བསྟན་འཛིན་ཤེས་རབ།
རྔམ་ཞིང་བརྗིད་ཆགས་པའི་རི་བོ་མཐོན་པོ་ཞིག་མདུན་རོལ་ཏུ་འགྲེང་འདུག
དྲི་ངད་ལྡ་པའི་མེ་ཏོག་དང་སྐྱེས་དངོས་ཚོགས་ཀྱང་ཕྲ་ལམ་མེར་བཞད་འདུག
ལམ་ལ་ཆས་བཞིན་པའི་སྐྱེ་བོའི་ཚོགས་ཀྱིས།
དངན་པ་རིང་མོ་རེ་འཐེན་བཞིན་ལྟ་ཙམ་ལྟ་ཙམ་བྱེད།
སྨུག་ལོང་སབ་སིབ་ཅིག་གང་སར་འཐིབས་འདུག
གློག་འགྱུ་ཐན་ཐུན་རེ་གློ་བུར་དུ་མཆེད་དུས།
སྐྱ་གསལ་ལེར་མདུན་ཕྱོགས་སུ་སྲིང་འདུག་པ་དེ་ལམ་བུ་ཡིན་ནམ།
ལག་པ་གཉིས་རྒྱང་རིང་དུ་སྲིང་བཞིན།
རི་བོ་མཐོན་པོ་དེའི་ཡང་རྩེ་རུ་འགྲོ་སྣང་གིས།
འགྲམ་ཆུ་རེ་སྒོག་སྒོག་ཏུ་མིད་ཞོར།
འཆར་གཞི་མ་བཀོད་པའི་རྨི་ལམ་སྐྱིད་པོ་དེ་ཚོ་ལ་སྒྲུག་ལུང་སྒྲུག་བྱེད།
སུ་ཡང་སླེབས་མ་མྱོང་བའི་རི་བོ་དེ་ཨང་།
ཕར་སློག་ཚུར་སློག་བྱས་པའི་རྨི་ལམ་གྱི་མདུན་རོལ་ཏུ།
ཁེར་རྐྱང་དུ་བགྲོད་པའི་མི་ཕོ་སུ་ཞིག་གི་རྡོག་པས་བརྫི་སྲིད་དམ།
རྨིས་ཆོག་ཆོག་གི་རྨི་ལམ་མོད་པོ་ཞིག་ད་དུང་འདི་ལྟར་ལུས་ནས་ཡོད་ཨང་།