སྒེར་དོན་མཁས་པའི་དེང་གི་བཀའ་སྤྱི་ཚོས།།
རང་འབངས་བདག་མེད་གང་དྲན་ལམ་ལ་བཏངས།།
འདུག་སྟེགས་སྲ་བརྟན་ཕྱོགས་ཞེན་ཅན་ལ་སྐུལ།།
དཔོན་པོ་འདོད་ཀྱང་སྨྱོན་པས་ལན་མོ་རེད།།
རང་གི་ཀུན་སྤྱོད་ངན་ངོན་ལམ་ལ་ཤོར།།
དགེ་སྦྱོར་ལམ་བཟང་ཡར་ཡོར་ངང་ལ་འདས།།
ཕྲག་དོག་དང་བཅས་མཐོན་པོའི་ཁྲི་ལ་འཛེགས།།
བླ་སྤྲུལ་འབོད་ཀྱང་སྨྱོན་པས་ལན་མོ་རེད།།
ཕྱི་གོས་ངུར་སྨྲིག་བཀླུབས་པས་བན་གཟུགས་ཅན།།
ཆོས་ཀྱི་སྙིང་དོན་མ་ཤེས་ང་རྒྱལ་ཅན།།
ཆོས་པའི་མིང་བྱང་ཁུར་བའི་དགོས་མེད་ཅན།།
གྲྭ་པ་ཟེར་ཡང་སྨྱོན་པས་ལན་མོ་རེད།།
རང་ངོ་མ་ཤེས་འཆོར་པོ་ཀླད་རྙིང་དེ།།
རང་ལྟ་རྡོ་ལས་མཁྲེགས་པའི་གཤིས་ཀའི་འོག།།
གཞན་ལ་བསམ་ཤེས་མ་ཐུབ་མཐུན་ལམ་གཏོར།།
མི་རུ་སྐྱེས་ཀྱང་སྨྱོན་པས་ལན་མོ་རེད།།
ཧོབ་ཙམ་ལྟས་ན་བོད་མིའི་ཤ་ཚུགས་ཅན།།
ནང་ཁོག་གཞན་གྱི་བྲན་གཡོག་ཡོངས་ཚུད་དེ།།
རང་སྲོག་སྐད་ཡིག་བོར་བའི་བོད་མི་ཁོས།།
མི་སྐད་སྨྲ་ཡང་སྨྱོན་པས་ལན་མོ་རེད།།
དེང་གི་བུ་མོ་མཛེས་པའི་སྒེག་ཉམས་ཅན།།
ཡིད་གཏད་བྲལ་ཞིང་སེམས་པ་ཕྱོགས་མེད་གཡོ།།
ཕོ་བརྒྱའི་རྗེས་འབྲེང་བྲེལ་བའི་མགོ་མགྱོགས་མ།།
སྣང་བ་མཐོ་ཡང་སྨྱོན་པས་ལན་མོ་རེད།།
ཨ་མ་རྒན་མོ་ལག་ལ་ཕྲེང་ཐོག་མ།།
ཁ་ནས་ཆོས་འདོན་ཐོག་མེད་ཤ་ར་ར།།
ཁོག་ན་ཁོང་ཁྲོ་འབར་བསླ་སྦྲུལ་སེམས་ཅན།།
ཆོས་ལ་སྨོན་ཡང་སྨྱོན་པས་ལན་མོ་རེད།།
ཤ་རྩ་དཀར་ཞིང་ཕོ་སྐྱེས་བརྗིད་ཉམས་ཅན།།
འདོད་ཆགས་ཆེ་སྟེ་མོ་ལུས་ལེན་ཚད་བདའ།།
མི་ཚེའི་སྙིང་དོན་བཟི་སྨན་སོགས་ལ་བཅོལ།།
ཡིན་འདོག་འདུག་ཀྱང་སྨྱོན་པས་ལན་མོ་རེད།།
རྒྱུ་ལ་རྔམ་སྟེ་ཚོང་ལས་གཉེར་ན་ཡང་།།
སངས་རྒྱས་མཆོད་ཆས་ཆོས་དང་འབྲེལ་རིགས་ལ།།
ངན་གཡོ་རྫུན་བཟོ་ལས་འབྲས་མེད་ཚོང་རྒྱག།
ཚོང་ལས་དེ་ཡང་སྨྱོན་པས་ལན་མོ་རེད།།
བྲག་འགོ་དཀོན་མཆོག་དར་རྒྱས་འབོད་པས་གནས་མཆོག་རྡོ་རྗེ་གདན་ནས་ཕུལ།
ལད་མོ་ཟེར་བ་ཡིན་པ་འདྲ། ལན་མོ་ཟེར་བ་ཡིན་ས་མ་རེད།
མགོ་ལ་ཕོག་ནས་སྙིང་ལ་ཟིག་གི
ཨ་ན་ཤོར་ཡང་སྐྱོབས་མི་མི་འདུག
ཚིག་གི་མདའ་མོ་སྙིང་ལ་ཕོག་པ།
མི་ཚེ་འདི་ལ་ཐོག་མ་ཡིན་གོ
རང་ཁ་རང་ལ་བསྐོར་བའི་བསམ་གཞིག་དང་།།
རང་དྲིན་རང་ལ་ཆེ་བའི་མནོ་བསམ་རེ།།
རང་གིས་རང་ལ་གཏོང་བ་བརྗེད་གྱུར་ནས།།
རང་མིན་གཞན་སྐྱོན་གླེང་ན་ལྐུག་པ་རེད།།
རང་ཁ་རང་ལ་བསྐོར་བའི་བསམ་གཞིག་དང་།།
རང་དྲིན་རང་ལ་ཆེ་བའི་མནོ་བསམ་རེ།།
རང་གིས་རང་ལ་གཏོང་བ་བརྗེད་གྱུར་ནས།།
རང་མིན་གཞན་སྐྱོན་གླེང་ན་སྨྱོན་པ་རེད།།
བདེན་རྫུན་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།།
ལེགས་ཉེས་རང་ངོ་འཕྲོད་པའི་ཤེས་རབ་རྩལ།།
མེད་ཀྱང་ཡོད་པའི་ངང་ཚུལ་འཛིན་བྱས་ཏེ།།
མཐོ་དམན་ཀུན་ལ་གཤེ་བའང་སྨྱོན་པ་རེད།།
ཚེ་མཐའི་ཤི་ཁ་རྒན་པོ་ང་ལ།
རང་སྐྱོན་གཛེར་མ་སྙིང་ལ་ཟིགས་པ།
དེང་རབས་གཞོན་ནུའི་བློ་ངར་ཞིག་གིས།
བཟོས་པ་ཡིན་ན་སྐྱོ་བ་ཆེ་གི