ཕོ་ཁྱོ་ག་ངུ་སྐད་ཤོར་བའི་ཉིན།-སྲས་འཇིགས་མེད་ནོར་བུ་སྐུ་ཚེ་མ་ཟིན་ནས་བདུན་ཚིགས་གཅིག་འཁོར་བའི་དུས་དྲན་ལ་ཕུལ་བའི་མྱ་ངན་ཞུ་ཚིག
དགེ་འདུན།
——————————–
སྤྱི་ཟླ་གཉིས་པའི་ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་ཞོགས་ཀ་ནི་དཔྱིད་ཀའི་ཞོགས་ཀ་ཞིག་སྟེ། ཉི་མ་གསལ། གནམ་གཤིས་དྲོ། རླུང་བསིལ་བུ་ལྡང་བཞིན་འདུག ཞོགས་ཀའི་ཉི་འོད་དེ་དག་དང་ལྷན་དུ་ངེད་ཀྱི་ཁྱིམ་དུ་ཐག་རིང་ནས་འགྲུལ་པ་གསུམ་སླེབས་ཡོད། མངར་ཇ་ཞིམ་པོ་ཞིག་ཕུལ་ནས་ང་ཚོས་རྣམ་རིག་གྲུང་པོའི་ཐོག་ནས་དེ་རིང་གི་ལས་དོན་ལ་གླེང་མོལ་བྱས་པ་ཡིན།
དགེ་སློང་ནམ་མཁའ་ལགས་ནི་ལྟག་མཚེར་རིན་པོ་ཆེར་འབྲེལ་འདྲིས་ཧ་ཅང་ཟབ་པ་ཞིག་ཡིན། ཁོང་ནིའུ་ཡོག་ནས་ཕེབས་པ་རེད། ཁོང་ནི་གཟའ་མིག་དམར་གྱི་ཉིན་ནས་འདས་པོ་དམ་པའི་གཟིམ་ཤག་ཏུ་སྨོན་ལམ་འདོན་བཞིན་པའི་སྒོ་མང་དགེ་བཤེས་བློ་བསྟན་ལགས་དང་ལྷན་དུ་ཕེབས་རྒྱུའི་གཏན་འཁེལ་སོང་། ལྟག་མཚེར་རིན་པོ་ཆེའི་ཞབས་ཞུ་མཐར་འཁྱོལ་གནང་མཁན་རྔ་བ་རབ་བརྟན་དང་དེ་བཞིན་འཇམ་དབྱངས་གཉིས་ཀྱང་དགེ་བཤེས་བློ་བསྟན་ལ་མཇལ་རྒྱུ་ཡིན་གསུངས། ང་ཚོ་གཅིག་མཇུག་གཉིས་མཐུད་ཀྱིས་དགེ་བཤེས་ལགས་ཀྱི་གཟིམ་ཁང་དུ་སླེབས།
གློ་བུར་དུ་འཆར་གཞི་ལ་འགྱུར་བ་ཐེབས། ཁོང་ཚོ་ཚང་མ་མྱ་ངན་ཞུ་ཆེད་འདས་པོའི་གཟིམ་ཤག་ཏུ་ཕེབས་གི་ཡིན་གསུངས། ང་གཅིག་པུ་སློབ་གྲྭའི་ལས་ཀའི་ཆེད་བསྐྱོད་པ་ཡིན། ལམ་ནས་ངེད་ཀྱི་བསམ་བློ་ལ་འགྱུར་བ་ཐེབས་སོང་། ས་ཐག་རིང་ནས་མྱ་ངན་ཞུ་བར་ཡོང་བ་དང་། ངེད་ས་གནས་ཀྱི་མི་ཞིག་གི་ངོས་ནས་ཉིན་གཅིག་གི་ལས་ཀ་བློས་གཏོང་དགོས་པ་གཉིས་ཧ་ཅང་འོས་བབ་ཆེ། སློབ་གྲྭ་ལ་ཁ་པར་བཏང་ནས་ཉིན་འདིའི་སློབ་ཁྲིད་ཚང་མ་ཕྱིར་འཐེན་བྱས་པ་ཡིན།
ང་ཚོ་རིམ་གྱིས་འདས་པོའི་གཟིམ་ཤག་ཏུ་འབྱོར། མིག་ཆུ་དང་བཅས་མྱ་ངན་ཞུ་རེས་བྱས། དེ་ནས་སྐབས་དེར་སྨོན་ལམ་གསུངས་བཞིན་སྒོ་མང་དགེ་བཤེས་རབ་རྒྱས་ལགས་དང་དགེ་བཤེས་སངས་རྒྱས་ལགས་གཉིས་བཞུགས་འདུག འདས་པོའི་ལྕམ་དང་སྲས་གསུམ་ཡང་བཞུགས་འདུག དགུང་ལོ་དོན་གསུམ་ལ་ཕེབས་པའི་དགེ་བཤེས་སངས་རྒྱས་ཀྱི་སྤྱན་རས་དམར་པོ་རེད་ལ། ད་དུང་མིག་ཆུ་ཕྱིད་བཞིན་འདུག “ཕངས་པ་ལ་ཨ།” འདི་འདྲའི་སྨྲེ་ངག་ནས་མུ་མཐུད་གོ་བྱུང་། འདས་པོའི་ཡུམ་དང་ཇོ་ལགས་དག་ཀྱང་རིམ་གྱིས་མཇལ། ང་ཚོ་ཚང་མ་ནི་ངུ་ངག་གི་བདག་པོ་དང་མིག་ཆུའི་ཆུ་མིག་ཅིག་ཡིན།
ཉིན་གུང་ཙམ་ལ་ ས་གནས་ཁག་གཞན་ནས་ཕེབས་པའི་བོད་མི་ཚོ་ཡང་མཉམ་དུ་འཛོམས། དུས་བཅད་བྱས་པ་ལྟར། ང་ཚོས་རླངས་འཁོར་རྣམས་བང་སྒྲིག་སྟེ་ཨིན་ཌི་ཡཱ་ན་པོ་ལེ་སི་ཞེས་པའི་གྲོང་ཁྱེར་ལ་བསྐྱོད། ལམ་ཐག་ནི་ཆུ་ཚོད་གཅིག་ཙམ་རེད། ང་ཚོ་བོད་མི་ཤ་སྟག་ཡོད། ཁྱོན་བསྡོམས་བོད་མི་བཅུ་དགུ་ཙམ་འདུག སེམས་རྣལ་དུ་མི་འབེབས་པའི་ཉིན་མོ་ཞིག་རེད། ངས་རླངས་འཁོར་སྔོན་མ་རྣམས་ཀྱི་རྗེས་མ་ཟིན། “མགྱོགས་ཙམ་འགྲོ་དང་།”ཟེར། གང་ཐུབ་ཀྱིས་རྒྱུགས། ངས་ཤེས་པའི་སྐབས་དེར་ངའི་རྒྱབ་ན་ཉེན་རྟོག་པའི་རླངས་འཁོར་གྱིས་གློག་དམར་འཚུབ་འཚུབ་བྱེད། མི་ཚེ་ལ་ཉེན་རྟོག་པས་དེད་མ་མྱོང་། “མགྱོགས་དྲགས་འདུག རྗེས་ནས་གཟབ་གཟབ་བྱོས་ཨ།”ཟེར།
ང་ཚོ་གནམ་ཐང་དུ་འབྱོར་སྐབས་ ད་དུང་སྐུ་ཕུང་འབྱོར་མི་འདུག སྐར་མ་ཉི་ཤུ་ཙམ་ལ་སྒུག དེ་ནས་སྐུ་ཕུང་འབྱོར་བྱུང་། སེམས་པ་ནི་གྲང་སེ་ངེར་གྱུར། ཡིད་ཆེས་ཐུབ་ཀྱི་མི་འདུག འདི་བདེན་པ་མ་རེད་བསམས་པ་ཞིག་འདུག མིག་ཆུའི་ཐིགས་པ་རྣམས་བོད་མི་རེ་རེའི་གདོང་ནས་ཟགས་བཞིན་འདུག སྐུ་ཕུང་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཕུལ། རིམ་གྱིས་ཐོན། ང་ཚོ་ལྷོད་ལྷོད་ངང་ བྷི་ལིམ་མིང་ཊོན་ཕྱོགས་ལ་ཐོན།
ད་ནི་ཆུ་ཚོད་བཞི་པ་ཙམ་རེད། འདས་པོ་དམ་པའི་ཇོ་ཇོ་གཉིས་ཀྱིས་སྣེ་དྲངས་ཡོད། ཞུགས་འབུལ་རྭ་བ་ཆེན་པོ་ཞིག་ལ་འབྱོར། སྐུ་ཕུང་ཞུགས་འབུལ་ཁང་དུ་གདན་དྲངས། ཡུམ་དང་ལྕམ་སོགས་ཚང་མ་འབྱོར། རླངས་འཁོར་ཉི་ཤུ་ལྷག་ཙམ་བང་སྒྲིག་ནས་ཕེབས། སྒོ་མང་གི་དགེ་བཤེས་རྣམ་པས་འདས་ཆོག་གི་ཆོ་ག་རྣམས་ཚུལ་བཞིན་ཕྱག་བསྟར་གནང་རྗེས། བོད་མི་རྣམས་ཀྱིས་གདུང་མཇལ་དེ་ཞུས། ཁ་བཏགས་འབུལ་བ་དང་མ་ཎི་གྱེར་བ། ངུ་ངག་འདོན་པ། ཕྱག་འཚལ་བ་སོགས་གནང་བཞིན་འདུག ད་དུང་འདས་པོ་དམ་པ་འདི་ལོ་ན་ ༤༥ ཐོག་སྐུ་ཚེ་མ་ཟིན་པ་འདི་ཡིད་ཆེས་ཀྱི་མི་འདུག དེ་རྗེས་ཡུམ་དང་བཅས་པའི་ནང་མི་རྣམས་ཀྱིས་མྱ་ངན་ཞུས། གདུང་བ་དྲག་པོས་དྲག་ཏུ་གཟིར་བྱུང་།
མཛད་རིམ་དེ་ཟིན་འཕྲལ་དུས་བཅད་ལྟར་ང་ཚོ་འདས་པོ་དམ་པའི་གཟིམ་ཤག་ཏུ་འབྱོར། ད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ལྔ་འཛོམས་འདུག ཚོགས་མཆོད་འབུལ་བ་དང་མར་མེ་འབུལ་བ་སོགས་ཆོས་ཀྱི་དབྱངས་དང་བསྙེན་བཀུར་གྱིས་གཟིམ་ཁང་ཡོངས་སུ་ཁེངས་འདུག དེར་འཛོམས་ཀྱི་བོད་མི་རྣམས་ཀྱིས་ཀྱང་སྨོན་ལམ་ཞལ་འདོན་གྱི་བྲེལ་བ་ལ་གཡེངས་འདུག
ཆོས་ཀྱི་ཆོ་ག་གྲུབ་པ་དང་བོད་མི་ཚོས་ འདས་པོ་དམ་པའི་ལྕམ་ལ་སེམས་གསོ་ཞུ་བཞིན་འདུག དེ་མཚམས་ནས་ཡུམ་གྱིས་བོད་མི་ཚོ་ལ་གསུང་བཤད་གནང་བྱུང་། “ད་ལན་འདི་ལྟ་བུའི་རྐྱེན་ངན་བྱུང་བ་རེད། ཡིན་ན་ཡང་། དེས་ང་ཚོའི་སེམས་ཤུགས་ཆག་མ་སོང་། ང་ཚོ་གྲོས་བྱས་པ་ཡིན། འདས་པོ་དམ་པའི་དགོངས་བཞེད་རྫོགས་ཆེད་ང་ཚོའི་བུ་ཀུན་དགའ་ལགས་དང་། འདས་པོ་དམ་པའི་སྲས་རྒན་པ་བཅས་ནས་གོམས་བགྲོད་མུ་མཐུད་གི་ཡིན། ང་ཚོ་བོད་པ་ཞེས་པ་འདི་རྐྱེན་འདི་འདྲ་ལ་ཐུག་སྐབས་ཆིག་སྒྲིལ་ཆེན་པོ་བྱེད་གི་རེད་”སོགས་གསུངས་བྱུང་། མཚམས་དེར་སྲས་ཀུན་དགའ་ལགས་ཀྱིས་ཤུགས་ཆེ་རུ་བཏང་སྟེ། “ངས་གོམ་བགྲོད་འདི་མཐའ་བསྐྱལ་གྱི་ཡིན། ངས་གོམ་བགྲོད་འདི་ངའི་སྤུན་ལ་གུས་ཞབས་ཆེད་མཐའ་བསྐྱལ་གྱི་ཡིན།”ཞེས་གསུངས་སྐབས་ང་ངུས་པ་ཡིན།
མི་གསོན་པོ་ཞིག་ལ་སྙིང་འཕར་ལྡིང་བྱེད་མཁན་ཞིག་ཡིན་ན། ཚིག་འདི་འདྲ་ཐོས་སྐབས་ངུ་ངག་གིས་སྨྲེང་བར་མི་འགྱུར་བ་ཞིག་སུ་ཡོད། ངའི་སྐད་འགགས་ནས་ཚིག་ཐོན་གི་མི་འདུག བོད་མི་གཞན་རྣམས་ཀྱང་དེ་ལྟར་རེད། ང་ཚོས་ངུ་ངག་དང་བཅས་འདས་པོ་དམ་པའི་ནང་མི་ཐུགས་རྗེ་ཆེ་ཞུས་པ་ཡིན། བོད་རང་བཙན་གྱི་འཐབ་རྩོད་འདི་ མི་རབས་གོང་མ་ནས་མི་རབས་རྗེས་མ་ལ་ཁ་ཆེམས་དང་བཅས་མངགས་བཅོལ་བྱས་པའི་ལེའུ་ཞིག་དེ་ལྟར་གྲུབ་སོང་།
མཆན། ད་འདས་པོ་དམ་པའི་ནང་མིའི་ཐོག་ནས་རང་བཙན་གོམ་བགྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་ རེས་གཟའ་མིག་དམར་ཉིན་གནང་གཏན་འཁེལ་ཡོད་འདུག
རབ་གསལ་ལགས། ངས་ཁྱེད་ཀྱིས་བྲིས་པའི་གསར་འགྱུར་གྱི་མཇུག་རྫོགས་ཐུབ་མ་སོང་། མིག་མཐའ་ན་མཆུ་མས་སྤང་བ་དང་། ཡ་ཁོག་ན་སྨུག་པས་ཁེངས། འདི་ནའང་ངུ་མ་མྱོང་བའི་ཕ་ཁྱོ་ག་ཞིག་ངུ་བཞིན་ཡོད། །དཔའ་བོ་ཁོང་ལ་རྗེས་དྲན་ཆེད་འདང་དགོང་ང་ཚོའི་ཕྱོགས་ནས་ཀྱང་བདུན་དང་པོར་མཆོད་འབུལ་དང་སྨོན་ལམ་གྲུབ་ཡོད།
ཕོ་ཁྱོ་ག་
ཀློག་བཞིན་ཀློག་བཞིན་མིག་ཆུ་ཤོར། །
དེ་ཡང་སེམས་ཀྱི་གཏིང་ནས་ཤོར། །
མཆི་མས་བརྣངས་པའི་སེམས་པ་ནི། །
ཆུ་ཐིགས་བྲག་རིར་བརྡབས་དང་མཚུངས། །
ངུ་མཆི་མ་ཤོར་བ་ཞིག་ཆགས་སོང་། དངོས་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་བོད་དོན་ལ་ཕྱག་ལས་གནང་བའི་སྲས་འཇིགས་མེད་ནོར་བུའི་སྐུ་ཡི་ཚེ་སྲོག་བོད་དོན་དུ་ཕུལ་པ་དང་བོན་བསྟན་བསམ་བཞེས་གནང་བ་ལ་ཡིད་སྨོན་ཤོར་སོང་། བོད་དོན་བདེན་མཐའ་གསལ་བར་ཤོག །
ཀློག་བཞིན་དཀྱུས་ལ་སླེབས་དུས་མིག་མཐའ་མཆི་མས་བསྐྱིལ་ནས་གློག་ཀླད་ཀྱི་ཡི་གེ་དེ་ཚོ་རབ་རིབ་ཏུ་གྱུར་སོང་། མུ་མཐུད་བཙན་གྱིས་ཀློགས་ཚར་དུས་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་ཆུང་མ་ཞེད་དེ་ག་རེ་བྱས་སོང་ག་རེ་བྱས་སོང་ཟེར་ཏེ་རྒྱུགས་སླེབས་སོང་།
ཕོ་ཁྱོ་ག་གཅིག་གི་ཚེ་ཤོར་དུས།
ཕོ་ཁྱོ་གཉིས་ཀྱི་ངུ་ཤོར་འདུག
ཕོ་ཁྱོ་ག་གཉིས་ཀྱི་ངུ་ཤོར་དུས།
ཕོ་ཁྱོ་ག་གསུམ་གྱིས་ཤར་བགྱིད།
ཕོ་ཁྱོ་གའི་བསམ་དོན་མྱུར་འགྲུབ་ཤོག
ཕྱོགས་མཐའ་གང་སར་བོད་ཀྱི་ཕོ་རྒོད་མོ་རྒོད་ཚང་མའི་མིག་མཐར་ཆུ་མས་རློན་ནས་དམོད་ངག་གི་དུས་ལས་འདས་ནས་མི་ཚེ་རྫོགས་ཀྱི་ཡོད་པས་ངེད་བོད་པ་ཚང་ལ་ཅི་མི་སྐྱོའོ།
ཀློག་གིན་ཀློག་གིན་སྙིང་ལ་ན་གཟེར་ལངས། ལུས་ལ་འདར་ཟུག་བརྒྱབ། སེམས་པ་གྲང་སེང་ངེ་རེད།
ལོ་རྒྱུས་འདི་ཀློག་སྐབས་ངའི་རྒྱ་མི་རིགས་ཀྱི་མགྲོན་པོ་རྣམས་ཀྱི་སྔོན་ནས་མིག་ཆུ་ཤོར། ཅི་རེད་དྲིས་བྱུང་། མི་རིགས་དང་དམསང་གཙོའི་དཔའ་བོ་ཞིསྐུ་གཤེགས་པ་གོ་ནས་མིག་ཆུ་འཐོར་སོང་བྱས། སུ་རེད་ཟེར། ལོ་རྒྱུསབཤད་པས་ཁོ་ཚོ་ཡང་སེམས་འགུལ་ཐེབས་ཏེ་མིག་ཆུ་བཞུར་སོང་། གལ་ཏེ་དཔའ་བོའི་རྗེས་དྲན་གྱི་རྡོ་རིང་ཞིག་བཞེངས་ན་དེར་ལན་ཅིག་མཇལ་དགོས་ཟེར། སྐབས་དེར་ངས་བརྡ་གཏོང་ཆོག་བྱས། གཟི་བརྗིད་ཅན་གྱི་དཔའ་བོ་རྒྱལ་བར་གྱུར་ཅིག།
ཨ། འདི་འདྲའི་སྐྱོ་བ་དང་ཟུག་ཆེ་བའི་གནས་ཚུལ། འདས་པོ་ཁོང་གི་དམིགས་ཡུལ་སྒྲུབ་པའི་ལས་སྣེ་གཅིག་བྱེད་ཐུབ་པ་ཤོག
༈ རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།
******************************************
ད་དུང་བོད་བདེན་མཐའ་སེལ་མཁན་གྱི་དཔའ་བོ་ཞིག ཕ་ཤུལ་འཛིན་མཁན་གྱི་བུ་རྒོད་ཅིག བསྐལ་བ་བཟང་ནི་རེད། ཁྱེད་ཀྱི་སྐུ་ཚེ་མཛད་ཕྲིན་གེགས་མེད་མཐར་ཕྱིན་ཡོང་བའི་སྨོན་འདུན་གྲངས་མེད་དང་ཕ་ཞིང་གཤེགས་དམ་པར་མྱ་ངན་ཚད་མེད་ཀྱིས་གུས་འདུད་ཞུ།
*******************************************
ཕ་འདས་པོའི་དགོངས་བཞེད་མཐར་ཕྱིན་ནས།།
བུ་ཀུན་དགའི་བསམ་དོན་གྲུབ་འགྱུར་ན།།
བོད་སྡུག་མཐའ་སྐྱིད་པའི་ཉི་མ་ཞིག།
ཡུན་མི་རིང་འཆར་བའི་རྟེན་འབྲེལ་རེད།།
*******************************************
བོད་རྒྱལ་ལོ།། བོད་རྒྱལ་ལོ།། བོད་རྒྱལ་ལོ།།
རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།
དམ་པ་འདི་ཉིད་ཀྱི་ཐུགས་ཀྱི་འདོད་དོན་ལྷུན་གྱིས་འགྲུབ་པ་དང་། ཤུལ་ལུས་ནང་མིར་ཐུགས་གསོ་འཚམ་འདྲི་ཞུ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་དང་། བོད་མི་ཡོད་དོ་ཅོག་གིས་རང་དབང་གཙང་མའི་དཔལ་ལ་ལོངས་སྤྱོད་ཐུབ་པའི་སྨོན་འདུན་ཡོད། །
བདེ་བ་ཅན་ནས་སྐྱེས་པར་ཤོག །
འདས་པོའི་ཕྱག་རྗེས་ལ་གུས་བརྩི་ཡོད། ལྷག་པར་སྲས་ཀུན་དགའ་ལགས་ནས་ནང་མིའི་ལ་རྒྱ་དགུང་དུ་བཏེགས་ཏེ་དམིགས་བསལ་བའི་ལས་འགུལ་དེ་བཞིན་མུ་མཐུད་ཀྱི་བསམ་བློར་རྗེས་སུ་ཡོད་རང་ཆེན་པོ་ཡོད།
དྲ་གྲོགས་ཙ་ཡུ་བའི་འདིའི་སྐོར་སེང་རྡོར་དྲ་བར་དྲངས་པ་སྐར་མ་ལྔའི་རྗེས་སུ་ནག་བསུབ་གཏོང་འདུག
ང་ངུ་བཞིན་ངས་ཁོང་ལ་རྗེས་སུ་ཡི་རངས་ཞུས།
ངས་རང་མི་རིགས་ཀྱི་ཆེད་དུ།
ངས་རང་རྒྱལ་གྱི་དོན་དུ།
ངས་ཡབ་མེས་ཀྱི་ཕྱིར་དུ།
ངས་རང་གི་སླད་དུ།
ཅི་ཞིག་མ་ནུས་ལ།
ཅི་ཞིག་མ་བྱས།
ཁོང་གིས་སྐུ་ཚེ་ཧྲིལ་བོ་ལ།
དེས་ཕྱིར་ངས་མི་རིགས་ཀྱི་དཔའ་རྒོད་འབོད།
ཁོང་གསོན་པ་མི་རིགས་ཀྱི་ཆེད་དུ་རེད་ལ།
ཁོང་ཤི་བའང་རྒྱལ་ཁབ་ཀྱི་དོན་དུ་རེད།
ངས་ཁོང་གི་རྗེས་སུ་མིག་ཆུ་བཏང་ལ།
ངས་ཁོང་གི་མཛད་རྗེས་ལ་ཡིད་སྨོན་ཤོར།
ཁོང་ནི་ནང་ཡང་ང་ཚོའི་སེམས་སྟེང་གི་ཕོ་རྒོད་ཅིག།
The news of the late Jigme Norbu’s accident on 14th February was shocking to this small Tibetan community in Indiana. On 15th February at 6pm, there were to prayers going on one at Geshe Loten’s place and other one at Tibetan Monlgolia Buddhist Culture Center at the same time period for to pray for late Jigme la. I joint the later one with small Tibetan community of Indiana with his older brother Lhundrup Norbu. We did what we could to ease the pain the family is going through. I lost my own brother recently, I can feel their pain. The small Indiana Tibetan community are standing by their side and giving hands and respecting their privacy. His brother Kunga Norbu, with his two nephews will finish the walk with other supporters starting tomorrow and there will be a Pubic Memorial Service at the City Hall on March 1st between 6pm to 8pm
བོད་རང་བཙན་།
བོད་ཀྱི་རྒྱལ་ཁབ་ཆེན་པོ་རྒྱ་དམར་འོག་ཏུ་ཤོར་སོང།།
བཀའ་དྲིན་ཅན་གྱི་ཕ་མ་རྒྱ་དམར་འོག་ཏུ་ཤོར་སོང།།
མཛའ་ཞིང་བརྩེ་བའི་སྤུན་གྲོགས་རྒྱ་དམར་འོག་ཏུ་ཤོར་སོང།།
གཙང་ཞིང་མཛེས་པའི་ཡུལ་ལྗོངས་རྒྱ་དམར་འོག་ཏུ་ཤོར་སོང་།།
ཆོས་རིག་སྐད་ཡིག་དག་ཀྱང་རྒྱ་དམར་འོག་ཏུ་ཤོར་བ་ཉེར།།
དཀའ་སྡུག་འོག་ཏུ་གཞན་ཡུལ་སྐྱབས་བཅོལ་ཆགས་ནསབསྡོད།།།
ལོ་ངོ་ལྔ་བཅུར་རང་བཙན་ཆེད་དུ་ཧུར་བརྩོན་ཐབས་ལམ་འདོན།།
བཙན་རྒྱལ་དམར་པོས་བོད་ལ་འཛིན་པའི་སྲིད་ཇུས་ཇེ་དམ་གཏོང།།
ཉེ་ཆར་རྡ་སར་ས་ཕྱོགས་གང་སར་ཚོགས་འདུ་བསྐངས་།།
རྒྱ་དམར་ཕྱོགས་ནས་རང་བཙན་ནམ་ཡང་མི་སྐྲོད་ཟེར་།།
སོ་སོའི་ཡུལ་དང་གྲོང་པ་ནང་མི་རྣམས་པ་ཤིན་ཏུ་དྲན་།།
བརྩེ་བའི་དྲིན་ཆེན་པ་ཕ་རང་བཙན་ཆེད་དུ་དགོངས་པ་་ཞིང་ལ་ཕེབས་།
སེམས་སྡུག་ཆེན་པོས་མཚན་མོ་མིག་ཡང་མི་ཁུག་ཞིང་།།
མིག་ཆུ་ཤོར་ནས་མཁུར་ཚོས་གཉིས་ཀ་བརླན་པར་གྱུར།།
རང་བཙན་གཙང་མ་མེད་ན་བོད་ལ་བདེ་སྐྱིད་ཡོང་ཐབས་མེད།།
བོད་རང་བཙན། བོད་རྒྱལ་ལོ་།