འཇམ་དཔལ་ཚུལ་ཁྲིམས་ནས།
ང་ཚོ་བཙན་བྱོལ་དུ་དམངས་གཙོ་ལག་ལེན་བསྟར་ནས་ལོ་ངོ་ལྔ་བཅུའི་གཡས་གཡོན་དུ་སོང་བའི་ཉམས་མྱོང་ལས་གནད་དོན་ཞིག་གསར་རྟོགས་བྱུང་བ་ནི་བཀའ་བློན་ཁྲི་བ་སོགས་ཆབ་སྲིད་ཀྱི་འཁོར་ལོ་སྒྱུར་པ་བོ་དག་ལ་ཤེས་ཡོན་དང་། འཇོན་ཐང་། ལྷག་བསམ་བཅས་གསུམ་གྱིས་མི་ཆོག་པའི་ཆ་རྐྱེན་བཞི་བ་ཞིག་དགོས་པ་དེ་རེད། དེ་ནི་འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞིག་ཡོད་དགོས་པ་དེ་རེད། འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞེས་པ་ནི་མཁས་མ་མཁས་ཀྱི་སྐོར་ཞིག་མིན་པར་རྒྱལ་ཁབ་ཅིག་གི་འཚོ་གནས་ལ་ཁེ་ཕན་ཡོད་མེད་ཅིག་ལ་གོ་དགོས།
ང་ཚོའི་སྲིད་ཀྱི་དབུ་ཁྲིད་ལ་བཙན་བྱོལ་ནང་དུ་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་ཚིལ་ལུ་གང་མང་ཞིག་འཇོག་ཐུབ་པ་བྱུང་ཡོད། འདི་ནི་ཕྱོགས་གཅིག་ནས་དགའ་འོས་པའི་དོན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་ཡུལ་གཞན་གྱིས་སྲིད་སྟེགས་སུ་ཡུལ་དེའི་ནང་གི་གང་ཟག་རྩེ་ཕུད་རྣམས་ཧ་ལམ་ཡོང་ཐུབ་ཀྱི་མེད་པས། ནོར་བུ་རང་ལ་ཡོད་ཀྱང་ནོར་བུས་ནོར་ཉམས་མ་ལོན་པ་དང་འདྲ་ན་ཡང་རང་ཅག་གིས་དེ་ལྟར་ཐུབ་པ་ནི་ངས་བལྟས་ན་སུས་ཀྱང་དོ་སྣང་མ་བྱུང་བའི་དགེ་མཚན་ཞིག་ཀྱང་ཡིན་སྲིད།
ཉེ་བའི་ཆར་བསམ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་བར་དུས་ཡུན་གཅིག་ཙམ་མིན་པར་བསྟུད་མར་སྐབས་གཉིས་ལ་བཞག་ཐུབ་པ་བྱུང་ཡོད་ཅིང་། ཁོང་ནི་གོང་གི་ཆ་རྐྱེན་གསུམ་ཀ་ཚང་བའི་སྐྱེས་བུ་སྙོན་མེད་དེ་ཡིན་པར་ཀུན་ལ་ཡོངས་སུ་གྲགས་པ་དོན་ལ་ཡང་གནས་པར་སེམས།
འོ་ན་ཁོང་བཀའ་ཁྲིར་འཁོད་ནས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཇི་ཙམ་བཏང་ཡོད་མེད་དང་། ལྷག་པར་དུ་བཏང་ཡོད་ན་བཟང་ཕྱོགས་དང་ངན་ཕྱོགས་སམ་དགོས་པའི་ཕྱོགས་དང་མི་དགོས་པའི་ཕྱོགས་གང་དུ་ཁ་ལོ་བསྒྱུར་ཡོད་མེད་ནི་དེ་བས་ཀྱང་བརྗོད་མི་ཐུབ་པ་ཞིག་ཏུ་གྱུར་སོང་། ངོ་མ་བཤད་ན་ཁོང་གི་ཆབ་སྲིད་ལས་འགན་རྫོགས་ལ་ཉེ་བའི་ད་སྐབས་ཁོང་གི་སྙན་གྲགས་དེ་སྔར་ལས་ལྡབ་འགྱུར་འཕེལ་ཞིང་། ཁོང་ནི་བོད་མི་རིགས་ཀྱི་ཁྱད་ནོར་ཞིག་ཏུ་ཀུན་གྱིས་སྔགས་པའི་དུས་ཚོད་ཅིག་ལ་ད་སྐབས་སླེབས་ཡོད་དགོས་ན་ཡང་། དེ་ལས་ལྡོག་སྟེ་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེ་བོད་མི་རིགས་ཀྱི་མདུན་ལམ་བརྒྱབ་བཤིག་ལོ་བཅུ་བཏང་ཡོད་དང་མདུན་སྐྱོད་ལོ་བཅུ་བཏང་ཡོད་པ་དོགས་པ་ཟ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། མདོར་ན་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེས་བོད་རྒྱལ་ཁབ་ལ་ཁེ་རག་ཡོད་དམ་གྱོང་རག་ཡོད་པ་ད་ལྟ་རྩོད་གཞིར་གྱུར་སོང་།
འོ་ན་ཁོང་ལྟ་བུ་ཤེས་ཡོན་འཇོན་ཐང་ལྷག་བསམ་སུམ་འཛོམས་ཀྱི་སྐྱེས་བུ་ཞིག་ལ་ཅི་ཞིག་མ་འགྲིག་པར་མང་པོས་སྡིག་ཡུལ་དུ་གྱུར་བ་ཡིན་ཟེར་ནཿ ངའི་བསམ་པར་ཁོང་ལ་གོང་དུ་ཞུས་པའི་ཆ་རྐྱེན་བཞི་བ་དེ་ལྡན་མེད་པས་མིན་ནམ་སྙམ་པའི་དོགས་སློང་འདི་ཞུ་འདོད་བྱུང་། བདག་གིས་འདི་ཟམ་གདོང་རིན་པོ་ཆེ་ལ་མཚན་དམད་ཞུས་པ་ཡེ་ནས་མིན་ལ་དེ་ལྟར་ཞུ་འདོད་ཀྱང་མེད། ལར་ནས་ང་ཚོ་མི་སྐྱ་ལ་མཚན་དམད་དུ་འགྲོ་བའི་དོན་འགའ་རེ་ཁོང་ལྟ་བུ་ལ་ཆེ་བསྟོད་དུ་འགྱུར་བའི་སྐབས་ཀྱང་ཡོད་པ་བརྗོད་མ་དགོས། དཔེར་ན་༧གོང་ས་མཆོག་སྲིད་དོན་པ་མཁས་པ་ཞིག་མ་རེད་ཅེས་ཞུ་ན་དེ་ནི་ཁོང་ལ་མཚན་དམད་མིན་པར་ཆེ་བསྟོད་དུ་འགྱུར་བར་བདག་སྙམ། དེ་ལས་ལྡོག་སྟེ་ཁོང་སྲིད་དོན་པ་ཆེན་པོ་ཞིག་ཡིན་རབས་བཤད་ཚེ་ངའི་བསམ་བློ་ལ་༧ཁོང་ལ་བསྟོད་པར་འགྲོ་བ་ལས་དམའ་འབེབས་སུ་འགྲོ་བར་བསམ།
འོ་ན་ཟམ་གདོང་རིན་པོ་ཆེ་ལ་འཇིག་རྟེན་བལྟ་ཚུལ་ཡག་པོ་ཞིག་མི་འདུག་ཞུ་བ་ཡིན་ནམ་ཟེར་ནཿ སྤྱིར་ཡག་པོ་དང་སྡུག་པོ་ཟེར་བ་འདི་ཡང་འཇིག་རྟེན་མ་བརྟག་པའི་ངོར་ཚུགས་ཐུབ་ཏུ་གྲུབ་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད་པ་ལས་དོན་དུ་དེ་ལྟར་མེད་པར་བལྟོས་འཇོག་གིས་བཤད་དགོས་པ་ཞིག་ཡིན་པས་ཐ་སྙད་སྦྱོར་སྟངས་ཤིག་ཡིན། ང་ཚོ་འཛམ་གླིང་འདིར་སྐྱེས་པ་དལ་འབྱོར་སྙིང་པོ་ལོན་ཆེད་དང་། གཏན་གྱི་འདུན་མ་ལོན་ཆེད་དུ་སྐྱེས་པར་ངོས་འཛིན་ན་ནི་ཁོང་གི་འཇིག་རྟེན་བལྟ་ཚུལ་དེ་ཡག་པོ་ཞིག་ཡིན་པ་དང་། ཡང་ང་ཚོ་འཛམ་གླིང་འདིར་སྐྱེས་པ་དེ་འཇིག་རྟེན་གྱི་འཚོ་བ་ལ་རོལ་ཆེད་དམ་སྐྱེ་བོ་གཞན་དག་བཞིན་འཇིག་རྟེན་འདིར་ཁྱིམ་གཞིས་ཟིན་ཆེད་དུ་སྐྱེས་པར་ངོས་འཛིན་བྱེད་ན་ནི་ཁོང་གི་འཇིག་རྟེན་ལྟ་ཚུལ་དེ་སྡུག་པོ་ཞིག་ལ་བཤད་ཆོག མདོར་ན་བྱ་དངོས་གང་ཡིན་ཡང་ཡག་སྔུག་གཉིས་ལས་མེད་པ་དང་། དེ་ཡང་ཡག་པ་ཐམས་ཅད་གཙང་ཞིང་སླད་མེད་པ་ཡིད་དུ་འོང་བ་ཞིག་དང་། སྡུག་པ་ཐམས་ཅད་བཙོག་ཅིང་ཞེ་མེར་བ་ཞིག་ཡིན་དགོས་པ་ལས་དཀར་ནག་གི་ཆ་འདྲེས་མར་གནས་པ་ཡེ་ནས་ཁས་མི་ལེན་པའི་སྲོལ་ཞིག་རང་རེར་ཡོད་ན་ཡང་། དོན་དུ་བྱ་དངོས་ཀུན་ལ་ཡང་བཟང་ངན་གྱི་ཆ་འདྲེས་ནས་ཡོད་པ་མ་ཟད། ཡག་སྡུག་གི་ཐ་སྙད་འདི་ཡང་བལྟོས་ས་བལྟོས་འཇོག་གིས་སྦྱོར་དགོས་པ་ལས་གདོད་མ་ཉིད་ནས་ཡག་པ་དང་སྡུག་པར་གྲུབ་པ་ཞིག་ཡེ་ནས་མེད།
དེས་ན་ཁོ་བོས་བཤད་འདོད་པ་ནི་འཇིག་རྟེན་བལྟ་ཕྱོགས་ནོར་དང་མ་ནོར་བ་ཞེས་པ་ནི་གང་ཟག་གང་དེའི་འཇིག་རྟེན་བལྟ་ཕྱོགས་དེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཕན་ཐོགས་ཡོད་པ་དང་མེད་པ་ཞིག་ལ་གོ་རྒྱུ་ལས་གཞན་པའི་ལེགས་ཉེས་ཀྱི་རྣམ་བཞག་གང་ལ་ཡང་གོ་རྒྱུ་མིན། སྤྱིར་ན་ད་བར་གྱི་བཙན་བྱོལ་གྱི་དུས་ཚོད་ནང་དུ་རང་རེའི་རྒྱལ་རབས་ལོ་རྒྱུས་དེ་མདུན་སྐྱོད་ཆེན་པོ་འདྲ་བྱུང་མ་སོང་བར་བཤད་མི་གཏུབ་མོད། གང་ལྟར་འདོད་བློ་ཁེངས་བ་ཞིག་བྱུང་མེད་པ་ནི་ཀུན་གྱིས་ངོས་ལེན་དགོས་པར་སྣང་། དེས་ན་དེའི་རྒྱུ་རྐྱེན་གང་ཡིན་ཞེ་ནཿ དེ་ནི་སྲིད་གཞུང་གི་དབུ་ཁྲིད་རྣམས་ལ་ཤེས་འཇོན་ལྷག་གསུམ་འཛོམས་པ་ཞིག་ཡེ་ནས་བྱུང་མ་མྱོང་བ་མིན་པར་། ཤེས་འཇོན་ལྷག་བལྟ་བཞི་འཛོམས་ཅན་གྱི་སྐྱེས་བུ་ཞིག་མ་བྱུང་བའི་ལན་པ་ཡིན་དགོས་པར་བསམ།
ད་ལྟ་ཤེས་འཇོན་ལྷག་གསུམ་འཛོམས་དགོས་པ་ལ་ཞིབ་པར་བཤད་དགོས་པ་གང་ཡོད། ཀུན་གྱིས་གལ་ཆེན་དུ་གཟིགས་ཀྱི་ཡོད་པས་ཁོ་བོས་འདིར་གསར་བ་ཞིག་ཞུ་རྒྱུ་གང་ཡང་མེད། དེས་ན་འདིར་ཁོ་བོས་ཆ་རྐྱེན་བཞི་བ་འདིའི་སྐོར་ཅུང་ཟད་ཞུ།
ཆོས་ཀྱི་ཕན་ཡོན་དང་མིག་རྒྱང་གི་ཡོན་ཏན་ལ་རྔམ་ནས་རང་རེའི་སྲིད་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་སྲིད་གཞུང་ཞིག་ཡིན་དགོས་པའི་སྒྲུབ་བྱེད་ཇི་ལྟར་བཀོད་རུང་། དོན་དུ་སྲིད་གཞུང་ཞིག་གི་ལས་དོན་ནི་འབངས་མི་རྣམས་ཀྱི་ཚེ་འདིར་སྣང་འཇིག་རྟེན་གྱི་བྱ་བ་སྒྲུབ་རོགས་བྱེད་རྒྱུ་དེ་ཙམ་ཡིན་པ་ལས་གཟུར་དུ་མེད། ཆོས་སྲིད་ཟུང་འབྲེལ་གྱི་གལ་གནད་ལ་ཤུགས་ཇི་ལྟར་བརྒྱུབ་རུང་དོན་དུ་ཡུལ་མི་རྣམས་ལ་སྤྱོད་པ་ཡ་རབས་ཞིག་དགོས་པ་ཙམ་ལ་དམིགས་ནས་གསུང་གི་འདུག ངོ་མ་བཤད་ན་དེ་ཙམ་གྱིས་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བསྲེ་དགོས་པའི་མཐའ་མའི་སྡོམ་ཚིག་ཡེ་ནས་རྒྱག་མི་ཐུབ།
སྤྱིར་དང་ལྷག་པར་དུ་སྐལ་བ་བཟང་པོའི་དུས་སུ་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བཞག་ན་ཧ་ཅང་ལེགས་པ་ཡིན་ཀྱང་། དེའི་ངོས་གཞན་པ་ན་ལྡོག་ཕྱོགས་ཀྱི་འབྲས་བུ་ཧ་ཅང་མི་ལེགས་པ་འབྱིན་གྱི་ཡོད་སྟབས་དེ་ལས་དེ་མ་བཞག་ན་དགའ་བར་གྱུར་བ་ཡིན། དེས་ན་འདི་གསལ་བོར་བཤད་ལོས་དགོས། སྤྱིར་ན་ཁ་ཆེའི་ཆོས་འདི་མི་ཆོས་དང་མཐུན་སྟོབས་ཧ་ཅང་ཆེ་བ་ཞིག་ཡིན་ན་ཡང་། དེའི་ཆོས་ཁྲིམས་ཡུལ་ཁྲིམས་ལ་འཇོག་འདོད་པའི་རྒྱལ་ཁབ་དག་གི་ནང་དུ་དཀའ་ངལ་ག་ཚོད་འབྱུང་གི་འདུག་པ་ལ་གཟིགས་དང་། ཐ་ལི་བྷན་ཞེས་པ་འདི་ཡང་བསམ་མེད་འགའ་ཞིག་སེམས་རྣག་གིས་བྱ་སྤྱོད་སྤེལ་བ་དེ་འདྲ་གང་ཡང་མིན་པར་། ཆོས་ལུགས་ལ་དུང་ཞེན་ཧ་ཅང་ཆེ་བའི་སློབ་ཕྲུག་སྐོར་ཞིག་གི་ལས་འགུལ་སྤེལ་བ་ཞིག་རེད། འོན་ཀྱང་ང་ཚོས་དང་འཛམ་གླིང་གིས་ཁོང་ཚོ་ལ་བལྟ་ཚུལ་ག་འདྲ་ཞིག་འདུག མདོར་བསྡུས་ན་འདི་ནི་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་འཇོག་འདོད་དམ་ཆབ་སྲིད་ཆོས་བཞིན་སྐྱོང་འདོད་པའི་བསམ་བློ་ཤུགས་ཆེ་བའི་དབང་གིས་རེད། ཡིན་ན་ཡང་འདི་ཡག་རུང་ངན་རུང་ད་ལྟའི་དུས་རབས་འདིར་བསམ་བློ་འདི་རིགས་བྲིན་རྒྱུགས་མེད་པ་རེད།
དེ་ནི་ཕྱི་ལོགས་ཀྱི་དཔེ་ཞིག་རེད། ད་རང་ཉིད་ལ་སྦྱར་ནས་བཤད་ནཿ “ང་ཚོས་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་དེངས་དུས་ཀྱི་ཤེས་ཡོན་མ་བྱུང་བས་ལན་པ་ཡིན།”་ཞེས་ཟེར་མོད། དོན་དུ་དེ་ནི་མཛེས་རྒྱན་གྱིས་སྤྲས་པའི་བཤད་སྟངས་ཤིག་ཡིན་ཞིང་། དེའི་ངོས་གཞན་ནས་བལྟས་ན“ང་ཚོའི་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་ཆོས་ལུགས་ཀྱི་ཤེས་ཡོན་ལ་ཞུགས་ཆེ་དྲགས་པའི་ལན་པ་ཡིན།”་ཞེས་པ་དེ་རེད། ལར་ནས་དེང་དུས་ཀྱི་ཤེས་ཡོན་དང་ཡུལ་གྱི་ཆབ་སྲིད་སྐྱོང་བ་གཉིས་ལ་དེ་འདྲའི་བལྟོས་གྲུབ་ཆེན་པོ་ཞིག་ངོ་མ་བཤད་ན་ཡོད་དོན་ཀྱང་མེད། ཡོད་ངོ་མ་ནི་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཕན་ཚུན་སྤང་འགལ་གྱི་འབྲེལ་བ་ཞིག་ཡོད། འདོད་ཆགས། ང་རྒྱལ། ཕྲག་དོག་སོགས་ལ་རང་གཅུན་མེད་པར་དེ་དག་གྲོགས་སུ་བཀུག་ནས་མི་ཆོས་སྒྲུབ་པ་ནི་སྲིད་དོན་གྱི་ལས་ཀ་ཡིན་ཞིང་། དེ་དག་གཅུན་ནས་སྒོ་ཀུན་ནས་འདུལ་བ་དེ་ཆོས་ཀྱི་ཤེས་ཡོན་ཡིན། ཉོན་མོངས་གྲོགས་སུ་འགུག་པ་འདི་ལ་དེང་དུས་ཀྱི་ཤེས་ཡོན་ཅང་ཟེར་བ་ཡིན་ནམ། དེང་དུས་ཀྱི་ཤེས་ཡོན་ཟེར་བ་ནི་གསར་རྟོགས་གསར་བ་དཔེར་ནཿ གློག་ཀླད་ཀྱི་ཤེས་བྱ། སྨན་གྱི་ཤེས་བྱ། རྗས་ཀྱི་ཤེས་བྱ་སོགས་ཚན་རིག་གི་ཤེས་བྱ་རྣམས་ལ་དེང་དུས་ཀྱི་ཤེས་བྱ་རུ་འབོད་དགོས་ངེས་སྙམ། གང་ལྟར་ཀྱང་ཆོས་ཀྱིས་སྲིད་ལ་གནོད་རབས་བཤད་ན་ཆོས་ལ་སྔགས་རྗོད་ཡིན་པ་ལས་དམའ་འབེབས་མིན་ནོ།
བཙན་བྱོལ་ནང་དུ་ཁོ་བོས་“མེས་བསྲེག་མེས་གཏུག”་ཟེར་བའི་ཚིག་ཅིག་ཤེས་བྱུང་། དེ་ནི་“གང་ལ་གང་འདུལ”་ཟེར་བའི་དོན་ཞིག་ཡིན་འདུག སྲིད་དོན་གྱི་ནང་དུ་གང་ལ་གང་འདུལ་ལམ་མེས་བསྲེག་མེས་གཏུག་གིས་བྱ་བ་ཞིག་བྱས་ནས་རང་དོན་སྒྲུབ་དགོས་པ་ལས་བྱ་བ་གང་དེ་དགེ་བ་ཡིན་མིན་ལ་རྟོགས་དཔྱོད་བྱེད་རྒྱུ་དེ་མིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་འདུག་ན་ངེས་པར་དུ་ཐེ་ཚོམ་མེད་པར་སྒྲུབ་དགོས་པ་ཡིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་འབངས་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་མི་འདུག་ན་སྒྲུབ་མི་ཉན།
བྱ་བ་བཟང་པོ་ཡིན་པས་སུ་འདོད་མེད་རུང་དགེ་བ་ཆེན་པོ་ཡོད་པས་ངེས་པར་དུ་བྱེད་དགོས་པ་དང་། འདི་ལས་ཀ་སྡུག་ཅག་ཡིན་པས་ང་ཚོས་ངེས་པར་དུ་བྱེད་མི་ཉན་ཞེས་བཀག་རྒྱ་གོར་གོར་རེའི་ནང་དུ་དངས་བླངས་ཀྱི་འཛུལ་བསྡད་ན་རང་གྱོང་ཁོ་ན་ལས་དོན་དག་འགྲུབ་རྒྱུ་ཧ་ཅང་དཀའ་། ད་སྐབས་དུས་ངན་སྙིགས་མ་ཤར་བར་བཤད་དམ་ཡར་རྒྱས་སུ་སོང་བར་ཐ་སྙད་གང་དུ་བཏག་རུང་། རང་རེའི་ཆོས་ཀྱི་བསླབ་བྱ་མང་དག་ཅིག་གཞིར་བཟུང་ནས་ཆབ་སྲིད་བསྐྱངས་ན་རང་ཚོ་ལ་རག་རྒྱུ་ནི་གྱོང་ཁོ་ནས་ཇི་ཡང་མེད། ཆོས་ཀྱི་བསླབ་བྱ་ག་གེ་མོ་དེ་དག་ནི་སྲིད་དོན་གྱི་ནང་དུ་ཞེ་ས་མ་ཞུས་པར་བཤད་ན་དུས་ཚོད་ཡོལ་ཟིན་པའི་ཕན་མེད་དངོས་པོ་ཡིན་པར་བཤད་ཆོག
དེ་ཡང་དེ་ལྟར་དུས་རབས་ཉེར་གཅིག་པའི་ནང་དུ་གཞི་ནས་གྱུར་བ་ཞིག་མིན་པར་། ཉུང་མཐར་ཡང་ལོ་བརྒྱ་ཙམ་གྱི་ཡར་སྔོན་ནས་དེ་ལྟར་གྱུར་ཟིན། རང་རེས་དེ་ལྟར་ངོས་མ་ཟིན་པར་རེ་བ་ཆེན་པོ་ཞིག་བྱས་ནས་ཡར་རྒྱུག་མར་རྒྱུག་འདྲ་བྱས་ནས་བསྡད་དེ་མཐར་རྒྱལ་ཁབ་ཡོངས་རྫོགས་ཕུངས་འདུག་པ་དུས་རབས་ཉི་ཤུ་བའི་ནང་གི་བོད་ཀྱི་ལོ་རྒྱུས་མི་སྣ་དག་གི་རྣམ་ཐར་ལ་བལྟས་ཤེས་ཡོང་གི་འདུག་པ་འདི་རེད། དེ་ལྟར་ཆོས་པ་ཞིག་རྣམ་དག་ཅིག་ལ་མཚོན་ན་སྲིད་དོན་གྱི་བྱ་བ་ནི་བརྒྱ་དགུ་བཅུ་ཙམ་བྱེད་མི་འོས་པའི་སྡིག་ལས་ཤ་སྟག་ཡིན་པ་དང་། སྲིད་དོན་པ་རྣལ་མ་ཞིག་ལ་མཚོན་ན་ཆོས་ཀྱི་བྱ་བ་ནི་བརྒྱ་བརྒྱད་ཅུ་ཙམ་རང་ཉིད་ཀྱི་ལས་དོན་ལ་འགལ་རྐྱེན་སྤྲོད་པའི་བྱེད་དཀའ་ལས་དོན་ཤ་སྟག་ཡིན།
དེ་དག་ནི་རྒྱལ་སྲིད་ཆོས་ཁྲིམས་བཞིན་སྐྱོང་མི་འོས་པར་བཤད་པ་ལས་རྒྱལ་སྲིད་ཁྲེལ་མེད་ལུགས་མེད་ཀྱིས་སྐྱོང་བའམ་ལེགས་ཉེས་ཀྱི་བླང་དོར་ཡེ་ནས་མེད་པར་སྡིག་པ་མིག་བཙུམ་ཁོ་ནར་ལྐུག་པའི་ངང་ཚུལ་གྱིས་སྐྱོང་དགོས་ཟེར་བ་ག་ལ་ཡིན། ལར་ནས་ཆབ་སྲིད་ལ་ནི་ཁོ་རང་ཉིད་ཀྱི་སྐྱོང་སྟངས་ཤིག་ཡོད། དེ་ནི་བཟང་ངན་ནམ་དགེ་སྡིག་གི་དབྱེ་འབྱེད་མེད་པར་འདིར་སྣང་གི་ལས་དོན་འགྲུབ་གཏན་དུ་འགྲུབ་ཆེད་སྐབས་དང་དུས་ལ་བལྟ་རྒྱུ་དེ་རེད། དེ་ཡང་ཆོས་འགྲོ་སར་ཆོས་ཀྱིས། ཧམ་པ་འགྲོ་སར་ཧམ་པས། དབང་ཡོད་འགྲོ་སར་དབང་ཡོད་ཀྱིས། ཡ་རབས་འགྲོ་སར་ཡ་རབས་ཀྱིས་སོགས་མདོར་ན་རང་དོན་དེ་སྦུག་གི་སྦུག་ཏུ་བཞག་ནས་སྐྱོང་བ་དེ་སྲིད་ཀྱི་སྐྱོང་སྟངས་མཐར་ཐུག་པ་དེ་ཡིན་ཡིན་འདུག ཡང་དུས་ཐུང་ངུའི་ནང་དུ་རྐུབ་རྡོལ་འགྲོ་བའི་བྱ་བྱེད་ཅིག་ལ་ནི་ག་ལ་བྱེད་དེ། དེ་ནི་རྒྱལ་སྲིད་སྐྱོང་ཐབས་ཕར་ཞོགས་ཐབས་ཇུས་ཕལ་བ་ཞིག་ཏུ་ཡང་མི་འགྲོ་བས་སོ།
དེ་ལྟར་སྲིད་ཁྲིམས་ཀྱི་ནང་དུ་ཆོས་ཁྲིམས་འཇོག་མི་འོས་པའམ་བཞག་ན་སྐྱོན་ཡོད་པའི་གཞི་རྩའི་བལྟ་སྟངས་ཞིག་ཀྱང་ཡོད་དགོས་ཀྱི་འདུག གོང་དུ་བཤད་པ་དེ་ནི་ཆོས་ཕྱོགས་ལ་བལྟ་སྟངས་དེ་ཡིན་ཞིང་། དེ་ནི་འཇིག་རྟེན་བལྟ་སྟངས་བྱེ་བྲག་གཅིག་རེད། ཆོས་ཕྱོགས་ལ་བལྟ་སྟངས་དེ་འདྲ་ངེས་པར་དུ་དགོས་པའི་ཀླན་ཀ་ཅང་བྱེད་ཀྱི་མེད། གཙོ་བོ་འཇིག་རྟེན་བལྟ་སྟངས་ཟེར་བའི་གནད་དོན་འདི་འདྲ་ཞིག་ཡོད་ཅེས་ངོས་སྤྲོད་ཆེད་དུ་དཔེར་མཚོན་དུ་དྲངས་པ་ཡིན།
ད་དུང་དབུ་ཁྲིད་འདི་རིགས་ལ་ཡོད་དགོས་པའི་འཇིག་རྟེན་བལྟ་སྟངས་ལ་ད་དུང་གཞན་དང་གཞན་དུ་ཡང་ལོས་ཡོད། དཔེར་ན་བལྟ་གྲུབ་ལས་ལག་ལེན་དངོས་ལ་གལ་ཆེན་དུ་བལྟ་བ་འདི་ཡང་གནད་འགན་ཅན་གྱི་འཇིག་རྟེན་བལྟ་སྟངས་ཤིག་རེད། ཟམ་གདོང་རིན་པོ་ཆེ་ལ་ལག་ལེན་ལས་གཞུང་ལུགས་གལ་ཆེན་དུ་བརྩི་བའི་བལྟ་ཚུལ་ཞིག་ཀྱང་ཡོད་པར་སྣང་། དེ་ཡང་ཁོང་གི་བྱས་རྗེས་ལ་གནོད་པ་བྱུང་བའི་རྒྱུ་རྐྱེན་ཞིག་ཏུ་ཁོ་བོས་མཐོང་།
ད་དུང་ལས་དོན་ཀུན་གྱི་གཞི་རྩ་བདེན་པ་ལ་བཅོལ་དགོས་པའི་འཇིག་རྟེན་བལྟ་ཚུལ། ཡང་དེ་ལས་ལྡོག་པར་ལས་དོན་ཐམས་ཅད་སྒྱུ་ཐབས་ལ་བརྟེན་ནས་སྒྲུབ་དགོས་པའི་འཇིག་རྟེན་བལྟ་ཚུལ། འདས་པ་ལས་ད་ལྟ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ་དང་། ཡང་དེ་ལས་མ་འོངས་པ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ། དེ་བཞིན་དེའི་ལུགས་ལྡོག་དང་ལུགས་དཀྲོགས་ཀྱི་འཇིག་རྟེན་བལྟ་ཚུལ། དེ་དང་དེ་ལ་སོགས་པའི་འཇིག་རྟེན་སྟངས་མི་འདྲ་བ་གལ་ཆེན་མང་པོ་ཡོད། དེ་འདྲ་བའི་འཇིག་རྟེན་བལྟ་ཚུལ་རྣམས་ནི་གང་ཟག་སོ་སོའི་གཏིང་ཟབ་པའི་རང་གཤིས་ལ་འཇག་ནས་ཡོད་པས་སློབ་སྟོན་པས་ཀྱང་བཅོས་དཀའ་མོ་ཡིན། ང་ཚོར་དགོས་པ་ནི་འཇིག་རྟེན་བལྟ་ཚུལ་རན་པོ་ཡོད་པའི་མི་ཞིག་བཀའ་ཁྲིའི་ཁྲི་ཐོག་ཏུ་སྟབས་ལེགས་ནས་འདེམས་ཐོན་ཡོང་དགོས་པ་དེ་རེད།
མདོར་ན་རྒྱལ་ཁབ་ཅིག་གི་ཆབ་སྲིད་སྐྱོང་བ་པོ་ལ་གོང་གི་ཤེས་འཇོན་ལྷག་གསུམ་གྱི་ཐོགས་བལྟ་ཚུལ་མ་ནོར་བ་བཅས་འདི་བཞི་ཀ་སྐྱེས་བུ་གཅིག་གི་ཐོག་ཏུ་བབས་ཡོད་ན་ད་གཟོད་སྐྱེས་བུ་དེ་ཀུན་གྱིས་སྔགས་པའི་ཆབ་སྲིད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་འདྲ། དེ་འདྲ་བའི་སྐྱེས་བུ་དེ་ནི་ལོ་རྒྱུས་སྐྲུན་པ་པོའི་རླབས་ཆེན་མི་སྣ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག་སྙམ།
བརྗོད་བྱེད་ཚིག་གི་རྩ་བ་རབ་བརྟན་ཞིང་།།
བརྗོད་བྱའི་དོན་གྱི་སྡོང་པོ་ཡངས་ཤིང་རྒྱས།།
དག་སྡེབ་ལོ་འབྲས་མེ་ཏོག་རྣམ་པར་འདྲ།།
ལེགས་རྩོམ་དཔག་བསམ་ལྗོན་པར་བདག་བསྟོད་དོ།།
སྔ་ཕྱི་མགོ་མཇུག་གོ་རིམས་སྟར་བསྒྲིགས་ཤིང་།།
ཕན་ཚུན་ཆགས་སྡང་ཕྱོགས་སུ་མ་ལྷུང་པ།།
དཔོན་གྱི་ཁྱད་ཆོས་བཞི་པ་ཉམས་མྱོང་དེ།།
མེད་ན་མེད་དུ་མི་རུང་བློ་གསར་ཚོ།།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས།
བདག་གི་ཟིན་བྲིས་འདི་ལ་མཆན་གྱི་ཐོག་མ་རྒྱབ་སྐྱོར་གྱི་ཁ་དག་ཅིག་བསྣམས་ནས་ཕེབས་པ་ཐུགས་རྗེ་ཆེ།
ཁྱེད་ཀྱིས་གསུང་པ་བཞིན་ཉམས་མྱོང་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་འདི་ལྟར་བགྲང་གིན་བསྡད་ན་ཧ་ལམ་རྫོགས་མེད་རེ་འོང་བར་འདུག་པས་མེད་ཐབས་མེད་པའི་ཆ་རྐྱེན་བཞི་ཟུར་བཏོན་ནས་བཞག་པ་ཡིན་ལགས།
དྲ་གྲོགས་འཇམ་ཚུལ་མཇལ་བར་དགའ་སྤྲོ་ཆེ།
བཀྲིས་བདེ་ལེགས།
ཤེས་ལྡན་པ་ཐུན་མོང་གིས་ཤེས་ཡོན་དང་།་འཇོན་ཐང་།ལྷག་བསམ།་ཉམས་མྱོང་།བྱས་རྗེས་བཅས་ལྔ་པོ་བཀའ་ཁྲིའི་རྩ་བའི་ཁྱད་ཆོས་ལྔ་ཞེས་གཏན་འབེབས་ཀྱི་ཚུལ་དུ་གླེང་གི་འདུག་པས་དེར་སྐུ་ཉིད་ཀྱི་དགོངས་ཚུལ་གང་འདྲ་འདུག་གམ།
རྩོམ་འདི་ཡག་པོ་བྲིས་འདུག
དྲ་གྲོགས་ལགས།
ཤེས་ལྡན་དག་གིས་དེ་ལྟར་མཛད་ཡོད་ན་དེ་ལ་རྒྱུ་མཚན་ལོས་ཡོད།
ངའི་བསམ་ཚུལ་ཞུ་ནཿ ཆ་རྐྱེན་མང་དུ་བགྲང་ན་མང་དྲགས་པར་བསམ་པ་ཡིན། ལར་ནས་ཉམས་མྱོང་དང་བྱས་རྗེས་ནི་བཀའ་བློན་ཡོད་ཚད་ལ་ཡོང་ཐུབ་པ་ཞིག་མིན། དེ་གཉིས་ཡོང་བ་ལ་བྱ་བ་སྔོན་སོང་ཡོད་དགོས་པས་ལས་དང་པོ་བ་ཞིག་ལ་ཡོང་ཐབས་མེད། དེས་ན་བཀའ་ཁྲི་གསར་བུ་ཞིག་ཡོང་ཤེས་ཐབས་མེད་པ་ལྟ་བུར་གྱུར་འདུག་པས་རྩ་བའི་ཆ་རྐྱེན་ལ་མ་བཞག་པ་ཡིན་ལགས།
ལྷག་པར་དུ་ཉམས་མྱོང་ཟེར་བ་འདི་ལ་འགྲེལ་ཚུལ་ཞིག་ཡོད། བློ་བཟང་སེང་གེ་ལྟ་བུ་ལ་ཉམས་མྱོང་མེད་ཟེར་ན་མི་འགྲིག་པ་མེད་མོད། དེ་ལྟར་མཐར་གཏུག་ན་བཀའ་བློན་སུ་ཡིན་ཡང་ཐོག་མ་ནས་ཉམས་མྱོང་ཡོད་པ་ཞིག་མི་སྲིད་པ་རེད། དེས་ན་ཉམས་མྱོང་ཟེར་བ་ནི་རིགས་འདྲ་བའི་ལས་དོན་གྱི་རིག་པ་དཔེ་འགེབས་བྱས་ལས་དོན་སྒྲུབ་ཀྱིན་སྒྲུབ་ཀྱིན་ལམ་ཁ་རྙེད་ཀྱིན་རྙེད་ཀྱིན་འོང་བ་ཞིག་ལ་འགྲེལ་ཆོག་པ་ཡིན་ལ། སྔོན་ནས་ད་ལྟའི་བར་དུ་ཐམས་ཅད་དེ་ལྟར་ཡོང་བ་ཡང་ཡིན། རྒྱུད་རིམ་དེའི་ནང་དུ་ཉམས་མྱོང་གིས་མ་འདང་ནས་རྡོག་སྣ་མི་ཐོགས་པ་ནི་རྣམས་དཔྱོད་ལས་ཡོང་གི་ཡོད་པ་རེད། ཉམས་མྱོང་གིས་ཀྱིས་དེ་ཙམ་ཡོང་གི་མེད། སྐབས་འདིར་ཉམས་མྱོང་ལས་རྣམ་དཔྱོད་གལ་ཆེ། དེ་ལས་ལྡོག་སྟེ་ཉམས་མྱོང་ནི་རྩིས་ལོག་བྱེད་པའི་སྣ་འདྲེན་ཆེ་ཤོས་དེ་ཡང་ཡིན། ཉམས་མྱོང་གིས་རྒྱབ་རྟེན་ལ་གཞི་བཅོལ་ནས་རྩིས་ལོག་ཐེབས་པའི་དཔེ་མང་པོ་འདུག
བྱས་རྗེས་ནི་དེ་ལས་གལ་ཆེན་མིན། གོ་སྐབས་མེད་ན་བྱས་རྗེས་ཅི་ཞིག་སྟོན། བྱས་རྗེས་ཡོད་པ་ཙམ་གྱིས་བཀའ་ཁྲིར་འོས་པ་མིན་སྟེ། དཔེར་ན་ཉེ་ཆར་རང་ཚ་བོ་ཚ་བོ་བྱུང་བའི་ཨི་ཇིཔཊ་གི་སྲིད་འཛིན་ལྟ་བུ་རེད། བཀྲས་མཐོང་ལགས་ལ་ཡང་བྱས་རྗེས་མང་པོ་འདུག བཀའ་དྲིན་ཆེན་པོ་རེད་འདུག འོན་ཀྱང་དེ་ཙམ་གྱིས་བཀའ་ཁྲིར་འོས་པ་ཞིག་མིན་སྟེ། བྱས་རྗེས་ནི་འདས་པའི་ལས་དོན་ཡིན་པ་དང་། བཀའ་ཁྲི་ནི་མ་འོངས་བའི་ལས་དོན་གྱི་ཆེད་དུ་ཡིན། འདས་པའི་གནས་སྟངས་དང་མ་འོངས་པའི་གནས་སྟངས་ལོགས་ཁ་ཡིན་པས་ལམ་ཁ་ཡང་ལོགས་ཁ་འབྱུང་ངེས། དེའི་ཕྱིར་འདས་པའི་དུས་སུ་བྱས་རྗེས་ཐོན་པ་མ་འོངས་བར་ཐོན་པའི་ངེས་འང་མེད་སྙམ་པ་ལགས།
ཕྱི་རྒྱལ་བ་ཚོས་ཕྲུ་གུའི་མདུན་ལམ་ལ་ཕ་མས་ཐེ་བྱུས་བྱེད་མི་འོས་པར་ཟེར་བ་སོགས་འདི་ཐམས་ཅད་གནད་འགག་གཅིག་ལ་གཅིག་འབྲེལ་ནས་ཡོད་པར་སྣང་། ཁོང་ཚོས་བཤད་སྟངས་དེ་ནི་ཕ་མའི་ཉམས་མྱོང་གིས་ཕྲུ་གུའི་མདུན་ལ་ཕན་མི་ཐོགས་པར་གོ་དགོས་པ་ཡིན་པ་ལས། ཁོང་ཚོས་རང་གི་བུ་ཕྲུག་བདག་མེད་དང་སྐྱབས་མེད་མགོན་མེད་དུ་སྐྱུར་དགོས་པ་ལ་གོ་བ་ཡེ་ནས་ཡིན་མི་འདུག་སྙམ་ལགས།
འཇམ་དཔལ་ཚུལ་ཁྲིམས་ལགས་སྐུ་ཉིད་ནས་རིན་ཐང་བྲལ་བའི་བཀའ་མོལ་གསུངས་འདུག་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ད་དུང་དེ་འདྲ་བ་གང་མང་སྤེལ་བའི་རེ་འདུན་བཅས་། བོད་རྒྱལ་ལོ།།།
འཇམ་ཚུལ་ལགས་སུ་ཆེད་ཞུ། ཁྱེད་རང་གིས་འཕྱིང་རྡོ་ཞིག་བཞུས་འདུག་ཀྱང་། འདི་ཤེས་ཡོན་ཅན་གྱི་མགོ་བོར་ཧ་ཅང་ཕོག་དཀའ། གང་ཡིན་ཞེ་ན། ཤེས་ཡོན་ཅན་རྣམས་རྟོག་དཔྱོད་ཟབ་མོའི་བློ་གྲོས་དང་ལྡན་པས་སོ། །ཁྱེད་རང་གིས་བཀའ་ཁྲིའི་ཁྱད་ཆོས་བཞི་ལས་བརྩམས་ཏེ་ཟམ་གདོང་ཚང་ཡར་བཀྱག་མ་བརྡབ་ཤུགས་ཆེ་ཞིག་བྱས་པ་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཁ་ཚོན་མི་ཆོད་པའི་གནས་ལུགས་མང་པོ་ཞིག་དྲངས་པ་སོགས་ཤུགས་བསྟན་གྱི་ཡང་ཤུགས་བསྟན་དུ་སྦས་པའི་ཚུལ་གྱི་སྒོ་ནས་བློ་སེང་ལ་རྒྱབ་སྐྱོར་ཞིག་བྱས་ཁུལ་རེད་འདུག འོན་ཀྱང་ཁྱེད་ཀྱི་ཡིག་ཚོགས་འདིར་དཔྱད་བརྗོད་རང་བཞིན་གྱི་རིན་ཐང་དེ་ཙམ་ལྡན་མེད་པར་སེམས། ཁྱེད་ཀྱིས་བྲིས་པ་དེར་འགོ་འདི་ནས་བཙུགས་ཏེ་མཇུག་འདིར་བསྡུས་འདུག་སྙམ་པའི་ཚད་འཛིན་བྱེད་ས་མེད་པ་དང་གཅིག མགོ་ནས་བཀྲམས་པ་ཐམས་ཅད་བར་དུ་སིམ་ནས་མཇུག་ལེགས་པར་བསྡུ་མ་ཐུབ་པ་དང་གཉིས། བརྗོད་བྱའི་སྙིང་དོན་བསྐོར་ནས་བཤད་ཁུལ་བྱས་ཀྱང་གནད་ལ་མི་འཁེལ་བ་དང་གསུམ། གཞི་གཅིག་ལ་དམིགས་ཏེ་སྐྱོན་ཡོན་གང་གི་ཕྱོགས་ནས་བརྗོད་ཀྱི་ཡོད་མེད་དབྱེ་མཚམས་གསལ་པོ་མེད་པ་དང་བཞི། གང་བཤད་པ་དེས་་རང་ཉིད་ཀྱི་སེམས་ཚོར་ངོ་མ་བརྒྱུད་སྤྲོད་ལེགས་པར་བྱེད་མི་ཐུབ་པ་ལྔ་རེད། དོན་དངོས་ཐོག དཔྱད་བརྗོད་ནི་དཔྱད་པ་གཏོང་བ་ཞིག་ཡིན་པས། ལེགས་པའི་ཆར་བསྟོད་པའི་མཐེ་བོང་སྒྲེང་ཞིང་། ཉེས་པའི་ཆར་སྨད་པའི་ངར་སྒྲ་སྒྲོག་པ་དགོས་པ་མ་ཡིན་ནམ། ཁྱེད་རང་གིས་སླར་ཡང་མཆན་བཏབ་སྟེ་རང་གི་བསམ་ཚུལ་ཅུང་ཁ་གསལ་དུ་བཏང་འདུག ཁྱེད་རང་གིས་ཉམས་མྱྲོང་གལ་ཆེན་པོ་མིན་པའི་སྒྲུབ་བྱེད་བཀོད་པ་དང་། དེ་བཞིན་བྱས་རྗེས་ནི་འདས་པའི་ལག་རྗེས་ཙམ་ཞིག་ལས་མ་འོངས་པའི་ལས་དོན་ཆར་དགོས་པ་མེད་ཚུལ་སོགས་རྒྱུ་མཚན་ལྟར་སྣང་གི་ཕྲེང་བ་ཞིག་སྤེལ་འདུག ཁྱེད་རང་ལ་ཁག་ཆེར་མེད། གང་གིས་ཞེ་ན། དངོས་པོའི་གནས་ལུགས་དང་འབྲེལ་བའི་གཏན་ཚིགས་ལ་ཁྱེད་རང་གིས་གོམས་འདྲིས་མེད་པས་སོ། །རིགས་པ་ཅན་དག་གིས་ནི། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་ཚད་མ་དག་ལས་ཤེས། །གསུངས་པ་ལྟར་བྱས་རྗེས་ལ་དཔག་ནས་ཉམས་མྱོང་དང་། བྱས་རྗེས་ཀྱི་ཕན་འབྲས་དང་ལེགས་ཉེས། རླབས་ཆེ་ཆུང་སོགས་ལ་དཔག་ནས་མི་དེའི་རྣམ་དཔྱོད་དང་ཤེས་ཡོན་སོགས་ཀྱི་ཚད་སོགས་དཔོག་པ་འདི་དངོས་པོའི་གནས་ལུགས་དང་ཡོངས་སུ་མཐུན་པའི་གཏན་ཚིགས་ཤིག་ཏུ་ཁས་ལེན་བྱེད། ད་དུང་གསལ་པོར་བརྗོད་རྒྱུར་ཁྱེད་རང་གིས་ལས་ཀ་བྱེད་བཞིན་པའི་མུ་ནས་ཉམས་མྱོང་གསོག་དགོས་ཟེར། འདི་ལ་བདེན་ཁ་ཆུང་ཞིག་ཡོད་དུ་ཆུག་ཀྱང་། ང་ཚོར་འདི་ལྟ་བུའི་ཉམས་གསོག་གི་དུས་ཚོད་མེད། ཉམས་མྱོང་ཡོད་པ་ཞིག་ཕར་བཞག་སྟེ་ཉམས་གསོག་པ་ཞིག་གདམས་པ་ཡིན་ན་མི་དེ་ལྐུགས་པ་ཞིག་མ་ཡིན་ནམ། དཔེར་ན། དེང་གི་འཛམ་གླིང་ན་སྨན་པའི་སློབ་སྦྱོང་ཐོན་པ་རྣམས་ལ་ལམ་སེང་སྨན་པའི་ཐོབ་ཐང་མི་སྤྲོད་པར་ཉམས་གསོག་གི་ཆེ་དུ་སྨན་ཁང་ཁག་ལ་གཏོང་བ་འདིའི་རྒྱུ་མཚན་ད་དུང་ཡང་མི་ཤེས་སམ། མ་ཟད་ཉམས་གསོག་ཞེས་པ་གཞི་རིམ་ནས་བྱེད་དགོས་པ་མ་གཏོགས་བཀའ་ཤག་གི་ལས་ཁུངས་འདི་ཉམས་གསོག་གི་སློབ་གྲྭ་མ་ཡིན་པའི་གནས་ལུགས་ཀྱང་ཤེས་དགོས། ཁྱེད་རང་གི་སྐད་ཆར་ལན་མཐར་ཆགས་རྒྱག་དགོས་བྱུང་ན་དུས་ཚོད་ཀྱང་མི་འདུག་པས་མདོར་བསྡུས་ཀྱིས་འཐུས་པར་བྱས་ཤིང་། མཐའ་དོན་རྒན་པོ་ཉམས་མྱོང་ཅན་མའོ་ཙེ་ཏུང་གིས་ལོ་མང་དཀའ་བ་སྤྱད་པའི་ཁྲོད་ནས་རྙེད་པའི་སྡོམ་ཚིག་སྟེ། བྱས་རྗེས་ལ་གཞིགས་པའི་འོད་སྣང་སྤྲོད་དགོས་ཞེས་པའི་ཚིག་དུམ་འདི་ཁྱེད་རང་ལ་བློ་སྐྱེད་དུ་སྤྲོད་རྒྱུ་ཡིན།
དྲ་གྲོགས་ལགས་ང་ནི་མའོ་ལ་མི་དགའ་། ང་ཚོའི་སྤྱི་དགྲ་རེད།
ཁྱེད་ཀྱིས་བདག་རྩོམ་བྲིས་ལ་སྐྱོན་བཏོན་པར་དགའ་སྤྲོ་ཆེ། དེ་དག་གི་སྒྲུབ་བྱེད་དང་བཅས་གཅིག་བཀོད་གནང་ན་བདག་ལ་བློ་བསྐྱེད་འབྱུང་རེད་པས་བཀའ་དྲིན་ཆེ། དེ་མིན་དཀར་པོ་མིན་ན་ནག་པོ་ཡིན་དགོས་པ་དང་། ནག་པོ་མིན་ན་དཀར་བོ་ཡིན་དགོས་རབས་གསུང་པ་ལ་མོས་མཐུན་མེད།
བློ་སེང་ལ་སྟོད་པར་འགྲོ་བའི་ཡིག་འབྲུ་ན་གཅིག་ཀྱང་ཁྱེད་ཀྱིས་གཟོད་སྒོམ་མི་ཐུབ་པ་ལྟ་བུའི་གནང་སྟངས་ལ་བལྟས་ན་འགའ་ཞིག་ཁྱེད་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་སེང་ལ་ངོ་རྒོལ་བྱེད་ཆེད་ཁོ་ནར་དྲ་ཐོག་ལ་ཕེབས་པ་རེད་ཟེར་བ་བདེན་པ་འདྲ་པོ་ཞིག་འདུག
ཁྱེད་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་བ་ཁྱེད་རང་གི་འདོད་པ་རེད། ངས་བློ་སེང་ལ་རྒྱབ་སྐྱོར་བྱེད་དུ་ཆུགས།
“མ་ཟད་ཉམས་གསོག་ཞེས་པ་གཞི་རིམ་ནས་བྱེད་དགོས་པ་མ་གཏོགས་བཀའ་ཤག་གི་ལས་ཁུངས་འདི་ཉམས་གསོག་གི་སློབ་གྲྭ་མ་ཡིན་པའི་གནས་ལུགས་ཀྱང་ཤེས་དགོས།”
གལ་སྲིད་བློ་སེང་བཀའ་ཁྲིར་ཕེབས་ན་ཉམས་མྱོང་གསོག་ཆེད་དུ་རེད་སུས་ཀྱང་མི་ཞུ། བོད་མི་རིགས་ཀྱི་བདེ་སྡུག་ལ་གཟིགས་པ་དང་འཐབ་རྩོད་རྒྱུན་སྐྱོང་ཆེད་དུ་ཕེབས་པ་རེད། ཉམས་མྱོང་ཉམས་མྱོང་ཞེས་གསུང་ན་བཀྲས་མཐོང་གི་རྗེས་སུ་བཀའ་ཁྲིར་སུ་ཕེབས་དགོས་སམ། སླར་ཡང་བཀྲས་མཐོང་། དེ་ནས་སླར་ཡང་བཀྲས་མཐོང་། དེ་ནས་སླར་ཡང་བཀྲས་མཐོང་། དེ་ནས་་་བོད་ལ་བཀའ་བློན་ཁྲི་བ་མེད་པར་འགྱུར་རམ། མི་རབས་རྒྱུན་འཛིན་ཟེར་བ་ཇི་ལྟར་གནང་དགོས། ཁྱེར་རང་ཉིད་ཀྱིས་ཐོག་མ་ཉམས་མྱོང་མེད་པར་རྩོམ་ཇི་ལྟར་བྲིས། ཧ་ཧ་ཧ་་་་
འཇམས་དཔལ་ཚུལ་ཁྲིམས་ལགས།
ཧོབ་ཏེ་བལྟས་ན་ཁྱེད་རྣམ་དཔྱོད་ཕྲན་བུ་ཡོད་པ་འདྲ་པོ་ཞིག་མཐོང་སོང་ཡང་དོན་དུ་དེ་འདྲ་རེད་མིན་འདུག
ལྷག་པར་དུ་རང་རེའི་བཙན་བྱོལ་གཞུང་ལ་ཉམས་མྱོང་གྱི་རབ་ཏུ་ཕྱུག་པའི་རྒན་རབས་པ་མང་དག་ཞིག་ཡོད་པ་མ་ཟད། གཞུང་ལས་ཁང་ཁག་ནང་ཉམས་ཉམས་མྱོང་གསོག་དང་གསོག་བཞིན་པའི་རྒན་བཞོན་མང་དག་ཞིག་ཡོང་བཞིན་པ་ཡང་ཁྱེད་ཀྱིས་མ་མཐོང་བར་བཀྲས་མཐོང་བཀྲས་མཐོང་ཡང་བསྐྱར་ཡང་འབོད་བྱེད་དགོས་སྙམ་པ་བློ་རྒྱ་ཆུང་དྲག་པ་དང་བཙན་བྱོལ་གཞུང་ཞབས་ཚང་མ་བློ་བཟང་སེང་གེ་ལགས་དང་གཅིག་པར་ཉམས་མྱོང་མེད་པ་རེད་བསམ་པ་ནི་ཤེས་ལྡན་ཞིག་སྐད་ཆ་མ་རེད། དེས་རང་ཉིད་ཕྱོགས་ལྷུང་དང་བྲལ་ཐབས་མེད་པའི་མི་ཞིག་ཡིན་པའི་བདེན་དཔང་བྱེད་ཀྱི་ཡོད་པ་རེད།
བཀྲས་མཐོང་བསྟན་རྣམ་ལ་ཆ་བཞག་ནས་དྲུང་ཡིག་དཀྱུས་མ་ཞིག་ནས་བཀའ་ཁྲིའི་བར་བཀའ་བློན་ལོ་༡༧བརྩིས་པའི་ཁྱོན་མི་ལོ་ཧྲིལ་པོ་༤༣བཙན་བྱོལ་སྤྱི་ཚོགས་ནང་པྱག་ལས་གནང་ཏེ་མཛད་རྗེས་ཀྱིས་ཐོག་ནས་ཉམས་མྱོང་ཕུན་ཚོགས་པ་ཤེས་དགོས། ང་ཚོས་བཀའ་ཁྲིར་ཕེབས་པར་མ་མཐའི་ས་མཚམས་ཞིག་འཇོག་གི་ཡོད། དེ་ནི་མེད་དུ་མི་རུང་བའི་བོད་པའི་སྤྱི་ཚོགས་ནང་གི་ཉམས་མྱོང་གིས་གྲུབ་འབྲས་ཡོད་པའི་བདེན་དཔང་ཡོད་དགོས། དེ་ནི་བཀའ་ཁྲིར་མ་མཐར་ཚང་དགོས་པའི་ཆ་རྐྱེན་དང་པོར་འདོད། དེའི་པྱིར་བློ་སེང་ལགས་ནས་བོད་བསྟན་སྲིད་ལ་དགོངས་པ་དོན་གྱི་བཞེས་ཀྱི་ཡོད་ན་གནས་སྐབས་བཀའ་ཁྲིར་འཐབ་རྩོད་མ་གནང་བར་སྤྱི་འཐུས་སོགས་གཞུང་ཞབས་པ་གཞན་ཞིག་ལ་ཐུགས་བསམ་བཞེས་ན་རིམ་པས་ཉམས་མྱོང་གྱི་ཐོག་བཀའ་ཁྲིར་འཁོད་ཐུབ་ན་ཅི་མ་རུང་།
འཇམ་ཚུལ་ལགས་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་བཤད་པ་ལྟར། མའོ་ཁྱེད་ཀྱི་དགྲ་རེད་ལ། ངའི་དགྲ་ཡང་རེད། དེ་ལས་ཀྱང་གསལ་བར་བཤད་ན་ང་ཚོ་ཐུན་མོང་གི་དགྲ་བོ་རེད། ཁྱོད་ཀྱིས་མའོ་ལ་མི་དགའ་བ་བཞིན་དུ་ང་ཡང་མའོ་ལ་མི་དགའ། དེ་ལྟར་ན་ཡང་། ཁོ་པས་བཤད་པའི་རྒྱུ་མཚན་ཅན་གྱི་སྐད་ཆ་ལ་ང་ཚོས་སློབ་གསོ་མ་བླངས་ན། འདི་ནི་ཅི་འདྲའི་ཅོལ་ཅུང་ཞིག་མ་ཡིན་ནམ། མཁས་པ་དག་གི་ཞལ་ལས་ལེགས་བཤད་བྱིས་པའི་ངག་ལས་ལེན་ཞེས་གསུས་པ་ལྟར་ང་ཚོས་སློབ་གསོ་དང་ལེན་བྱས་པར་དགའ་དང་མི་འགའི་ས་མཚམས་བཟོས་ན་ཧ་ཅང་གུ་དོག་པ་ཞིག་ཡིན་སྙམ། མའོས་བཤད་པ་དེ་ལོ་མང་འཐབ་རྩོད་ཁྲོད་ནས་རྙེད་པའི་སྡོམ་ཚིག་ཅིག་ཡིན་ཙང་དེ་ལ་རྒྱུ་མཚན་ཆེན་པོ་ལྡན་འདུག ངས་དོན་ངོ་མ་ཤོད་ཀྱི་ཡོད་པ་ལས་ཆེད་མངགས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། འོན་ཀྱང་དེས་རྒྱབ་སྐྱོར་ཆགས་པ་རེད། འདི་ནི་བདེན་པ་ལ་རྒྱལ་ཁ་ཐོབ་ཅེས་པའི་གནས་ལུགས་མངོན་གྱུར་བྱུང་བ་རེད། ཁྱེད་ཀྱིས་ཉམས་མྱོང་ཅན་ཞིག་དགོས་ན་བཀྲས་མཐོང་ཡང་བསྐོར་བསྐྱར་བསྐོར་བཀའ་བློན་ལ་གདམས་དགོས་པར་ཐལ་བ་ལྟར་སྣང་ཞིག་འཕངས་པ་འདིས་དེ་སྔ་ངས་ཁྱེད་རང་ལ་གདེངས་འཇོག་བྱས་པ་དེ་མཐོ་དྲག་པའི་ཚོར་སྣང་ཞིག་སྐྱེས་བྱུང་། བཙན་བྱོལ་བོད་མིའི་གཞུང་ཞབས་ཁྲོད་སྤྱི་དོན་དུ་ཐེམ་པ་རིམ་འཛེགས་ཀྱིས་ཕེབས་པའི་ལས་བྱེད་པ་ཉམས་མྱོང་ཅན་མང་དག་ཅིག་ཡོད་པ་ཁྱོད་ཀྱིས་མི་མཁྱེན་ནམ། དོན་དུ་ཁྱེད་རང་གིས་བཀའ་ཁྲིར་འོས་པ་བཀྲས་མཐོང་དང་བློ་སེང་གཉིས་ལས་བསམ་བློ་འཁོར་མི་འདུག འདི་ནི་ཅི་འདྲའི་གུ་དོག་པའི་ལྟ་ཚུལ་ཞིག་རེད་ཨང་། དེ་ལས་ཀྱང་མཐར་གཏུགས་ན་བཀའ་ཁྲིར་འོས་པ་དེ་བློ་སེང་ཁོ་ན་ཡིན་པ་འདི་ཁྱེད་ཀྱི་ཞེ་ཕུགས་ཀྱི་མངོན་འདོད་གཅིག་པུ་དེ་རེད། ལྟོས་དང་། དེང་སང་ལས་མི་བསྡུ་བའི་བརྡ་ཁྱབ་སྟེང་གཙོ་བོའི་ཆ་རྐྱེན་ཤེས་ཚད་དང་། ལོ་ཚད་ངེས་ཅན་ཆེད་བཟོས་ཀྱིས་ཉམས་མྱོང་དགོས་སྐོར་འགོད་བཞིན་འདུག་ན་འདི་དོན་མེད་རྩེད་མོ་རྩེ་བ་ཡིན་གྱི་མ་རེད་སྙམ། ལས་ཀ་ཆུང་ཙག་འདི་ལྟ་བུ་ལ་ཉམས་མྱོང་ཡོད་མེད་ཀྱི་ཕྱོགས་ནས་གླེང་ཡོང་དུས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ལས་དོན་སྒྲུབ་མཁན་གྱི་མི་སྣ་གཙོ་བོ་ཞིག་ལ་ཉམས་མྱོང་གི་ཕྱོགས་དེ་ཅི་འདྲའི་གལ་ཆེན་པོ་ཞིག་ཡིན་མིན་ཁྱེད་རང་ཚོས་མི་ཤེས་ཀྱང་། མི་ཤེས་པ་དེ་རྒྱུ་མཚན་ཡང་དག་ཏུ་སེམས་པ་ནི་ཅི་འདྲའི་གླེན་ལྐུགས་ཤིག་རེད་ཨང་། འདི་ནི་ལེགས་བཤད་ལས། རྟ་ལ་མངོན་པར་བཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་དང་མཚུངས། །ཞེས་གསུངས་པ་དང་གནད་གཅིག་ཏུ་ཁོ་བོས་སེམས། གང་ལྟར་ཡང་ཁྱེད་ཀྱིས་བཤད་པར་ལྟར་དཀར་པོ་མིན་ན་ནག་པོ་ཡིན་དགོས་ཞེས་པ་འདི་ལོག་རྟོག་ཡིན་པ་ངས་ཤེས་ཀྱི་ཡོད་པས་ངས་དེ་ལྟར་ནམ་ཡང་བརྗོད་མི་སྲིད། འདི་ཁྱེད་ཀྱི་བརྟག་པ་མཐའ་བཟུང་གི་རྣམ་རྟོག་ཅིག་ཡིན་གྲང་། སོང་ཙང་ངས་བོད་ཀྱི་ལས་དབང་ལ་ཤ་ཚ་ནས་ཐོད་རྒལ་ཧམ་ཤེད་རིང་ལུགས་པའི་གདོང་རིས་ངོ་མ་དེ་མི་དམངས་མདུན་གསལ་སྟོན་བྱེད་པ་ལས་དེ་མིན་གྱི་དམིགས་ཡུལ་གང་ཡང་མེད་པ་ཡིད་འདོམས་གྱིས། །
བྷི་བྷི་སི་ལགས།
རང་གི་འདོད་ཕྱོགས་དང་མཐུན་ཚེ་༧གོང་ས་མཆོག་གི་བཀའ་ཤེས་བསྐྱར་ཟློས་ཡང་ཟློས་བྱེད་ཀྱི་ཡོད།
གལ་ཏེ་རང་གི་འདོད་ཕྱོགས་དང་མ་མཐུན་ཚེ་མ་གོ་པ་དང་མ་ཐོས་པའི་ཟོལ་གྱིས་སྦས་ཅི་ཐུབ་བྱེད་པ་ནི་ང་ཚོ་བོད་པ་ཚོའི་བཀའ་ལ་བརྩི་སྲུང་དང་གསུང་ལ་ཆ་འཇོག་བྱེད་སྟངས་ཞིག་རེད།
ངས་དྲི་བ་གཅིག་རང་ཡོད་པ་དེ་ལ་ཁྱེད་ཀྱི་ལན་ཁ་ཐུག་གཅིག་གནང་རོགས།
༧གོང་ས་མཆོག་གིས་སྔ་མའི་སྐབས་སུ་བཀའ་ཁྲི་དེ་གཞོན་སྐྱེས་དེང་དུས་ཀྱི་ཤེས་ཡོན་གཉིས་ལྡན་ཞིག་བྱུང་ན་ལེགས་པའི་དགོངས་ཚུལ་ཡོད་པ་བཀའ་གནང་བ་ལས་ཉམས་མྱོང་མི་འདུག་པས།
ལན་ཁྱེར་ཤོག
ཞིང་པའི་བུ་ལགས། བསྟན་རྣམ་རྒད་པོ་འཆི་ཁ་མ་ཡིན་ན་ཡང་རེད། བློ་སེང་བྱིས་པ་སྣབ་ལུད་སྐྱག་ཤོར་ཅིག་ཡིན་ན་ཡང་ཡིན་ཏུ་ཆུགས། འདིར་༸གོང་ས་མཆོག་གི་མཁན་འཁྱེར་མ་ཡོང་རོགས། ཐུགས་རྗེ་གཟིགས།
མཁན་མཚན་ལ་བཅོས།
འཇམ་དཔལ་ལགས། དཔྱད་རྩོམ་ཡག་པོ་སྤེལ་འདུག་པས་དགའ་བསུ་ཡོད། དེ་བཞིན་ཉམས་མྱོང་སྐོར་ཟུར་མཆན་ལ་ཡང་དོན་སྙིང་ལྡན་འདུག། དངོས་གནས་རེད། མི་སྣ་འདེམས་བསྒྲུབ་སྐབས་སུ་ཉམས་མྱོང་དང་ཉམས་མྱོང་ཞེས་གལ་ཆེ་ནང་གི་དོན་ཆེ་བཤད་པར་མ་བརྟགས་མ་དཔྱད་གྱི་བསམ་ཚེ་བདེན་བདེན་འདྲ་སྣང་ཡང་བརྟགས་དཔྱད་ཞིབ་མོ་གནང་ན་ཉམས་མྱོང་གིས་་བཟང་ངན་གྱི་ཕྱོགས་གཉིས་ཆར་སྒྱུར་ངེས། དེ་ཡང་ངན་ཕྱོགས་སུ་འགྲོ་བར་ཆེས་མང་། ཉམས་མྱོང་ཅན་གྱི་དཔོན་ལ་དཔོན་ཉམས་ཆེ། ཉམས་མྱོང་ཅན་གྱི་དཔོན་ལ་རང་ལྟ་་མཐོ། ཉམས་མྱོང་ཅན་གྱི་དཔོན་ལ་ཕྱོགས་གཏོགས་མང་། ཉམས་མྱོང་ཅན་གྱི་དཔོན་ལ་འདོད་རྔམ་ཆེ། ཉམས་མྱོང་ཅན་གྱི་དཔོན་ལ་འགྲན་སེམས་ཆེ། ཉམས་མྱོང་ཅན་གྱི་དཔོན་ལ་ཕྲག་དོག་ཆེ། ཉམས་མྱོང་ཅན་དཔོན་གྱིས་ལྐོག་ཟ་མང་། ཉམས་མྱོང་ཅན་དཔོན་གྱིས་གསར་གཏོད་ཉུང་། མདོར་ན་ཉམས་མྱོང་རྒན་པོས་རང་གི་བྱས་ཉེས་ལས་ལྡོག་མི་ནུས་སོ། གཞུང་འཛིན་གཅིག་གི་འོག་ཏུ་ལས་ཡུན་ལོ་ངོ་ལྔ་ལས་རྒལ་བའི་་མི་སྣ་གང་འདྲ་ཞིག་ལས་སྣེ་དེར་བཀོལ་ཡང་སྔ་བྱས་ཀྱི་ལས་དོན་དེ་མ་གཏོག་ནུས་པ་གསར་པ་གང་ཡང་བསྟན་རྒྱུ་མེད་པ་ལོ་རྒྱུས་ཀྱི་བདེན་དཔང་ཡོད། མ་ཟད་ཉམས་མྱོང་དང་ཉམས་མྱོང་བཤད་མཁན་དེ་རིགས་ནི་བཀའ་བཀོད་རྒྱུན་འཛིན་གྱི་སྤྱོད་ཚུལ་རེད་ཞུ་ན་མ་འགྲིག་པ་མེད། མི་ལོ་ལྔ་བཅུ་ལྷག་ཙམ་རིང་ལ་ཉམས་མྱོང་ཅན་ཤ་ཅིག་གིས་བཙན་བྱོལ་གཞུང་དེ་སྐྱོངས་བ་རེད། དྲང་པོ་བཤད་ན་ལྔ་ཅུ་ང་དགུ་ལོ་ནས་ད་ལྟའི་བར་རང་གི་ལུང་པ་བཞག་ནས་སྐྱབས་བཅོལ་དུ་བོད་མི་་༡༤༠་༠༠༠ ལྷག་ཙམ་ཡོད་ཀྱང་འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་སུ་གང་གིས་ངེད་རྣམས་སྐྱབས་བཅོལ་བ་ངེས་འཛིན་བྱས་མེད། དེ་བཞིན་ངེད་བོད་པ་ཚང་ལ་རང་བདག་གི་ས་ཆ་ལག་མཐིལ་ཙམ་ཡང་མེད་པར་ས་ཁང་ཡོད་ཚད་གན་རྒྱའི་འོག་ནས་འཚོ་བ་སྤྱོད་བཞིན་པ་དེ་ཡང་ཉམས་མྱོང་རྒན་པོ་དབུ་ཁྲིད་རྣམས་ཀྱིས་ཞན་ཆ་རེད། ད་ནི་ངེད་བོད་པ་ཚང་ལ་འགྱུར་བ་ཞིག་དགོས་ཀྱི་འདུག། གཞུང་འཛིན་མི་སྣར་འགྱུར་བ་དགོས་ལ་གཞུང་གི་སྲིད་ཇུས་ལངས་ཕྱོགས་ལ་ཡང་འགྱུར་བ་ཞིག་དགོས། བཀའ་ཁྲི་སུ་བསླེབ་ཡང་ཇི་སྲིད་ངེད་ཚང་ལ་འགྱུར་བ་ཞིག་མ་བྱུང་བར་དུ་དེ་སྲིད་དུ་ངེད་ཚང་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་རྩ་བ་ནས་མི་ཡོང་ངོ་།
དྲ་གྲོགས་BBC་ལགས།
ཁྱེད་དཀར་པོ་མིན་ན་ནག་པོ་ཡིན་པའི་ཁྱབ་པར་འདོན་མཁན་དེ་མིན་ན་འགྲིག་འདུག རྩོམ་དེ་བློ་སེང་ལ་རྒྱབ་སྐྱོར་དང་བཀྲས་མཐོང་ལ་དགག་རྒྱག་གི་ཆེད་དུ་བྲིས་པ་ཞིག་ཡེ་ནས་མིན་ཀྱང་ཁྱེད་ཀྱིས་མཐོང་སྟངས་དེས་ང་ལ་འཆར་སྒོ་དེ་འདྲ་ཞིག་བྱུང་བས་བརྗོད་ཐལ་ཤོར་ཡོད་ན་འགྱོད་བཤགས་ཞུ།
ཉམས་མྱོང་མི་དགོས་སུས་ཀྱང་ཞུ་མི་ཐུབ་ལ་ངས་ཀྱང་ཞུ་གིན་མེད། དྲ་གྲོགས་ལ་རྒྱ་ལགས་ཀྱི་དྲི་བར་ལན་དུ་གཙོ་ཕལ་ཙམ་བཤད་པ་ཡིན། ལས་ཀ་ཙག་ཙིག་ལ་ཉམས་མྱོང་དགོས་པས་བཀའ་ཁྲི་ཡང་དེ་ལྟར་དགོས་ཚུལ་ལ་ཁྱེད་ཀྱིས་གསུང་བ་བདེན་པ་རེད། འོན་ཀྱང་ཁྱེད་ཀྱིས་གསུང་པ་ལྟར་གྱི་གལ་ཆེན་ཞིག་ཀྱང་མིན་ཅེས་ཞུ་བ་ཡིན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཁ་ཐད་དུ་འོས་ཤོག་ཤོར་མཁན་དེ་ཁོང་དང་ལྡབ་འགྱུར་གྱིས་ཉམས་མྱོང་གིས་ཕྱུགས་པའི་ཇོན་མཁན་རེད། དེ་བཞིན་ད་ལྟའི་དབྱིན་ཇིའི་སྲིད་བློན་གྱིས་རང་དང་སྐབས་གཅིག་གིས་ཉམས་མྱོང་ཆེ་བའི་སྲིད་བློན་ཕམ་པར་བྱས་པ་རེད། དེ་སོགས་མང་པོ་རེད།
ད་ལྟ་འོས་གཞིའི་ནང་དུ་བཀའ་ཁྲི་གསུམ་ལས་མེད་པར་དེ་ལས་མང་པ་ཞིག་གི་སྐོར་བཤད་ན་འགྲེལ་མེད་མིན་ནམ། བོད་གཞུང་གི་ནང་དུ་ཉམས་མྱོང་ཁོང་ཅག་ལས་མི་འདུག་ངས་ནམ་ཡང་མི་ཟེར་ལགས།
” ཁྱེད་ཀྱིས་ཉམས་མྱོང་ཅན་ཞིག་དགོས་ན་བཀྲས་མཐོང་ཡང་བསྐོར་བསྐྱར་བསྐོར་བཀའ་བློན་ལ་གདམས་དགོས་པར་ཐལ་བ་ལྟར་སྣང་ཞིག་འཕངས་པ་འདིས་དེ་སྔ་ངས་ཁྱེད་རང་ལ་གདེངས་འཇོག་བྱས་པ་དེ་མཐོ་དྲག་པའི་ཚོར་སྣང་ཞིག་སྐྱེས་བྱུང་།”་ཞེས་གསུང་འདུག ངས་སྐད་ཆ་དེ་ཁྱེད་མི་རེ་ཟུང་གིས་བཀྲས་མཐོང་ཁོ་ནས་ལས་དྲན་རྒྱུ་མེད་མཁན་ཞིག་རེད་ཟེར་བ་དེ་ངའི་རྩོམ་ལ་གོ་བ་ལེན་སྟངས་ལ་བལྟས་ན་ངོ་མ་མི་བདེན་ནམ་སྙམ་ནས་ཟུར་ཟའི་ཚུར་དུ་བྲིས་པ་ཡིན་ལགས། ཁྱེད་ཀྱིས་ང་ལ་གདེངས་འཇོག་ཡོད་ན་ཐུགས་རྗེ་ཆེ། མཐོ་དྲགས་ཡོད་ན་མར་ཕབས་རོགས།
དྲ་གྲོགས་ལ་རྒྱའི་བདག་པོ་ལགས།
ཁྱེད་ཀྱིས་དྲིས་གནང་བ་ལྟར་ཁོ་བོ་རང་གི་བསམ་ཚུལ་ཞིག་མཆན་༥་པ་ལ་བྲིས་ཡོད།
དེ་ལ་ཁྱེད་ཀྱི་དགོངས་འདྲ་ཡོད་ན་བདག་ཉན་འདོད་ཆེན་པོ་ཡོད་ལགས།
དེ་ལ་ཁྱེད་ཀྱི་དགོངས་ཚུལ་འདྲ་ཡོད་ན་ ཞེས་པར་བཅོས་རོགས།
དྲ་གྲོགས་ལ་རྒྱ་སོགས་ད་དུང་ཕེབས་མི་འདུག ད་ཁྱེད་ཅག་གིས་གཏམ་མགོ་གངས་ལས་བརྩམས་ནས་གཏམ་འཇུག་ཆུ་ལ་བསྐྱུར་ཆུས་ཡིན་ནམ། ད་ནི་ཀླུ་མཁར་གྱི་འོས་སྦྱོར་དེ་ཡང་སྒོ་བརྒྱབ་ཟིན་འདུག ད་ཕེབས་ཤོག་ཡ་་་
ཡ། འཇམ་དཔལ་ཚུལ་ཁྲིམས་ལགས། ཁྱེད་ལ་ཀླུ་མཁར་གྱི་སྐོར་དགོས་ན་ངས་བྲིས་ཆོག ཡ་འདི་ན་ཡོད། ད་ཚང་མ་ཁ་ཚུམས། ཀླུ་མཁར་སྐོར་ལ་སླར་ཡང་རྙོག་མ་གཏིང་སློང་མ་བྱེད་རོགས། ང་ལྟ་བུ་ལ་ཆ་བཞག་ན་ཀླུ་མཁར་བྱམས་ཧ་རྩ་བ་ནས་གོ་གི་མེད། འོན་ཀྱང་དུས་བབ་ཚགས་པར་སྟེང་ཁོ་པས་༸གོང་ས་མཆོག་ལ་བསྐུར་ཞུས་བྱས་པ་དེ་ཡོངས་གྲགས་ཆགས་རྗེས་ཁོ་པའི་མིང་དེ་གོ་མྱོང་ཡང། ཐ་ན་པར་ཙམ་ཡང་མཐོང་མྱོང་མེད། ཡིན་ན་ཡང་ད་རེས་དྲ་སྟེང་འདི་ནས་མཐོང་བྱུང་། ངས་ཁོ་པ་མི་ཡག་སྡུག་དང་ཤེས་ཡོན་ཇི་ཡོད་སོགས་ཀྱང་ཧ་གོ་ཡི་མེད། འོན་ཀྱང་༸གོང་ས་མཆོག་ལ་རིང་ཐུང་བརྗོད་པ་དེས་ཁོ་པ་དོན་དངོས་གླེན་པ་ཞིག་ཏུ་ངོས་འཛིན་བྱས་པ་ཡིན།
ལྟོས་དང་། ཁོ་པས་༸གོང་ས་མཆོག་ལ་རིང་ཐུང་མང་པོ་བརྗོད་པ་དེས་ཁོ་ཕན་འདུག་གམ། བོད་མི་རིགས་ལ་ཕན་འངུག་གམ། བོད་རྒྱལ་ཁབ་ལ་ཕན་འདུག་གམ། འོ་ན་ཁྱེད་དང་ང་སུ་ཞིག་ལ་ཕན་འདུག་ལེགས་པར་སོམས། ཕན་འབྲས་བྱུང་ཡོད་ན་འགྲིགས་པ་རེད། ཡིན་ན་ཡང་ཕན་འབྲས་མེད་པ་གསལ་པོ་རེད། ཕན་འབྲས་མེད་པའི་བྱ་བ་རྩོམ་པ་ནི་གླེན་པ་ལུག་ལྟ་བུ་མ་ཡིན་ནམ། གང་ལྟར་ཁྱེད་རང་ཚོ་ཀླུ་བྱམས་ལ་གློ་བ་དཀར་བའི་མི་ཚོས་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རྒྱ་ནག་དམར་གཞུང་དང་དོལ་ཚོགས་ལས་གཞན་ངོས་འཛིན་དུ་མེད་ཀྱང་ད་ཡང་དཔུང་ཁག་གསར་པ་ཞིག་བཟོས་ན་ཡག་པོ་རྩ་བ་ནས་མི་འདུག དེ་དོན་དགོངས་ཆུབ་ཡོང་བ་གྱིས།
དྲ་གྲོགས་ལྷག་བསམ་ལགས།
སྒོ་བརྒྱབ་སྐོར་བྲིས་པ་ནི་ང་ལ་ཀླུ་བྱམས་ཀྱི་སྐོར་དགོས་པས་རྩ་བ་ནས་མིན། རྩོམ་དེ་བཏབ་པའི་མཆན་གྱིས་ཁ་བརྡའི་མཆན་གསར་བའི་ས་ཆ་ཡོངས་སུ་ཟོས་འདུག་པས་དེ་ལྟར་ཀུ་རེའི་ཚུལ་དུ་བྲིས་ཁུལ་ཡིན། རྩོམ་དེའི་ཁ་བྱང་རིང་དྲགས་པས་མཆན་གཅིག་བཏབ་ན་ཕྲེང་གསུམ་བཞི་ཞིག་ཟོས་འགྲོ་བས་མཆན་གསར་བ་གཞན་རྣམས་ལ་ས་ཆ་མེད་པར་གཏོང་གི་འདུག་པས་ཡི་མ་རངས་བའི་གཏམ་ཞིག་ཤོར་བར་བརྩི་ཆོག
ཀླུ་བྱམས་ཀྱིས་བཤད་སྟངས་ལ་ཁ་འཇམ་དང་ཞེ་ས་མེད་པར་དྲང་ཐད་ནས་བཤད་པ་ཙམ་ལས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པར་ད་ལྟ་ཁས་ལེན་བྱེད་ཀྱི་མེད། ཁྱེད་ཀྱང་རང་གི་མ་གཟིགས་ན་གཞན་གྱི་ཁ ལ་རྒྱུག་གི་མ་འདུག་ཞུ། སྤྱིར་ན་༧ཁོང་ལ་མཚན་དམད་དང་༧་ཁོང་གི་མཛད་པ་རེ་ཟུང་ལ་མོས་མཐུན་མི་བྱེད་པ་གཉིས་སོ་སོ་ཡིན་པར་བདག་འདོད། གཉིས་ནས་ཉ་ཉོག་བསྲེས་ནས་གོ་བ་ལེན་མཁན་མང་པོ་ཡོད་པས་ཀླུ་བྱམས་ལ་མ་ཉེས་ཁ་གཡོག་ཐེབས་པ་མིན་ནམ་སྙམ།
མ་གཞི་ཀླུ་བྱམས་ཀྱི་སྐོར་ལ་ཁོ་བོར་ཇུས་གཏོགས་ཡེ་ནས་མི་འདུག་མོད་ཁོས་༧གོང་ས་མཆོག་ལ་མཚན་དམད་ཞུས་ཡོད་ན་དེའི་ཚིག་དེ་བསྣམས་ཤོག་དང་ང་རང་གི་བསམ་ཚུལ་ངེས་པར་དུ་ཞུ་ཆོག མི་འགའ་རེས་སོ་སོ་༧གོང་ས་མཆོག་ལ་དད་པ་ཡོད་པ་སྟོན་ཆེད་དུ་ཀླུ་བྱམས་ལྟ་བུ་ཞེ་ས་མེད་པ་དང་། གླེང་ཕྱོགས་གཞན་ནས་གླེང་མཁན་རྣམས་ལ་ཁ་རྡུང་གཏོང་ཅི་ཐུབ་བྱེད་པ་ཞིག་ཀྱང་ཡོད་པར་མཐོང་།
མ་གཞི་ཁྱོད་ངས་ངོ་ཤེས་པའི་ལྷག་བསམ་དེ་ཡིན་ན་སུ་ཡིན།
འཇམ་དཔལ་ཚུལ་ཁྲྲིམས་ཀྱི་དཔྱད་རྩོམ་ལ་ཡག་སྡུག་གི་དཔྱད་པ་སྣ་ཚོགས་ཤིག་བྱས་འདུག་པར་བརྟེན་ཁོ་པས་ཀྱང་ཚིག་རེ་གཉིས་བཤད་ན་བསམ།ཤེས་འཇོན་ལྷག་བསམ་གསུམ་ཐོག་འཇིག་རྟེན་ལྟ་བ་ཡང་དག་པ་ཞིག་དགོས་པའི་ཆ་རྐྱེན་འཇོག་པ་དེ་མ་རེད་ལབ་རྒྱུ་མི་འདུག་སྙམ།གང་ཡིན་ཞེན།འཇིག་རྟེན་ལྟ་བ་ཡང་དག་པ་མ་འཛིན་མཁན་ཞིག་གིས་བོད་ཀྱི་འཛིན་སྐྱོང་དབང་ཆ་མཐོ་ཤོས་ཟིན་ན།རང་གི་ད་ལྟའི་གནས་བབ་ངོས་མ་བཟུང་བར་དེང་དུས་དང་སྔོན་ཐོན་ལ་ཁ་བཏགས་ཏེ་མིའི་ལད་མོ་བྱས་ན་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་ཆོས་རིག་གཞུང་རྣམས་རྒྱ་མིས་བཤད་པ་ལྟར་རྗེས་ལུས་དང་ཕན་མེད་ཟེར་སྐྱོན་འདོགས་དམའ་འབེབས་བྱས་ཏེ་བོད་མིའི་ཡོན་ཏན་དང་དགེ་མཚན་གང་ཡོད་པ་དེ་ཤུལ་མེད་ཆགས་རྒྱུ་དོན་མི་ཟ།རྒྱུ་མཚན་དེ་ལ་བརྟེན་ནས་འཇིག་རྟེན་ལྟ་བ་རང་གི་དངོས་ཡོད་གནས་སྟངས་ཤེས་པའི་ཐོག་ནས་ཡང་དག་ཅིག་དགོས་པར་མོས་མཐུན་ཡོད།འོན་ཀྱང་ད་ཕན་བོད་ཀྱི་མ་བྱུང་མ་འགྲིགས་པ་ཡོད་ཚད་ཆོས་ཀྱིི་ལྟ་བར་བརྟེན་དྲག་པའི་སྲིད་དབང་ཆོས་བཞིན་སྐྱོང་བར་སྐྱོན་བརྗོད་བྱས་ཐལ་དྲག་ན་བདེན་པ་མ་རེད་ལ།གོང་གི་སོ་སོའི་འཇིག་རྟེན་ལྟ་ཚུལ་ཡང་དག་དགོས་ཚུལ་གྱི་གཞི་རྩའི་བརྗོད་གཞི་དང་མཐུན་གྱི་མི་འདུག་སྙམ།བདེན་པ་དང་འཚེ་བ་མེད་པ་ཁྲིམས་མཐུན་བཅས་ཀྱི་རྩ་བའི་ལྟ་བ་དེ་ཡང་འཇིག་རྟེན་གྱི་ལྟ་བ་ཡང་དག་ལས་བསྒྲུབས་ཡོད་པས།་ཆོས་དང་རིག་གནས་དེང་དུས་དང་སྲོལ་རྒྱུན་གང་གི་ཆ་ནས་དངོས་འབྲེལ་གྱི་མཁས་དབང་ཡིན་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ད་ཕན་ལོ་བཅུའི་རིང་བོད་མི་མང་གི་ཐུགས་རེ་བཞིན་བཀའ་ཁྲིའི་མཛད་འགན་བཞེས་ཏེ་བར་ལམ་ཞིག་ནས་བོད་གཞུང་གི་དཔལ་འབྱོར་ཉམས་རྒུད་སོང་བ་སྐྱོབ་ཆེད་དཔལ་འབྱོར་ཐད་སྒེར་བདག་ཅན་དུ་གྱུར་བའི་སྲིད་བྱུས་བཟུང་ནས་ད་ཆ་བོད་གཞུང་གི་དཔལ་འབྱོར་རང་མགོ་རང་ཐོན་ཡོད་པ་དང།ཤེས་ཡོན་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་ཏེ་བོད་ཀྱི་མི་རབས་རྗེས་མ་རྣམས་རང་མི་རིགས་ཀྱི་རིག་གཞུང་ཕོངས་མི་དགོས་པ་ད་ལྟ་ནས་འགོ་ཡག་པོ་བཙུགས་པ།གཞིས་སྒར་ཁག་ནང་སྲོལ་རྒྱུན་སོ་ནམ་འདེབས་ལས་ཀྱི་སྲིད་བྱུས་གཏན་འབེབས་དང་ལག་བསྟརབྱས་ཏེ་འགྲོ་བ་མི་རྣམས་དེང་དུས་རྫས་བསྒྱུར་གྱིས་ལུས་པོར་ནད་གཞི་བཟོ་བའི་ཟས་རིགས་སྤངས་ཏེ་གཟུགས་པོར་གནོད་གཞི་མེད་པའི་འབྲུ་རིགས་བེད་འགོ་ཚུགས་པ།ལྷག་དོན་བོད་མི་རིགས་ཀྱི་རང་དབང་སླར་གསོའི་སླད་༸གོང་ས་མཆོག་གི་བཀའ་དགོངས་བཞིན་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ད་བར་ཐེངས་དགུ་བྱས་པའི་ནང་མིང་ཐོན་མཚུངས་པའི་བོད་མི་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་རྒྱ་གཞུང་ལ་སྤྲད་དེ་རྒྱ་ནག་གཞུང་ག་བྱེད་འདི་བྱེད་མེད་པ་བཟོས་སྟབས་ཁ་ཡ་བྱེད་ཐབས་མེད་དུས་ཁ་བྲལ་རེད་ཟེར་ཤོད་དགོས་བྱུང་བ།་དེ་ཙམ་མ་ཟད།་ཁོང་ཉིད་ལས་གནས་ལས་འཁྱུུར་ཁར་ཡོང་རྒྱུའི་བཀའ་ཤག་ལ་ལས་ཁུངས་གསར་པ་དང་ལས་བྱེད་ལས་ཤག་མེད་པར་ལས་ཤག་གསར་རྒྱག་གནང་བ་སོགས་མདོར་ན་ཁོང་གི་མཛད་རྗེས་དེ་དག་བཙན་བྱོལ་གྱི་ལོ་རྒྱུས་ནང་མིག་མཐོང་ལག་ཟིན་ཡིན་ན་ཁོངལ་སྐྱོན་བརྗོད་བྱས་ན་ཤིན་ཏུ་མ་འོསཔ་རེད།་ཡོང་རྒྱུའི་བཀའ་ཁྲིར་ལྟས་ན་ལས་ཀ་མང་ཙམ་བྱེད་མཁན་ཉམས་མྱོང་ཅན་གྱི་མི་ལོ་ཆེ་མ་དྲག་ཆུང་མ་དྲག་ཅིག་སླེབས་ན་བཙན་བྱོལ་གཞུང་མུ་མཐུད་ཡར་རྒྱས་འགྲོ་ཐུབ་པ་ལས་མིའི་ལད་མོ་དང་ཚིག་རྐང་སྟོང་བཤད་ཁོ་ནས་ཡང་མོ་རླུང་ལ་འཁྱེར་བའི་མི་གྱ་རེ་གྱ་རོ་ཞིག་སླེབ་ན་བཙན་བྱོལ་གཞུང་ཡར་རྒྱས་ཚབ་ཏུ་མར་རྒྱས་འགྲོ་རྒྱུ་ཡིན་ན་དེ་ལུགས་མི་ཚད་ལྡན་ཞིག་དགོས་ངེས་རེད།རིན་པོ་ཆེ་གཞན་ཞིག་ནས།
དྲ་གྲོགས་རིན་པོ་ཆེ་ལགས།
ད་ལྟའི་འོས་མི་གསུམ་གྱི་ནང་ན་”ཡང་མོ་རླུང་ལ་འཁྱེར་བའི་མི་གྱ་རེ་གྱ་རོ་”དེ་འདྲ་འདུག་དགོངས་སམ། གལ་སྲིད་དགོངས་ན་སུ་ཡིན་གསུང་ན་འགྲིག་གམ། དེ་ལ་རྒྱུ་མཚན་ཡོད་དམ།
འཇམ་ཚུལ་ལགས། འདི་དྲི་དགོས་ཡས་འདུག་གམ། རང་ཉིད་ལ་རྣམ་དཔྱོད་ཡོད་ན་ཀུན་སློང་ཚངས་པའི་ཐིག་ལྟར་དྲང་པོ་ཞིག་གི་སྟེང་ནས་དཔྱད་པ་བྱས་ན་ཤེས་ལས་སླ་པོ་རེད། འོན་ཀྱང་དྲི་མ་ཅན་གྱི་བློ་ཡིས་བསླད་ན་དོན་གྱི་ངོ་བོ་ལ་བསྒྲིབ་རྒྱུར་ཐེ་ཚོམ་མེད།
གོང་དུ། དྲ་གྲོགས་འགས་ནང་ཁུལ་དུ་ཚིག་རྩུབ་སྨྲ་བ་དང་ཀླན་ཀ་འཚོལ་བ་སོགས་བྱེད་ཀྱི་འདུག་པས།
མཆན་དེའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། མཆན་དེའི་རིགས་དང་མཆན་རྒྱག་མཁན་གཉིས་ཀ་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
དྲ་གྲོགས་བྷི་བྷི་སི་ལགས།
ང་ནི་མ་ཤེས་པར་འདྲི་བ་ལས་ཤེས་གཞན་ལ་སྐྱོན་འདོན་ཕྱིར་འདྲི་མཁན་དེ་འདྲ་མིན། ངའི་བློ་ལ་དྲི་མས་བསླད་ཡོད་ན་ཁྱེད་གངས་ཅན་པའི་དྲ་གྲོགས་ཤིག་གི་ངོས་ནས་གཙང་མ་བཟོ་རྒྱུ་དེ་འོས་བབས་ཤིག་རེད།