་འདུག །
ཨ་ཐ། ཉིན་མོ་དྲན་རྒྱུ་མང་ན། །མཚན་མོ་རྨི་རྒྱུ་མང་ཡོང་། །སྟོང་པ་རྒྱ་ཆད་མིན་པར། །འོད་གསལ་འཆར་ཆ་མངའདུག །སྣང་བའི་ཆ་ཤས་རེ་ནས། །ཡོན་ཏན་ལྷུན་གྱིས་གྲུབ་པ། །སླར་ཡང་སྒྲ་དབྱངས་ལྷ་མོའི། །བྷ་གའི་ནང་ཏུ་ཞུ་འགྲོ། །བདེ་སྡུག་རྣམ་རྟོག་རྦ་རླབས། །འགྱུ་ཡང་གནས་ཀྱང་ཆོག་གི། །དབྱངས་ཅན་ནཱ་དའི་རོལ་དབྱངས། །སྙིང་གི་དབུས་ནས་གྲགས་ཡོང་། །དེ་ཚེ་ཧེ་རུ་ཀཿདཔལ། །བརྟུལ་ཞུགས་དབྱིངས་སུ་མ་སྦ། །མཉམ་སྦྱོར་ཐིག་ལེ་འི་ཀློང་ནས། །གར་དགུའི་སྟངས་སྟབས་ངོམ་ཤོག །
དབྱངས་ཅན་ཕྱག་གི་རྒྱུུད་མང་ལས། །
སྙན་པའི་རྨི་ལམ་ཐུན་གཅིག་འདིས། །
ཆོས་དབངས་གྲགས་པའི་མཚན་སྙན་གང་། །
ས་ལ་གཡུག་འདུག་སྙམ་པ་བྱུང་། །
དྲི་མེད་ལྷག་བསམ་ལགསའདི། དཔལ་དགྱེས་རྡོ་རྗེ་ལགས་དང་མགྲན་ཟླར་འདུག རྩོམ་རྩལ་ལ་རྗེས་སུ་ཡི་རང་སོང་། དིང་སང་མཚོ་འབྱུང་ལྷ་མོ་དགྱེས་པའི་དུས་ཅིག་ཡིན་པ་འདྲ། དགེའོ། །
དབྱངས་ཅན་ངག་གི་རྒྱུུད་མང་ལས། །
སྙན་པའི་རྨི་ལམ་ཐུན་གཅིག་རྨིས། །
༸ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་། །
མི་ལ་རས་པའི་མགུར་འབུམ་དྲན། །
གཉིད་དུས་རྨིས་དུས་སད་དུས་གསུམ། །
ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་དང་། །
སྐྱེ་འཆི་བར་དོ་འཆི་བ་གསུམ། །
སྐུ་གསུམ་བསྲེས་ནུས་རྣལ་འབྱོར་མཛོད། །
༄༅། །ཨེ་མ། སྐུ་གསུམ་སོ་སོར་བྱས་ཀྱང་ཆོག །མ་པྱེས་ནའང་ཁྱད་ཅི་ཡོད། །སྣང་བ་འདི་ལས་གཞན་ཞིག་གི། །ལམ་ཁྱེར་རྣམ་གསུམ་ག་ལ་ཡོད། །ཤེས་རབ་འཆལ་ལ་ལོག་ལྟ་མང་། །འབད་པ་ཕལ་ཆེར་འཆིང་བའི་རྒྱ། །འཛིན་པ་ཞིག་པའི་མདོ་མེད་པོ། །རྩོལ་མེད་གཉུག་མའི་རྣལ་འབྱོར་མཛོད། །