བོང་སྟག་རི་ལུ།
༼འཚོ་བ།༽
འཚོ་བ་བདེ་མོ་བྱས་པས།།
མཐིང་ནག་སྦྲ་ཆུང་ལྟེབས་སོང༌།།
མཐིང་ནག་སྦྲ་ཆུང་ལྟེབས་པས།།
འབྲོག་མིའི་འཚོ་བ་ཉམས་སོང༌།།
འཚོ་བ་བདེ་མོ་བྱས་པས།།
ཅང་ཤེས་རྟ་ཕོ་བསྐྱུར་སོང༌།།
ཅང་ཤེས་རྟ་ཕོ་བསྐྱར་པས།
འབྲོག་མིའི་འཚོ་བ་ཉམས་སོང༌།།
འཚོ་བ་བདེ་མོ་བྱས་པས།།
ལྷ་གཡག་དར་མ་བཙོང་སོང༌།།
ལྷ་གཡག་དར་མ་བཙོང་པས།།
འབྲོག་མིའི་འཚོ་བ་ཉམས་སོང༌།།
འཚོ་བ་སྐྱིད་པོ་བྱས་པས།།
མི་རིགས་བདེ་སྡུག་བརྗེད་སོང༌།།
མི་རིགས་བདེ་སྡུག་བརྗེད་པས།།
རང་རིགས་རྗེས་ལུས་ཉན་སོང༌།།
༼གྲོང་ཁྱེར་ན་བདེ་སྐྱིད་ཅིག་མི་འདུག༽
ཉི་མ་ཡི་འོད་སྣང་དེ་མི་མཐོང༌།།
ཟླ་བ་ཡི་བསིལ་ཟེར་དེ་མི་འདུག།
སྐར་ཚོགས་ཀྱི་གནས་མལ་དེ་མི་འདུག།
སེམས་ཁོང་གི་ནོར་བུ་ཞིག་བོར་བས།།
གྲོང་ཁྱེར་ན་བདེ་སྐྱིད་ཅིག་མི་འདུག།
ཨ་ཕ་ཡི་འཛུམ་ཞལ་དེ་མི་མཐོང༌།།
ཨ་མ་ཡི་བྱམས་བརྩེ་དེ་མི་འདུག།
ཕུ་ནུ་ཚོའི་དགོད་སྒྲ་དེ་མི་ཐོས།།
སེམས་ཁོང་གི་མི་རིགས་ཤིག་བོར་བས།།
གྲོང་ཁྱེར་ན་བདེ་སྐྱིད་ཅིག་མི་འདུག།
རི་ཆུ་ཡི་མཛེས་ཉམས་དེ་མི་མཐོང༌།།
སྦྲ་ནག་གི་དྲོད་ཁོལ་དེ་མི་འདུག།
ཀ་ཁ་ཡི་དབྱངས་རྟ་དེ་མི་ཐོས།།
སེམས་ཁོང་གི་ཕ་ས་ཞིག་བོར་བས།།
གྲོང་ཁྱེར་ན་བདེ་སྐྱིད་ཅིག་མི་འདུག།
༼སྐྱོ།༽
ཉི་མ་ཉི་མའི་ས་ནས་སྐྱོ།།
ཟླ་བ་ཟླ་བའི་ས་ནས་སྐྱོ།།
ཉི་ཟླ་གཉིས་ཀ་དེ་ནས་སྐྱོ།།
གནས་ཚང་མེད་པའི་ཡུལ་ནས་སྐྱོ།།
རི་བོ་རི་བོའི་ས་ནས་སྐྱོ།།
གཙང་པོ་གཙང་པོའི་ས་ནས་སྐྱོ།།
རི་ཆུ་གཉིས་ཀ་དེ་ནས་སྐྱོ།།
ཚེ་སྲོག་བོར་བའི་ཡུལ་ནས་སྐྱོ།།
ཁྱེད་རང་ཁྱེད་ཀྱི་ས་ནས་སྐྱོ།།
ང་རང་ང་ཡི་ས་ནས་སྐྱོ།།
ཁྱེད་དང་འུ་གཉིས་དེ་ནས་སྐྱོ།།
ཕུ་ནུ་མེད་པའི་ཡུལ་ནས་སྐྱོ།།
༼བསམ་ཡོད།༽
ཐག་རིང་ཐག་རིང་ཞིག་ནས།།
རི་བོའི་ཕ་རོལ་ཞིག་ནས།།
ཁྱེད་ཀྱིས་སྡུག་བསྔལ་མྱོང་དུས།།
ངས་ཀྱང་སེམས་སྡུག་བྱས་མྱོང༌།།
ཐག་རིང་ཐག་རིང་ཞིག་ནས།།
ཆུ་བོའི་ཕ་རོལ་ཞིག་ནས།།
ཁྱེད་ཀྱིས་མིག་ཆུ་འདོན་དུས།།
ངས་ཀྱང་མིག་ཆུ་བཏོན་མྱོང༌།།
ཉི་མའི་འོད་ངོགས་དེ་ནས།།
ཁྱེད་ཀྱིས་ཉི་ཟླ་གླེང་དུས།།
ཉི་ཟླ་མེད་པའི་ཡུལ་ནས།།
ངས་ཀྱང་སྤུན་ཟླ་བསམ་མྱོང༌།།
གསལ་བཤད།
༼གཞས་ཚིག་ཏུ་བརྩམས་པའི་སྙན་ངག༽ཅེས་པའི་ཁ་བྱང་ནི་རྩོམ་སྒྲིག་པས་བཀོད་པ་ཡིན།