སྟག་ལྗོངས་འཆི་མེད་ཀྱིས།
དཀར་འཇམ་རབ་གསལ་དུང་ཟླ་ལ་འགྲན་སྙིང་གི་མཛའ་མོའི་འཛུམ་ཞལ་དེས།
གྲྭ་གཞོན་སེམས་པ་ཆོས་རའི་ཁྲོད་ནས་དབང་མེད་སྡིག་པའི་དོ་རར་ཁྲིད།
འཛུམ་དང་ལྷན་དུ་མིག་མདའ་ཞིག་གིས་ཁོ་བོའི་སྙིང་གི་ན་ཟུག་བསླངས།
ཀྱེ་མ་དུས་རབས་ཉེར་གཅིག་པ་ཡི་དགེ་སློང་འདོ་ཀོ་སུ་ཡིས་སྐྱོབ།
ལས་དབང་བཙན་པོའི་བཀོད་སྒྲིག་འོག་ནས་བདག་གི་གདོང་འདི་ཁྱེད་ལ་མཛེས།
ར་བ་བཙན་པོའི་ཆོས་གོས་གསེབ་ནས་ཁྱེད་ཞལ་ང་ཡི་སྙིང་དུ་སྡུག །
སྔོ་ལྗང་གཡུ་ཡི་རྩྭ་ཐང་སྟེང་ནས་མཛའ་བརྩེའི་གཏམ་སྙན་གླེང་བཞིན་དུ།
བརྩེ་སེམས་མི་འགྱུར་དམ་བཅའ་བྱས་པ་དེང་ཡང་ཡིད་ལ་ལྷང་ངེར་གསལ།
སྣ་ཚོགས་མེ་ཏོག་ཀུན་ནས་བཀྲ་བའི་དབེན་པའི་ནགས་ཀྱི་ལྗོངས་དག་ཏུ།
ཁྱེད་དང་འུ་གཉིས་ལག་ཟུང་སྦྲེལ་ཏེ་དགོད་སྒྲ་སྒྲོགས་བཞིན་ཕྱིན་པ་ན།
གྲོང་པའི་རྒན་མོས་ཨ་ཁུ་དེ་ཚོ་ཨ་ཧོ་དེ་འདྲ་སྐྱོ་ཨང་ཟེར།
དཔྱིད་ཀྱི་རྒྱལ་མོ་ཕྲག་དོག་ཟ་ཏེ་ཀུ་ཧུ་ཟེར་ནས་འཕྱ་ཁུལ་བྱེད།
སྐྱེ་གཟུགས་ངན་པའི་སྤྲང་འཁྱམ་བུ་ལ་ཕྱི་ཡི་སྤྱོད་པ་རིང་ནས་དབེན།
ནང་གི་གཤིས་ཀ་སྦྲང་རྩིར་དགའ་བའི་བུང་བའི་རྐང་པ་ལས་ཀྱང་ཕྲ།
ཕྱི་ནང་ཟུང་གི་ཡོན་ཏན་དབེན་ཅིང་འབྱོར་བས་ཕོངས་པའི་ཁེར་རྐྱང་ང།
ཀུན་གྱི་ཡིད་འཕྲོག་མཛེས་པའི་བུ་མོའི་གྲོགས་སུ་ཐོབ་པ་ཅི་ཞིག་ལན།
ཁྲོཾ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་ཕ་རི་སྤང་ཁའི་གྲུ་ཟུར་ནས།
བརྗིད་ཆགས་ཁང་པའི་སྒེའུ་ཁུང་ནང་གི་ཁྱེད་ཞལ་མཇལ་བར་རེ་སྒུག་སྐབས།
དམར་མདངས་རྒྱས་པའི་ཁྱེད་ཀྱི་ཨ་མའི་ཁྲོ་ཞལ་མཇལ་བ་ལན་གཅིག་མིན།
ནག་ནོག་བྲལ་ཞིང་འཛུམ་གྱི་ཕྱུག་པའི་ཁྱེད་ཞལ་མཇལ་བ་རེ་འགའ་ཙམ།
རྟེང་བ་མཐོ་བའི་ཞབས་བཀྱག་མེད་ཀྱང་ལུས་ཀྱི་འཁྲི་ཤིང་དྲང་ཞིང་ལྡེམ།
ཕྱི་གླིང་བུ་མོའི་མཛེས་ཆས་མེད་ཀྱང་ལྷན་སྐྱེས་རང་གི་འཛུམ་མདངས་གསལ།
གསེར་དངུལ་སོགས་ཀྱི་རྒྱན་ཆ་དོར་ཡང་སྲོལ་རྒྱུན་ཐེར་མའི་ཕྱུ་པས་མཛེས།
མཛངས་མ་ཞིག་པའི་མིང་སྐམ་མེད་ཀྱང་ཁོ་བོའི་ཡིད་ལ་དེ་ལས་ལྷག །
དར་བབས་ལང་ཚོ་ལྟ་ན་སྡུག་པས་ཚངས་སྲས་རྒྱལ་མོར་འགྲན་དུ་འོས།
སྙིན་བརྗིད་སྙིང་གཏམ་དབྱངས་སུ་གྱེར་བ་དཔྱིད་ཀྱི་རྒྱལ་མོའི་ངག་དང་མཚུངས།
རྒན་གཞོན་ཀུན་ལ་བྱམས་སྐྱོང་ཟབ་པའི་ཁྱེད་ཉིད་ཡིད་ཀྱི་རང་མདངས་དེ།
དྭངས་གསལ་གཡུ་ཡི་མེ་ལོང་ནང་བཞིན་ཁོ་བོའི་ཡིད་ལ་རྟག་ཏུ་མཆར།
དུས་ཀྱི་ས་སྲོད་མཚམས་སྤྲིན་དམར་པོ་ཁྱེད་དང་ང་ཡི་ཟུངས་ཁྲག་ཡིན།
ཆ་ཤས་རྫོགས་པའི་རྟ་བདུན་དབང་པོ་འུ་གཉིས་བར་གྱི་བརྩེ་སེམས་བཞིན།
གྲངས་མེད་རྒྱུ་སྐར་བསིལ་ཟེར་ཁྲོད་ཀྱི་སྨིན་དྲུག་ཁྲ་མོའི་གྲངས་ཀ་ནི།
ཁྱེད་དང་ང་གཉིས་ཐོག་མར་མཇལ་བའི་ཉིན་མོ་དེ་ཡི་དུས་ཚེས་ཡིན།
འདི་རུ་འཁྱུག་པའི་ཆགས་ཚིག་མང་བའི་གྲྭ་གཞོན་ཞིག་གི་གཏམ་རྒྱུད་དེ།
དཔྱོད་ལྡན་དགའ་བའི་སྙན་ངག་མིན་ཡང་ཕྱི་བལྟས་ཁྲོད་ཀྱི་རྐང་རྗེས་ཤིག །
འདུལ་ཁྲིམས་བཟང་པོ་སྲོག་ལྟར་སྲུང་བའི་ཆོས་ཀྱི་གྲོགས་པོའི་སྤྱན་ལམ་དུ།
མཛེས་པོ་མེད་ཀྱང་སྙིང་ལས་མཆེད་པའི་རྦ་རླབས་འཕྱོ་བའི་ཆུ་བོ་ཡིན།
༢༠༡༠/༡/༡༧ཉིན
དེ་བཟང་ཀི་ཡ།
འཁྲབ་སྟངས་དེ་འདྲ་ལས་མེད་ན་མི་ལུས་བླངས་ཏེ་འཁྲབས་གོ་ཆོད་མི་འདུག་གོ།
སྙན་པོ་འདྲ་བྲིས་འདུག་པེ། ཁོང་གིས་སྙན་ངག་གཏོགས་ཙམ་སྦྱོངས་མྱོང་ས་རེད། དྲོ་བ་ད་ཞེད་དྲགས་མི་འདུག། ད་དུང་གྲྭ་བ་ཞིག་གི་སྐད་ཆ་ལ་དེ་ལས་ཀྱང་་་་་་་་་་་་ཨོ་དགོངས་དག་ཤོར་སོང་ད
དཔེ་ལེགས་པོ་འདུག ད་དུང་མང་ཙམ་བཀོད་ཐུབ་ན་བཟང་གི