བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྐོར་དཔྱད་གླེང་རླུང་འཕྲིན་སྙན་སྒྲོན་ལེ་ཚན།
ཆུ་སྐྱེས་སྒྲོལ་མ།
༼རྩོམ་ཡིག་འདི་ནི། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཚན་པས་བོད་ཀྱི་རྩོམ་རིག་སྐོར་སྙན་སྒྲོན་གྱི་གོ་སྐབས་གནང་བའི་སྐོར་དེ་ཡིན། འདིར་སྙན་སྒྲོན་ཡི་གེའི་མ་ཕྱི་དང༌། སྙན་སྒྲོན་དངོས་གཞི་རྒྱང་བསྲིང་གི་སྒྲ་ཡང་ལྷན་དུ་བཀོད་ཡོད།༽
ལེ་ཚན་གསུམ་པ།
དེ་རིང་གི་ལེ་ཚན་འདིའི་ནང༌། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་རྩོམ་རིག་ལ་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་པའི་ཁོར་ཡུག་ཅིག་ལས་སྤྲད་མྱོང་མེད་པ་དེའི་འོག་ནས་བོད་ཀྱི་གནས་སྟངས་ངོ་མ་མཐོང་མི་ཐུབ་པ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང༌། བདེན་པ་གཙོ་བོར་བྱས་པའི་ལོ་རྒྱུས་རྩོམ་རིག་གིས། བོད་ཀྱི་དངོས་ཡོད་གནས་སྟངས་མཐོང་ཐུབ་པ་གཉིས་བསྡུར་ནས་ཞུ་ཡི་ཡིན།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། དུས་ཚོད་སྡུག་ཤོས་ཤིག་བྱུང་བ་ནི། ཕྱི་ལོ་ ༡༩༥༩ ལོ་ནས་ ༢༠༠༩ བར་ཆགས་ཡོད། འདི་ནི་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་མི་ལོ་ལྔ་བཅུའི་དུས་ཡུན་རེད། བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་ལབ་ནའང་འདྲ། ནང་དོན་ལབ་ནའང་འདྲ། བོད་ནང་ལ་ཆ་མཚོན་ནས་བཤད་པ་ཡིན་ན། བོད་ཀྱི་རྩོམ་རིག་གི་ཁོར་ཡུག་དང་གྲངས་ཚད་གང་གི་ངོས་ནས་བལྟས་ནའང༌། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་པའི་བཀོད་སྒྲིག་དང་སྟངས་འཛིན་ཅིག་གི་འོག་གནས་ཡོད་པ་ཡིན་སྟབས། བོད་རང་གི་རིག་གཞུང་དང༌། བསམ་བློ་བརྗོད་གཞིར་བཟུང་བའི་རྩོམ་ཡིག་སྤེལ་བར་བཀག་རྒྱ་ཆེན་པོ་ཞིག་ཡོད་པ་རེད། དཔེར་ན། རྒྱལ་བ་རིན་པོ་ཆེ་ལ་བསྟོད་པའི་སྙན་ངག་ཅིག་བྲིས་པའི་དབང་དུ་བཏང་ན། དེ་ནི་གཞུང་འབྲེལ་དུས་དེབ་དང་ཚགས་པར་སྟེང་འགོད་སའི་ལམ་ཁ་མི་ཐོབ་པ་དང༌། སྒེར་གྱི་དུས་དེབ་སྟེང་བཀོད་པ་ཡིན་ནའང༌། ཆབ་སྲིད་ཀྱི་ནག་ཉེས་སུ་བརྩིས་ནས་རྩོམ་པ་པོ་དང་རྩོམ་སྒྲིག་པ་ཕྱོགས་གཉིས་ཀར་དཀའ་ངལ་འཕྲད་གཞི་ཞིག་ཡིན།
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དེ་ནས་བཟུང༌། བོད་གཞིས་བྱེས་གཉིས་ཟེར་བ་འདི་བྱུང་བ་དང༌། དེ་བཞིན་བོད་ཀྱི་རྩོམ་རིག་གི་རྣམ་པའམ་ནང་དོན་ལའང་འགྱུར་བ་ཆེན་པོ་ཞིག་ཐེབས་ནས། བརྗོད་གཞིའི་ནང་དོན་དེ་ཕྱོགས་གཉིས་སུ་གྱེས་པ་ཞིག་ཆགས་ཡོད་པ་རེད། དེ་ནི་བཙན་བྱོལ་བོད་མའི་སྤྱི་ཚོགས་ནི་སྨྲ་བརྗོད་རང་དབང་ཆ་ཚང་ལྡན་པའི་ཁོར་ཡུག་ཅིག་དང༌། གཞིས་ལུས་བོད་མིའི་སྤྱི་ཚོགས་ནང་སྨྲ་བརྗོད་ཀྱི་རང་དབང་ཟེར་བ་ཞིག་མེད།
ང་ཚོས་ལོ་རྒྱུས་རྩོམ་རིག་དཔེ་མཚོན་དུ་བཞག་ནས་བཤད་པ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་རང་དབང་གི་ཁོར་ཡུག་ཅིག་ཡིན་པ་དང༌། ལོ་རྒྱུས་རྩོམ་རིག་གི་ནང་དོན་དེ་ཡང་བདེན་པ་བརྗོད་གཞིར་བྱས་པའི་རྣམ་པ་གསལ་པོ་ཡོད་པ་དང༌། རྒྱ་ནག་གི་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞིས་ལུས་བོད་མིའི་སྤྱི་ཚོགས་ལ་མཚོན་ན། བོད་ཀྱི་ལོ་རྒྱུས་དང་བདེན་པའི་གནས་སྟངས་རིགས་བཤད་གླེང་རྩ་བ་ནས་མི་ཆོག་པར། རྒྱ་ནག་གཞུང་གི་ཆབ་སྲིད་དགོས་མཁོ་སྒྲུབ་པ་ཁོ་ན་གླེང་བཤད་བྱེད་པའི་ཁོར་ཡུག་ཙམ་ལས་མེད་པ་ཆགས་ཡོད། གནས་སྟངས་དེར། ལོ་རྒྱུས་ཉམས་ཞིབ་པ་ཚོས་སྡོམ་ཚིག་ཅིག་བཞག་ཡོད་པ་ནི། བོད་ཀྱི་རྩོམ་རིག་སྤྱི་དང༌། ལོ་རྒྱུས་རྩོམ་རིག་གི་ནང་དོན་དང་གླེང་སྟངས་དེ་རིགས་གཉིས་སུ་གྱེས་ནས་ཡོད་པ་ནི། རང་དབང་གི་ཁོར་ཡུག་ཡོད་པ་དང༌། མེད་པའི་ཁྱད་པར་ལས་བྱུང་བ་ཞིག་ཡིན་པའི་ལྟ་ཚུལ་འདོན་གྱི་ཡོད་པ་དེ་རེད།
རྒྱལ་རབས་གསལ་བའི་མེ་ལོང༌། ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་ཐེར་དམར་པོ། རྒྱལ་རབས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། དེབ་ཐེར་དཀར་པོ་སོགས་ལ་མཚོན་ན། ཕྱི་ལོའི་དུས་རབས་བཅུ་གཉིས་པ་ནས་ཕྱི་ལོ་ ༡༩༤༠ ཡས་མས་ཀྱི་དུས་སྐབས་མི་འདྲ་བའི་ལོ་རྒྱུས་མཁས་པ་དག་གིས། ལོ་རྒྱུས་ཀྱི་དངོས་ཡོད་བདེན་པའི་གནས་སྟངས་གཞི་རྩ་ལ་བཞག་ནས་བརྩམས་པའི་ལོ་རྒྱུས་ཀྱི་རྩོམ་རིག་གྲགས་ཅན་གྱི་གྲས་རེད། དེ་ཚོའི་ནང༌། ཕྱི་ལོ་དུས་རབས་བདུན་པ་དང་དགུ་པའི་བར་ལ་བྱུང་བའི་བོད་ཀྱི་རྡོ་རིང་ཡི་གེ་དང༌། བྲག་བརྐོས་ཀྱི་ཡི་གེ་སོགས་ཡིག་རྙིང་མང་པོ་ཞིག་གི་ནང་དོན་བསྡུས་ཡོད་སྟབས། དེ་སང་རྒྱལ་སྤྱིའི་བོད་རིག་པའི་ལོ་རྒྱུས་ཉམས་ཞིབ་པ་མང་པོས། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་སྐབས་སུ། བརྩམས་ཆོས་གྲགས་ཅན་དེ་ཚོ་དཔྱད་གཞིའི་ཡིག་ཆ་ཨང་དང་པོར་བཞག་ནས་ཉམས་ཞིབ་བྱེད་ཀྱི་ཡོད་པ་རེད།
ཉེ་རབས་བོད་ཀྱི་ལོ་རྒྱུས་མཁས་དབང་ཞྭ་སྒབ་པས་བརྩམས་གནང་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནི། བོད་ཀྱི་གནའ་རབས་དང་ཉེ་རབས་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ནང་དོན་ཁག་ཕྱོགས་བསྡོམས་བྱས་པའི་ལོ་རྒྱུས་གླེགས་བམ་ཞིག་ཡིན་པ་དང༌། དེ་ནི་ཕྱི་ལོ་ ༡༩༥༩ ལོའི་རྗེས་ལ་བོད་ཀྱི་ལོ་རྒྱུས་དོན་དངོས་ཆ་ཚང་ཕྱོགས་གཅིག་ཏུ་བསྡུས་ནས་གླེང་བའི་དེབ་ཐོག་མ་དེ་ཆགས་ཡོད་སྟབས། བོད་པ་ཙམ་མ་རེད། རྒྱལ་སྤྱིའི་སྟེང་གི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་མང་པོས་ཀྱང་གདེང་འཇོག་ཚད་མཐོན་པོ་ཞུ་གི་ཡོད་ནའང༌། བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱིས་བདེན་པ་གླེང་བ་དེར། རྒྱ་ནག་གཞུང་གིས་མི་སྒེར་གྱི་མིང་ཐོག་ནས་རྩོམ་ཡིག་བྲིས་ནས་དགག་པ་རྒྱག་པ་དང༌། ཡང་ན། ལས་ཁུངས་དང་རྩ་འཛུགས་ལ་འགན་སྤྲད་ནས་དགག་པ་རྒྱག་ཏུ་འཇུག་པ་སོགས་བྱས་དང་བྱེད་ཀྱིན་ཡོད་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་རྩོམ་རིག་དེར་རང་དབང་གི་གླེང་བརྗོད་ཁོར་ཡུག་སྤྲོད་ཀྱི་མེད་པའི་དཔེ་མཚོན་གསལ་ཤོས་ཤིག་ཆགས་ཡོད།
བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། དངོས་ཡོད་གནས་སྟངས་བཅས་ཀྱི་ངོས་ནས་བོད་འདི་བཙལ་བ་ཡིན་ན། དེ་ནི་བོད་པ་རང་གི་མཁས་པས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་བརྩམས་པའི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་དང༌། དེའི་ཕྱིས་སུ་མཁས་དབང་ཞྭ་སྒབ་པས་གཙོ་བོར་བྱས་པའི་རང་དབང་ལུང་པར་གནས་བཞུགས་མཁས་པ་ཚོས་བརྩམས་པའི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཀྱི་སྟེང་ནས་བཙལ་བ་ཡིན་ན་རྙེད་ཐུབ་པ་ལས། དེ་ཕྱིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ལས་འགན་སྤྲད་ནས་བརྩམས་བཅུག་པའི་དེབ་དེ་ཚོའི་ནང་ནས་བོད་ཀྱི་གནའ་རབས་དང༌། ཉེ་རབས། དེང་རབས་གང་ཡང་གསལ་པོ་ཞིག་མཐོང་དཀའ་བ་ཆགས་ཡོད། དཔེར་ན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་དང༌། བོད་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ་གཉིས་ནི། རྒྱ་ནག་གཞུང་གི་ཆབ་སྲིད་དགོས་མཁོའི་ངོས་ནས་བཤད་ན། དེབ་རྩ་ཆེན་གཉིས་ཡིན་ནའང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་བདེན་པ་གླེང་བའི་ངོས་ནས་བཤད་ན། དེབ་དེ་གཉིས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འཁྱོག་བཤད་ཀྱི་དཔེ་མཚོན་གསལ་ཤོས་ཀྱི་དེབ་གཉིས་ཆགས་ཡོད་པ་རེད། ལོ་ལྔ་བཅུའི་རིང་གི་བོད་ཀྱི་ལོ་རྒྱུས་རྩོམ་རིག་གི་གནས་སྟངས་འདི་འདྲ་ཞིག་རེད།
གནས་སྟངས་འདི་འདྲ་ཞིག་གི་འོག་ནས། བོད་ཀྱི་ལོ་རྒྱུས་རྩོམ་རིག་དེ་ཁ་ཕྱོགས་མ་འདྲ་བ་གཉིས་སུ་གྱེས་ཡོད་པ་དང༌། དེ་ཡང༌། ཕྱོགས་གཅིག་གིས་བདེན་པ་གླེང་གི་ཡོད་པ་དང༌། ཕྱོགས་གཅིག་གིས་སྲིད་དོན་གྱི་དགོས་མཁོའི་ཆེད་ལོ་རྒྱུས་འཁྱོག་བཤད་བྱེད་པ་གཙོ་འདོན་བྱེད་ཀྱི་ཡོད་ཅིང༌། བདེན་པ་གླེང་བ་དང་འཁྱོག་བཤད་བྱེད་སྟངས་འདི་གཉིས་ནི། འདས་མ་ཐག་པའི་མི་ལོ་ལྔ་བཅུ་ཐམ་པའི་རིང་གི་བོད་ཀྱི་ལོ་རྒྱུས་རྩོམ་རིག་གི་གནས་སྟངས་རེད། བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་པ་དེ་ནི། རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པའི་ཐོན་རྫས་གསར་པ་ཞིག་ཀྱང་ཆགས་ཡོད། ཐོན་རྫས་དེ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། བོད་མི་རིགས་ཀྱི་བསམ་བློའི་ངོས་འཛིན་གཉིས་ཀ་དང་མཐུན་གྱི་མེད་པ་ཡིན་སྟབས། གླེང་སྟངས་དང་བཤད་སྟངས་དེ་བོད་མི་ཚོས་དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཆགས་ཡོད་པ་རེད།
གསན་མཁན་རྣམ་པ། དེ་རིང་གི་ལེ་ཚན་ཞུ་མཚམས་འདི་གར་བཞག་རྒྱུ་དང༌། ལེ་ཚན་རྗེས་མའི་ནང༌། མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་སྐོར་ལ་མུ་མཐུད་ནས་གསན་རོགས་གནང༌། ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།
རྒྱང་བསྲིང་གི་སྒྲ་འདི་ནས་གསན་རོགས།
༼གསལ་བཤད།༽
ཡི་གེའི་ལམ་གྱི་ངོ་སྤྲོད་དང་སྒྲ་ལྡན་གླེང་མོལ་གཉིས་ནང་གསལ་ཁ་འདོན་གང་ཐུབ་བྱས་ཡོད་ནའང༌། ཆ་མ་ཚང་བ་མང་པོ་ཞིག་ཡོད་པ་རེད། དེར་ཀློག་མཁན་ཚོས་དགོངས་འཆར་གནང་རོགས། ངས་འདིའི་སྐོར་ལ་བསྐྱར་ཞིབ་ཅིག་ཞུ་མགོ་ཚུགས་ཡོད། ཐུགས་རྗེ་ཆེ།
ཨ་ཅེ་ལགས། གང་དྲག དེང་རྩོམ་ཐུང་ཐུང་འདྲ་མ་གཏོགས་ཀློག་རྒྱུར་ཉོབ་སྣང་ཡོང་གི་འདུག
དེང་སང་ Short and sweet ལས་གཞན་ལ་ཅང་ཅང་འདྲ་ཞིག་ཚོར་གིན་འདུག
ཆ་ཚང་ཞིག་ཀློག་པ་ཡིན། ཧྲ་གི དུས་ཚོད་ལ་དཔག་པའི་ཞིབ་འཇུག་ཡག་པོ་གནང་འདུག ཐུགས་རྗེ་ཆེ། ད་དུང་ཡ་ཧན་ཀྲང་གིས་བརྩམས་པའི་ཏྰ་ལེ་བླ་མའི་རྣམ་ཐར་སོགས་ཀྱང་འཁྱོག་བཤད་ཀྱི་རྫོང་ཞིག་ཡིན་ཐ་པ།
ཆུ་སྐྱེས་སྒྲོལ་མ་ལགས། བདག་རང་དཔལ་ལྷ་མོའི་དུས་ཆེན་སྲུང་བརྩི་ཞུ་སྲོལ་སྐོར་ཀྱི་རྩོམ་ཡིག་ངག་ཐོག་རྒྱང་བསྲིང་ཞུས་པ་དེ། ཉན་འདོད་ཧ་ཅང་ཆེ་བས་ཁྱེད་ཀྱིས་འདིར་གར་ཡོད་དྭ་ལམ་གྱི་ཁ་བྱང་ཞིག་འབྲི་རོགས་གནང། ཐུགས་རྗེས་གཟིགས།