ལྷོ་ཕྲུག་སྣ་བོ་ཆེ་
————–
༸གོང་ས་སྐྱབས་མགོན་ཆེན་པོས་འཇིག་རྟེན་སྤྱིའི་བདེ་སྡུག་འདོར་ལེན་ལ་དམིགས་པའི་དགོངས་བཞེད་དང་མཛད་པའི་གཙོ་བོ་ནི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུ་འདི་ཆགས་ཡོད་པ་རེད། རྒྱུ་མཚན་ནི་༸གོང་ས་སྐྱབས་མགོན་ཆེན་པོས་འཇིག་རྟེན་འདིིའི་ཐོག་ཉེན་ཚབས་ཆེ་བའི་དཀའ་ངལ་ཆེན་པོ་ལྔ་གཟིགས་ཀྱི་ཡོད་ཅིང་། དཀའ་ངལ་དེ་དག་གིས་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་ཆུང་ཚགས་ལ་གཏོར་བཤིག་གཏོང་བ་ཙམ་མིན་པར། དཀའ་ངལ་རེ་རེར་ཡང་འཇིག་རྟེན་སྤྱི་ལ་རླབས་ཆེན་གྱི་ཉེན་ཁ་དང་གོ་ལ་ཧྲིལ་པོ་གཏོར་བཤིག་ཏུ་གཏོང་བའི་ནུས་པ་ཡོད་པར་གཟིགས་ཀྱིན་ཡོད། དཀའ་ངལ་འདི་དག་ནི་གཙོ་བོ་དེང་དུས་འཇིག་རྟེན་ནང་བྱམས་བརྩེ་དང་ལྷག་བསམ་སོགས་ནང་བསམ་བློའི་ཡོན་ཏན་སྐྱོ་དྲགས་པའི་རྒྱུ་རྐྱེན་ལས་བྱུང་ཞིང་། དཀའ་ངལ་འདི་དག་སེལ་ཐབས་སུ་ཡང་བྱམས་བརྩེ་དང་ལྷག་བསམ། གཞན་ཕན་སོགས་ནང་བསམ་བློའི་ཡོན་ཏན་ལ་གལ་ཆེར་བརྩི་བ་དང་ནང་བསམ་བློའི་ཡོན་ཏན་དང་ནུས་པ་གོང་འཕེལ་དུ་བཏང་བ་ལས་སེལ་དགོས་པའི་རྒྱུ་མཚན་གྱིས་རེད། དེར་བརྟེན་ཁོང་ནས་དེང་དུས་འཇིག་རྟེན་ནང་འགྲོ་བ་མིིའི་ཀུན་སྤྱོད་ཀྱི་རིན་ཐང་གོང་འཕེལ་དུ་གཏོང་དགོས་པ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གཟིགས་ཀྱིན་ཡོད།
ཀུན་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་བའི་བརྒྱུད་ལམ་གལ་ཆེ་ཤོས་དེ་མི་ཆོས་རིང་ལུགས་ཀྱི་སློབ་གསོ་གལ་ཆེར་བརྩི་བའི་ལག་ལེན་དང་ཚན་རིག་དང་མཉམ་འབྲེལ་བྱེད་པའི་ལས་དོན་དེ་ཆགས་ཡོད། བརྒྱུད་ལམ་འདིའི་ནང་ཆོས་ལུགས་ནས་བཤད་པའི་ཐར་པ་བསྒྲུབ་པའི་ཆོས་ཚུལ་ཐད་གླེང་སློང་བྱེད་ཀྱིན་མེད་པར་དེང་དུས་མི་རྣམས་ཀྱིས་འཇུག་བདེ་སྒྲུབ་བདེའི་འཚོ་ལམ་ཞིག་འཚོལ་གྱིན་ཡོད་པ་རེད། ཆོས་ལུགས་ནས་གསུངས་པའི་སྐྱེས་བུ་ཆེན་པོའི་ཉམས་ལེན་གྱི་རིགས་རྣམས་འདིེར་འབྲེལ་བ་མེད་ལ་སྐྱེས་བུ་འབྲིང་གི་ལམ་རིམ་ཁག་ཀྱང་སྐབས་དོན་དང་འབྲེལ་བ་མེད། ཐ་ན་སྐྱེས་བུ་ཆུང་ངུའི་འགན་འཁྲི་དང་འབྲེལ་བའི་ལྟ་སྤྱོད་ཀྱི་རིགས་ཀྱང་གླེང་གིན་མེད། རྒྱུ་མཚན་ནི་དེང་དུས་ཀྱི་མི་རྣམས་ཀྱི་སེམས་ཁམས་སུ་སྐྱེས་བུ་ཆུང་ངུའི་བློ་སྦྱོང་གི་རིམ་པ་གནས་སའི་གོ་ས་ཞིག་ཀྱང་མེད་པ་རེད། དེར་བརྟེན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གང་ཡང་མིན་པའི་སྐྱེས་བུའི་བགྲོད་ལམ་ཞིག་འཚོལ་གྱིན་ཡོད། བགྲོད་ལམ་འདི་འདྲ་ཞིག་གི་ལམ་སྲོལ་ཙམ་བུ་བ་ཞིག་རྙེད་ཡོད་ཅིང་ད་ལྟའི་ཆར་འཇིག་རྟེན་ནང་ཤུགས་རྐྱེན་ཅུང་ཟད་དང་བཅས་ཏེ་འཚར་གྱིན་ཡོད།
༸གོང་ས་མཆོག་ནས་འཇིག་རྟེན་སྤྱིའི་ཛ་དྲག་རང་བཞིན་གྱི་དགོས་མཁོ་དང་འབྲེལ་དུས་ཆོས་ལུགས་ཀྱི་གནད་དོན་དེ་གལ་ཆེ་ཡིན་པར་གཟིགས་ཀྱིན་མེད། དེ་ཡང་ཁོང་ནས་<<དགོངས་ཡང་གི་ཤེས་རབ།>> ༼ [The Wisdom of Forgiveness] ཞེས་པའི་དཔེ་དེབ་ཀྱི་ཤོག་གྲངས་ ༩༡ ནང་གསལ།༽ ཅེས་པའི་ཕྱག་དེབ་ནང་རྩོམ་པ་པོས་ཚན་རིག་དང་མཉམ་འབྲེལ་བྱེད་པའི་དགོས་དོན་ཐད་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་ནས། “ངས་ཆོས་ལུགས་ཀྱི་དད་པ་གླེང་གིན་མེད་ལ། དག་ཞིང་དང་ཐར་པ། ཡང་ན་སྐྱེ་བ་ཕྱི་མའི་སྐོར་ལ་ཡང་སྐད་ཆ་ཤོད་ཀྱིན་མེད། ང་ཚོའི་དགོས་འདུན་ནི་བདེ་སྐྱིད་ལྡན་པའི་མི་སྒེར་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཡིན་ལ་ང་ཚོས་འགྲོ་བ་མིའི་རིན་ཐང་དར་སྤེལ་བྱེད་དགོས་ཀྱི་ཡོད།” ཅེས་དགོངས་ཚུལ་གསུངས་ཡོད་པ་དང་། ཡང་ཁོང་གིས་<<སྟོང་ལོ་གསར་པའི་ཀུན་སྤྱོད།>>༼ [Ancient Wisdom, Modern World: Ethics for the New Millennium] ཅེས་པའི་ཕྱག་དེབ་ཀྱི་ཤོག་གྲངས་ ༢༤༢ ནང་གསལ། ༽ ཅེས་པའི་ཕྱག་དེབ་ནང་སྙིང་རྗེ་དང་བྱམས་བརྩེ། དྲང་བདེན་དང་ཡ་རབས་སོགས་ཀྱི་རིན་ཐང་དང་དགོས་ཕན་ཐད་ཀྱི་དགོངས་འཆར་མང་དག་ཅིག་གསུངས་པའི་མཇུག་སྡོམ་དུ་ “དེས་ན་ང་ཚོས་ཆོས་ལུགས་དང་ལྟ་གྲུབ། རྨོངས་ཞེན་གྱི་ལྟ་བ་ཡོངས་རྗོགས་ཏེ་གནད་དོན་འདི་དག་ཐམས་ཅད་རྒྱང་བསྐྱུར་བྱེད་ཆོག་ཀྱང་སྙིང་རྗེ་དང་བྱམས་བརྩེའི་དགོས་མཁོ་ལས་ནམ་་ཡང་བརྒལ་ཐུབ་ཀྱི་མ་རེད། དེར་བརྟེན་འདི་ནི་ངའི་དོན་དམ་གྱི་ཆོས་ལུགས་ཡིན་ལ་ངའི་དོན་དམ་གྱི་དད་འདུན་ཡང་ཡིན། ལྟ་སྟངས་་འདི་རིགས་དང་འབྲེལ་དུས་ནང་པའི་གཙུག་ལག་ཁང་དགོས་ཀྱི་མེད་ལ་ཡེ་ཤུའི་ཆོས་ཁང་ཡང་དགོས་ཀྱི་མེད། ཁ་ཆེའི་ལྷ་ཁང་དགོས་ཀྱི་མེད་ལ་ཇིའུའི་ཆོས་ཁང་ཡང་དགོས་ཀྱི་མེད། རྙོག་འཛིངས་ཆེ་བའི་ལྟ་གྲུབ་དང་གསུང་རབ་ཀྱང་དགོས་ཀྱི་མེད། སོ་སོའི་ཀུན་སྤྱོད་དང་བསམ་བློ་ནི་ཆོས་ཁང་ཡིན་ལ་སྙིང་རྗེ་ནི་ལྟ་གྲུབ་ཡིན་ཆོག” ཅེས་གསུངས་ཡོད།
༸གོང་ས་སྐྱབས་མགོན་ཆེན་པོས་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་ལ་འདི་ལྟའི་གལ་ཆེན་དུ་དགོངས་ཀྱིན་ཡོད་པ་རེད། ཁོང་གི་འཇིག་རྟེན་སྤྱིའི་མཐུན་སྣང་དང་འབྲེལ་བའི་ཐུགས་དགོངས་ཀྱི་རྩ་བའི་ཐུགས་དམ་གསུམ་ལས་གལ་ཆེ་ཤོས་དེ་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་དར་འཕེལ་དུ་གཏོང་རྒྱུ་དེ་རེད། དགོངས་བཞེད་འདིའི་ནང་ཆོས་ལུགས་ཀྱི་གནད་དོན་དེ་དེ་ཙམ་གྱི་གལ་ཆེན་དུ་དགོངས་ཀྱིན་མེད་ཀྱང་ཆོས་ལུགས་ནས་བསྟན་པའི་ཀུན་སྤྱོད་ཀྱི་སློབ་གསོའི་རིགས་ཤིག་དགོངས་དོན་འདིའི་ནང་ནམ་ཡང་གལ་ཆེན་དུ་དགོངས་ཀྱིན་ཡོད། དཔེར་ན་བྱམས་བརྩེ་དང་གཞན་ཕན་སོགས་ཀྱི་བསམ་བློའི་རིགས་རྣམས་ཡིན། ཁོང་གིས་དུས་རྒྱུན་རང་ཅག་རྣམས་ལ་སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་འཛིན་བྱ་དགོས་ཀྱི་བཀའ་སློབ་ཕེབས་བཞིན་པའི་དགོངས་དོན་དེ་དག་ནི་ཕལ་ཆེར་འཇིག་རྟེན་སྤྱིའི་མཐུན་སྣང་དང་འབྲེལ་བའི་ཐུགས་དམ་གསུམ་གྱི་མཐའ་མའི་སྡེ་ཚན་དུ་གཏོགས་ཀྱིན་ཡོད། དགོངས་ཕྱོགས་འདིས་སངས་རྒྱས་པའི་ཆོས་ལུགས་དེ་ལྟ་གྲུབ་དང་ཀུན་སྤྱོད་ཀྱི་ཕྱོགས་གཉིས་ཆར་ནས་འགྲན་མེད་ཀྱི་རིན་ཐང་ཡོད་པའི་རིག་གནས་ཤིག་ཏུ་ནན་གསུངས་གནང་གིན་ཡོད་ཀྱང་འཇིག་རྟེན་སྤྱིའི་ཛ་དྲག་རང་བཞིན་གྱི་དགོས་མཁོ་དང་འབྲེལ་དུས་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་དེ་ཨང་དང་པོར་གོང་བཀུར་གནང་བཞིན་ཡོད་པ་མཚོན་ནུས།
ངའི་མཐོང་ཚུལ་ནང་༸གོང་ས་མཆོག་གི་དགོངས་གཞིའི་ཁྲོད་ཀྱི་གལ་གནད་ཆེ་ཤོས་སུ་གྱུར་པའི་གནད་དོན་གཅིག་ནི་ཆོས་ལུགས་ནས་བསྟན་པའི་སློབ་གསོའི་རིགས་ཤིག་དང་འགྲོ་བ་མིར་སྐྱེས་ཐོབ་རང་ཆས་སུ་ཡོད་པའི་ཀུན་སྤྱོད་ཀྱི་རིགས་རྣམས་དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་གལ་གནད་ཆེ་བའི་དགོས་མཁོ་ཞིག་ཏུ་ངོས་འཛིན་བེད་སྤྱོད་ཀྱིས་དེང་རབས་ཀྱི་སྤྱི་ཚོགས་འདི་ཞི་ བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྐྱར་གསོ་འཛུགས་བསྐྲུན་བྱེད་དགོས་པ་དང་མ་འོངས་སྐྱེ་འགྱུར་གྱི་མི་རབས་རྣམས་ལ་ཡང་མ་མཐའི་འཚོ་གནས་ཐུབ་རུང་གི་ཁོར་ཡུག་ཅིག་གཅེས་ཉར་བྱེད་དགོས་པ་འདི་ནི་ཁོང་གི་དགོངས་གཞིའི་གཙོ་བོ་ཞིག་ཡིན་པར་མཐོང་གིན་ཡོད།
ང་ཚོས་གདོང་ལེན་བྱ་དགོས་པའི་འཇིག་རྟེན་ཐོག་གི་ཉེན་ཁ་ཆེན་པོ་ལྔ།
༡། ཁོར་ཡུག་ཉམས་ཆག[Environmental Degradation][ཁོར་ཡུག་ཉམས་རྒུད་ཀྱི་དཀའ་ངལ་འདི་ནི་འཇིག་རྟེན་གྱི་དཀའ་ངལ་ཡོངས་རྫོགས་ཀྱི་རྨང་གཞིར་གྱུར་ཡོད།]
༢། མི་འབོར་འཕེལ་རྒྱས།[Overpopulation] [རང་བྱུང་ཐོན་ཁུངས་དང་འབྲེལ་བའི་དཀའ་ངལ་ཡོངས་རྫོགས་མི་འབོར་འཕེལ་རྒྱས་ཀྱི་གནད་དོན་ལ་ཐུག་ཡོད།]
༣། དབུལ་ཕྱུག་གི་བར་ཁྱད། [Economic Inequality: gap between rich and poor][འགྲན་སེམས་དང་ཕྲག་དོག་དང་འབྲེལ་བའི་དཀའ་རྙོག་དང་དམན་པ་དང་ཉམ་ཆུང་གི་གཞི་རྩའི་རང་དབང་རྩ་བརླགས་སུ་གཏོང་བའི་རྒྱུ་རྐྱེན་གཅིག་ནི་དབུལ་ཕྱུག་གི་བར་ཁྱད་འདི་ཡིན།]
༤། ཆོས་ལུགས་འཐེན་འཁྱེར།[Religious Conflict] [ལྟ་གྲུབ་དང་བསམ་བློའི་གོམས་སྲོལ་མི་གཅིག་པའི་དབང་གིས་མིའི་སྤྱི་ཚོགས་ནང་རིས་བཅད་ཀྱི་འཁྲུགས་ལོང་གྲངས་མེད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ཆོས་ལུགས་འཐེན་འཁྱེར་ལ་ཐུག་ཡོད།]
༥། འཇིགས་སྐུལ་རིང་ལུགས། [Terrorism] [འཇིག་རྟེན་གྱི་ཞི་བདེ་དང་གོ་ལ་ཧྲིལ་མོ་ཐལ་བར་གཏོང་བའི་ནུས་པ་ཡོད་པའི་ཉེན་ཁ་གཅིག་ནི་འཇིགས་སྐུལ་རིང་ལུགས་ཡིན།]
ཉེན་ཁ་འདི་དག་སེལ་ཐབས་དང་འབྲེལ་བའི་འཇིག་རྟེན་སྤྱི་ལ་དམིགས་པའི་༸གོང་ས་མཆོག་གི་རྩ་བའི་ཐུགས་དམ་གྱི་ཉམས་ལེན་གསུམ།
༡། འགྲོ་བ་མིའི་རིན་ཐང་གོང་སྤེལ། [Promotion of Human Value]
༢། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ། [Religious Harmony]
༣། བོད་དོན་བདེན་མཐའ་སེལ་ཐབས། [Struggle for Tibetan Issue]
དང་པོ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུའི་དགོངས་བཞེད་དེའི་སྐབས་༸གོང་ས་མཆོག་ནས་ཐབས་ཚུལ་མི་འདྲ་བ་གསུམ་གྱི་སྟེང་ནས་མིའི་རིན་ཐང་གོང་སྤེལ་གཏོང་དགོས་པ་གསུང་གི་ཡོད།
༡། འཇིག་རྟེན་བཀོད་པ་པོ་འདོད་པའི་ཆོས་ལུགས་[Theistic Religion]ཀྱི་ལྟ་སྤྱོད་སློབ་གསོ་དང་འབྲེལ་ནས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་དུ་གཏོང་དགོས་པ།
༢། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་[Non-theistic Religion]ཀྱི་ལྟ་སྤྱོད་སློབ་གསོ་དང་འབྲེལ་ནས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་དུ་གཏོང་དགོས་པ།
༣། འཇིག་རྟེན་མི་ཆོས་ཀྱི་ཀུན་སྤྱོད་[Secular Ethics]སློབ་གསོ་དང་འབྲེལ་ནས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་དུ་གཏོང་དགོས་པ་བཅས་ཡིན།
གསུམ་པ་འཇིག་རྟེན་མི་ཆོས་ཀྱི་ཀུན་སྤྱོད་སློབ་གསོ་དང་འབྲེལ་ནས་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་དུ་གཏོང་དགོས་པའི་དགོངས་བཞེད་དེའི་སྐབས་༸གོང་ས་མཆོག་གིས་དོན་ཚན་མི་འདྲ་བ་གསུམ་གྱི་སྟེང་ནས་མིའི་རིན་ཐང་གོང་འཕེལ་དུ་གཏོང་དགོས་པ་གསུང་གི་ཡོད།
༡། བཟང་སྤྱོད་ཀྱི་རྩ་བ་དང་བྱམས་བརྩེའི་ས་བོན་ནི་སྐྱེད་མའི་བྱམས་བརྩེར་ཐུག་ཅིང་། སྐྱེད་མའི་བྱམས་བརྩེ་ནི་སྐྱེ་འགྲོའི་ཚེ་སྲོག་རྒྱུན་སྲིང་དང་སྲུང་
སྐྱོབ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་སྟབས། སྐྱེད་མ་ལས་ཐོབ་པའི་བྱམས་བརྩེ་དང་བཟང་སྤྱོད་ཀྱི་རིན་ཐང་མཐོར་འདེགས་གོང་སྤེལ་གྱིས་མིའི་
རིན་ཐང་དར་སྤེལ་གཏོང་དགོས་པ།
༢། གང་ལ་བྱམས་བརྩེ་དང་བཟང་སྤྱོད་ཀྱི་ཡོན་ཏན་ཡོད་པ་དེ་རུ་བདེ་སྐྱིད་དང་ཞི་བདེའི་སྣང་བ་རང་ཤུགས་ཀྱིས་འབྱུང་ཞིང་།གང་དུ་བྱམས་བརྩེ་དང་
གཞན་ཕན་གྱི་བསམ་པས་ཕོངས་པ་དེ་རུ་དཀའ་རྙོག་དང་སྡུག་བསྔལ་མང་བའི་ཆོས་ཉིད་ལ་རྟོག་དཔྱོད་ཞིབ་འཇུག་གིས་བྱམས་བརྩེ་དང་གཞན་
ཕན་གྱི་བསམ་བློའི་རིན་ཐང་ལ་གཙིགས་འཛིན་དང་གོང་སྤེལ་གཏོང་དགོས་པ།
༣། ནང་སེམས་ཁམས་ཀྱི་གནས་བབ་བཟང་ངན་ལས་ཕྱི་ལུས་ཁམས་ཀྱི་བདེ་ཐང་ལ་ཁྱད་པར་འགྱུར་ཚུལ་ར་སྤྲོད་བྱེད་པའི་ཚན་རིག་གི་གྲུབ་དོན་ཁག་
ལ་ཞིབ་འཇུག་གིས་མིའི་རིན་ཐང་དར་སྤེལ་གཏོང་དགོས་པ་བཅས་ཡིན།
གོང་བཀོད་འཇིག་རྟེན་གྱི་ཉེན་ཁ་ཆེན་པོ་ལྔ་དང་། ༸གོང་ས་མཆོག་གི་སྐུ་ཚེའི་ཐུགས་དམ་གྱི་ཉམས་ལེན་གསུམ། དེ་གསུམ་སྒྲུབ་བྱེད་ཀྱི་ཐབས་ལམ་གྱི་རིམ་པ་དེ་དག་༸གོང་ས་མཆོག་ནས་གཙོ་བོ་ཕྱི་རྒྱལ་གྱི་གདུལ་བྱར་གནང་བའི་དབྱིན་སྐད་ཐོག་གི་བཀའ་སློབ་ཁག་ཅིག་ལས་ཕྱོགས་བཏུས་ཀྱིས་བསྒྲིགས་པ་ཞིག་ཡིན་ཞིང་། ཐེངས་འདིར་བོད་ཡིག་ནང་གཏན་འབེབས་སྐབས་འགྱུར་ནོར་དང་དོན་ནོར་གྱི་འཁྲུལ་པ་མང་དག་ཅིག་ཡོད་ངེས་ལ་ཤེས་ལྡན་མཁས་པས་དཔྱད་ཞིབ་གནང་རྒྱུའི་རེ་བ་ཡོད་ལ། དམིགས་བསལ་ཐོག་མའི་གླེང་གཞི་དེས་ཁོ་བོ་རང་སྒེར་གྱི་མཐོང་ཚུལ་ཙམ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་རྒྱུ་ལས་༸རྒྱལ་བའི་དགོངས་ཕྱོགས་འདི་ཡིན་འདི་མིན་གྱི་ཐག་གཅོད་འགྲེལ་བཤད་བྱེད་ཀྱི་ཡོད་པར་ངོས་འཛིན་མི་མཛད་པར་ཞུ། རྒྱ་གར་ལྷོ་ཕྱོགས་བྷན་གཱལ་གྱི་མཚོ་མཐར་ཆགས་པའི་པོན་ཌི་ཅ་རིར་ཤེས་ཡོན་ཕྱོགས་བསྐྱོད་ལ་བསླེབས་པའི་བོད་ཁྱིམ་སློབ་མ་ཁག་ཅིག་ལ་༸རྒྱལ་བའི་དགོངས་གཞི་འགྲེལ་བརྗོད་སྐབས་ཕྱོགས་བསྒྲིགས་བྱས།