སྤྲུལ་འཁོར་སྐལ་བཟང་དོན་ལྡན།
ཆེད་འབུལ། བར་དེར་
ཕྱི་ལོ་ ༢༠༡༡ ལོའི་ཐེངས་གསུམ་པའི་བཀའ་ཁྲིའི་འོས་འདེམས་ཆེད་དུ་རང་གི་གཅེས་པའི་རྒྱལ་ཁབ་དང་། རང་ཉིད་བྱུང་སའི་བོད་ལྗོངས། རང་གི་བརྩེ་བའི་བོད་རིགས་མི་དམངས་ས་ཡ་དྲུག་གི་ཆབ་སྲིད་དང་། ཆོས་ལུགས། རིགས་གཞུང་། སྐད་ཡིག རང་དབང་སོགས་བོད་བསྟན་སྲིད་ཀྱི་སླད་དུ་རང་གི་ཤེས་ཡོན་དང་། ལྷག་བསམ། རྣམ་དཔྱོད། ཕུགས་བསམ། འགན་འཁུར་བཅས་ཀྱི་ཆེས་ལྕི་བའི་ངལ་བའི་ཁུར་ཆེན་ཕྲག་ཏུ་བླངས་ཏེ་ཐེངས་གསུམ་པའི་བཀའ་ཁྲིའི་འོས་གཞིར་ཕེབས་པར་སྙིང་ནས་ཡིད་རང་དང་བཀའ་དྲིན་ཆེ། ངས་ནམ་རྒྱུན་དུ་ག་ཚོད་ཐུབ་ཐུབ་ཀྱིས་འཛམ་གླིང་རྒྱལ་སྤྱི་དང་རྒྱ་དཀར་ནག བོད་དོན། གསར་འགྱུར། སྐབས་བབ་ཀྱི་གནས་ཚུལ་གང་སྤྱིར་དོ་སྣང་བྱེད་བཞིན་ཡོད། ཉེ་བའི་ཆར་རྡ་ས་ནོར་གླིང་གི་རྟེན་བཞེངས་ཆེན་མོ་བ་སྤེན་པ་རྡོ་རྗེས་སྐུ་ངོ་བཀྲས་མཐོང་ལགས་དང་སྐུ་ཉིད་ལ་ཆེད་དུ་སྤྲིངས་པའི་གནས་འཕྲིན་ཞིག་དྲྭ་ལམ་བརྒྱུད་ནས་བལྟ་ཀློག་དང་བསམ་གཞིགས་ལན་མང་བྱས་པའི་མཐར་གུས་པར་ཀྱང་། ཉམས་མྱོང་དང་ལྷག་བསམ་ཀྱིས་རབ་ཏུ་ཕྱུག་པའི་རྒད་པོ་ཁོང་དང་འདྲ་བར་ཁྱེད་དང་བོད་རིགས་མི་དམངས་ཀྱི་འབྱུང་འགྱུར་ཕུགས་བསམ་ལ་སྙིང་ནས་བརྩེ་བའི་བསམ་པས་ཀུན་ནས་བླངས་ཏེ་ཚིག་འགའ་སྙན་ལམ་དུ་ཞུ་འདོད་བྱུང་།
ཁྱེད་ནི་བློ་རིག་བཀྲ་ལ་ཤེས་ཡོན་གྱིས་རབ་ཏུ་ཕྱུག་ཅིང་བོད་མི་རིགས་ཀྱི་ལས་དབང་ཆེད་ལ་རྒྱ་ཆེ་བ་མ་ཟད་ད་དུང་རྒྱལ་གཅེས་དང་དམངས་གཅེས་ཀྱི་ལྷག་བསམ་ཆེ་ཞིང་དར་མའི་སོན་ཤུགས་ཀྱིས་དཔའ་ངར་རབ་ཏུ་རྒྱས་ཤིང་ད་དུང་ཁྱེད་ཀྱི་མ་འོངས་པའི་མདུན་ལམ་ནི་མཐོ་སྒང་རང་ཡུལ་བོད་ལྗོངས་ཀྱི་ཕ་གཞིས་ལྟར་ཡངས་ཤིང་རྒྱ་ཆེ་ལ་འོད་སྟོང་གངས་རིའི་མུ་འཁྱུད་ཀྱིས་རྭ་བས་ བསྐོར་བའི་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་ཆོལ་གསུམ་གོང་བུའི་ཡངས་བའི་ས་གཞིར་འབྱུང་འགྱུར་དུས་རབས་ཀྱི་འོད་སྟོང་འཕྲོ་བའི་ལམ་བུ་རྒྱ་ཆེར་ལྡན་ཡོད།
ཡིན་ནའང་ངས་ཡུན་རིང་ཞིབ་ཏུ་བསམ་གཞིགས་དང་དཔྱད་བསྡུར་ལན་མང་བྱས་པའི་མཐར་ད་ལྟའི་ཆར་ཁྱེད་རང་བཀའ་ཁྲི་གནང་རྒྱུ་ལས་གལ་ཆེ་བ་ཞིག་སྟེ། ཁྱེད་ཀྱིས་ལོ་ལྔའི་རིང་ངེས་པར་དུའང་བཙན་བྱོལ་བོད་གཞུང་གི་ནང་དུ་ཕྱག་སྤྲེལ་བཀའ་བློན་ཞིག་གི་ལས་འཁུར་གནང་ཐུབ་ན་ཁྱེད་ཀྱི་སྐུ་ཚེ་ཧྲིལ་པོའི་མ་འོངས་ཀྱི་མདུན་ལམ་དང་། ཕུགས་བསམ། དམིགས་ཡུལ། དེ་བཞིན་བཙན་བྱོལ་བོད་གཞུང་། ཕྱི་ནང་བོད་རིགས་མི་དམངས་ཀྱི་ལས་དབང་བཅས་ལ་བསམ་གཞིགས་རྣལ་མ་གཅིག་བྱས་ན་དགེ་མཚན་དེ་བས་ཆེ་བར་མངོན།
གལ་ཏེ་ཁྱེད་ལ་སྔོན་འགྲོ་ལྟར་དངོས་གཞིའི་འོས་ཤོག་གི་རྒྱལ་ཁ་ཆེན་པོ་ཞིག་འཐོབ་ན་ཁྱེད་ལ་བརྒྱབ་བསྐྱོར་གནང་མཁན་གྱི་མི་དམངས་རྣམས་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ངེས་ཡིན་ཀྱང་ད་དུང་ཤེས་ཡོན་དང་ཉམས་མྱོང་གིས་དམན་པའི་བུ་ཆུང་ངའི་བསམ་ཚུལ་ལྟར་བྱས་ན་ཁྱེད་ལ་དེ་བས་རྒྱལ་ཁ་ཆེན་པོ་ཞིག་འཐོབ་མེད་ལ་ད་དུང་ཁྱེད་ལ་བརྒྱབ་བསྐྱོར་གནང་མི་ཡོངས་ལའང་དེ་བས ་རྩ་བའི་རྒྱལ་ཁ་ཐོབ་མེད།
མི་སྒེར་དང་། ཁྱིམ་ཚང་། ཚོགས་པ། གཞུང་། རྒྱལ་ཁབ་བཅས་ཀྱི་ལས་དོན་ཆེ་ཆུང་གང་ཞིག་ཡིན་ནའང་འདྲ། ལྷག་ཏུ་བོད་ཀྱི་ཆབ་སྲིད་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་རྭ་བའི་དཀྱིལ་འཁོར་འདིི་ཧ་ཅང་གིས་རྒྱ་ཆུང་ཡང་ཁོར་ཡུག་འདིའི་ནང་གི་ལས་འགན་ནི་ཆེས་ལྕི་བའི་རི་ལྟ་བུ་ཞིག་ཡོད་པ་དེ་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། རང་བཙན་ཡོད་པའི་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ལས་ཀྱང་གངས་ཅན་སྐྱིད་གཤོངས་འདིའི་ནང་གི་ལས་འགན་ནི་དེ་བས་ཆེས་ལྕི་བའི་འཁུར་པོ་ཆེན་པོ་མང་དག་གཅིག་ཡོད་པ་སྟེ། བོད་དང་རྒྱ་ནག་གཉིས་ཀྱི་དཀའ་རྙོག གཞི་ལུས་བོད་འབངས་ཡོངས་ཀྱི་དཀའ་སྡུག གཞི་བྱེས་གཉིས་ཀྱི་འབྲེལ་བའི་དཀའ་ཚེགས། བཙན་བྱོལ་བོད་གཞུང་གི་འགན་འཁུར། རྒྱ་གར་གྱི་ནང་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞི་ཆགས་དང་། ཁ་ཐོར་བོད་མིའི་འཚོ་བ། དཔལ་འབྱོར། རིག་གཞུང་། ཤེས་ཡོན། སྐད་ཡིག གོ་རྟོགས། བལ་ཡུལ་དང་འབྲུག་ནང་ཡོད་པའི་བོད་མིའི་གནས་བབ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མིའི་འཚོ་གནས། བཙན་བྱོལ་བོད་གཞུང་དང་གནས་ཡུལ་རྒྱ་གར་གཞུང་གཉིས་ཀྱི་གནས་བབ། རྒྱ་གར་ཡུལ་མི་དང་སྐྱབས་བཅོལ་བོད་མིའི་གནས་སྟངས། བཙན་བྱོལ་བོད་གཞུང་དང་ཕྱི་རྒྱལ་རྒྱལ་ཁབ་ཁག བཙན་བྱོལ་གཞུང་དང་རྒྱལ་སྤྱིའི་གནས་བབ། རྒྱ་དཀར་ནག་དང་བོད་གཞུང་གསུམ་གྱི་གནས་བབ། བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། སྐྱིད་སྡུག དགོན་པ་གྲྭ་ཚང་། སློབ་གྲྭ་ཁག གཞུང་དང་མི་དམངས་ལ་སོགས་པའི་དཀའ་རྙོག་དང་དཀའ་ཚེགས་ཀྱིས་ཡོངས་སུ་ཁེངས་པའི་ལས་འགན་ཆེས་ལྕི་བ་འདི་འདྲས་མཚོན་ན་བཀའ་བློན་ཁྲི་པ་མཆོག་གི་ལས་འགན་ནི་དེ་བས་ཀྱང་ལས་སླ་པོ་གཅིག་གཏན་ནས་མིན།
དཀའ་ངལ་དང་། དཀའ་རྙོག དཀའ་ཚེགས། རྙོག་འཛིང་གིས་ཡོངས་སུ་ཁེངས་པའི་གངས་ཅན་སྐྱིད་གཤོངས་ཀྱི་རྭ་བ་འདིའི་ནང་དུ་གོང་གསལ་མདོར་ཙམ་ཐུགས་སྣང་ཞེན་བསྐུལ་གྱིས་ཚུལ་དུ་ཞུས་པ་འདི་དག་སེལ་དགོས་ན་ད་གཟོད་བཀའ་ཁྲི་མཆོག་གིས་དཀའ་ཚེགས་འདི་དག་ཇི་ལྟར་བྱས་ནས་སེལ་དགོས་སམ། དཀའ་ཚེགས་འདི་དག་བཀའ་ཁྲི་མཆོག་གིས་ཐབས་ལམ་ཇི་ལྟར་བྱས་ནས་སེལ་ཐུབ་བམ། ལས་འགན་ཆེས་ལྕི་བ་འདི་ཚོ་མི་དབང་བཀའ་ཁྲི་མཆོག་གཅིག་པུས་སེལ་ཐུབ་བམ། ཞེས་དྲི་བ་མང་དག་གཅིག་ད་དུང་ལྷག་ཡོད་དེ། དྲི་བ་གལ་ཆེ་བ་གཅིག་ནི་བཀའ་ཁྲི་མཆོག་གིས་དཀའ་ངལ་དང་ལས་འགན་ལྗིད་པོ་འདི་ཚོའི་རིགས་ལ་ཐག་གཅོད་ཇི་ལྟར་བྱེད་ཐུབ་བམ། རྒྱལ་ཁབ་དང་མི་རིགས་གཅིག་ཁ་ལོར་བསྒྱུར་མཁན་གྱི་ཆབ་སྲིད་པ་གཅིག་གིས་ངོས་ནས་བཤད་ན་ད་དུང་སྐུ་ཉིད་ལ་མགོ་ལུས་ཡོངས་སུ་ཚང་བའི་མཐུན་རྐྱེན་འཛོམས་ཡོད་དམ།
ལྷག་དོན་བཀའ་ཁྲི་མཆོག་ནས་གནད་དོན་གལ་འགངས་ཅན་དག་ཐག་གཅོད་ཇི་ལྟར་བྱེད་ཐུབ་མིན་དང་། ལས་དོན་ལྕི་མོ་འདི་དག་ལག་བསྟར་དོན་འཁྱོལ་བྱེད་ཐུབ་མིན། ད་དུང་དོན་དངོས་ཀྱི་ལས་དོན་ལེགས་གྲུབ་ཇི་ལྟར་དོན་ཐོག་ཡོང་ཐུབ་མིན། ཕྱིས་འབྱུང་མི་ལོ་ཧྲིལ་པོ་ལྔའམ་བཅུ་ཡི་ནང་དུ་སྐུ་ཉིད་ཀྱི་བཀའ་ཁྲིའི་དུས་ཡུན་རྫོགས་མཚམས་ད་དུང་ཁྱེད་ཀྱིས་དགོངས་དོན། འཆར་གཞི། རྣམ་དཔྱོད། ལྷག་བསམ། ལམ་སྟོན་སོགས་གནང་བའི་གནས་ལུགས་འདི་དག་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མངོན་གྱུར་དང། བྱས་རྗེས་ཇི་ཙམ་འཇོག་ཐུབ་མིན། དེ་ལས་ཕྱོགས་གཞན་ཞིག་ནས་བསྡུར་ན་ཁྱེད་ཀྱི་བྱས་རྗེས་དང་། འཇོན་ཐང་ཁྱེད་ཀྱི་ལས་ཀའི་ཁྲོད་ཀྱི་བྱས་ཉེས་དང་ནོར་འཛོལ་གཉིས་ཕྱིས་འབྱུང་བསྡོམས་ཚིག་དང་མཇུག་སྡོམ་གཅིག་བརྒྱབ་སྐབས་ད་གཟོད་སྐུ་ཉིད་བཀའ་ཁྲི་གནང་བ་དང་དེར་བརྒྱབ་སྐྱོར་གནང་མཁན་གྱི་མི་དམངས་རྣམས་ཀྱི་ཆེས་མཐར་ཐུག་གི་རྒྱལ་ཁ་ངོ་མ་དེ་ཐོབ་ཡོད་མེད་ད་གཟོད་གཞི་ནས་རྒྱལ་སྤྱི་དང་། རྒྱལ་ནང་། སྤྱི་ཚོགས། མི་དམངས་བཅས་ཡོངས་ཀྱིས་ཡང་སྙིང་ཤེས་ཡོན་དང་། འཇོན་ཐང་། ཉམས་མྱོང་། ཐབས་ཇུས། རྣམ་དཔྱོད། ལྷག་བསམ། དྲང་བདེན་ལ་སོགས་གང་འདྲ་ཞིག་ཡིན་མིན་དེ་གཞི་ནས་ངེས་ཤེས་བརྙེས་ངེས་རེད།
དེ་ལྟ་བུའི་འགག་འཕྲང་གི་གནས་སྐབས་སུ་ཁྱེད་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་། ཤེས་ཡོན་སྲིད་ཇུས། ཆོས་ལུགས། སྐད་ཡིག འཚོ་བ། གནས་བབ། དུས་བབ་སོགས་འགག་རྩའི་གནད་དོན་ཁག་ཐག་གཅོད་དང་ལས་དོན་ལེགས་གྲུབ་དོན་ཐོག་ཡོང་བར་ལྷན་ཁང་ཁག་གི་ཕྱག་སྤྲེལ་བཀའ་བློན་ལྷན་རྒྱས་དང་། དུང་ཆེ་རྣམ་པ། ཁྲིམས་ཞིབ་རྣམ་པ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། གཞིས་ཆགས་ཁག་གི་གཞིས་མགོ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། མདོར་ན་ཁྱེད་ཀྱིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དཀྱིལ་འཁོར་འདིའི་ནང་གི་འཕྲལ་སེལ་ལས་དོན་དོན་ཆུང་ཙག་གཅིག་གནང་དགོས་ནའང་ནང་དུ་བཀའ་ཁྲི་རང་ཉིད་ཀྱི་གནས་བབ་དང་ཕྱི་རོལ་ནས་གཞན་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་མིི་ཤུགས་དང་། སྒུལ་ཤུགས། ནུས་ཤུགས་སོགས་ཕྱི་ནང་གསང་གསུམ་གྱི་མཐུན་རྐྱེན་མང་དག་གཅིག་ངེས་པར་དུའང་འཛོམས་ཐུབ་པ་ཅི་ནས་ཀྱང་དགོས། དེ་ལྟར་སྐབས་བབ་ཀྱི་ཆ་རྐྱེན་དང་མཐུན་རྐྱེན་ཡག་པོ་མ་བྱུང་ཚེ་སྡུག་ས་ནས་བཤད་ན་བཀའ་ཁྲིའི་སེམས་ནས་བསམས་པའི་ལས་དོན་ཡོངས་རྫོགས་ལེགས་གྲུབ་ཡོང་རྒྱུ་ཕར་བཞག་ད་དུང་རང་ཉིད་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལུས་སྲིད་པའི་ཉེན་ཁའང་མེད་པ་མིན།
དེ་ལྟ་བུའི་ཆེས་རླབས་ཆེན་གྱི་མི་སྣ་བཟང་པོ་གཅིག་བྱས་ཏེ་མ་འོངས་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་གསེར་གྱི་ཐང་མའི་ནང་དུ་སྐུ་ཉིད་ཀྱི་མཛད་རྗེས་དང་དགེ་མཚན་ནམ་ཡང་བསྐལ་པར་གནས་དགོས་ན་ད་རེས་ཁྱོད་ཀྱི་བཀའ་ཁྲི་ཐེངས་གསུམ་པའི་དངོས་གཞིའི་འོས་འདེམས་མ་བྱས་གོང་ནས་དགོངས་ཞུ་གནང་ནས་ཤེས་ཡོན་དང་། ཉམས་མྱོང་། ལྷག་བསམ། འཇོན་ཐང་། གྲུབ་འབྲས། དྲང་བདེན། ཕུགས་བསམ་བཅས་ཀྱི་རབ་ཏུ་ཕྱུག་པའི་བཀའ་ཟུར་བཀྲས་མཐོང་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་དེ་ཕུལ་ཐུབ་ན་དེ་ནི་ཁྱེད་རང་ཕམ་པ་ཞིག་རྩ་བ་ནས་མ་ཡིན་པར་ད་དུང་རང་ཉིད་ཀྱི་མི་ཚེ་བསྐྱལ་ལས་བསྐྱེལ་རྒྱུ་མང་བའི་མདུན་ལམ་གྱི་གནས་བབ་ཐད་ལ་དེ་བས་སྲ་བརྟན་དང་རྒྱལ་ཁ་ཞིག་བསྐྲུན་ཐུབ་ངེས་ཡིན།
གང་ཡིན་ཟེར་ན་ཁྱེད་ཀྱིས་མཁྱེན་གསལ་ལྟར་དཔེརན། ༡༩༢༡ ལོར་ནས་རྒྱ་ནག་དམར་ཤོག་བཙུགས་པ་ནས་བཟུང་གི་ལོ་རྒྱུས་ཁྲོད་དུ་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་སྐབས་གཅིག་རིང་གུང་མིང་ཏང་གིས་དམག་དཔུང་གི་ཉེན་ཁ་ལས་གཡོལ་ཐབས་ཆེད་ལེ་དབར་བརྒྱད་ཁྲིའི་རྒྱང་བསྐྱོད་ཅེས་མིང་བཏགས་ནས་སྐབས་ཤིག་རིང་ཕྱི་བཤོལ་དང་ངང་བསྒུགས་བྱས་པའི་ཐབས་ཇུས་ཀྱི་རང་བཞིན་ལས་མཐར་གུང་ཁྲན་ཏང་ལ་རྒྱལ་ཁ་ཆེན་པོ་ཞིག་འཐོབ་སྟེ་ ༡༩༤༩ ། ༡༠། ༠༡ ཉིན་རྒྱ་ནག་རྒྱལ་ཁབ་དང་རྒྱ་མི་རིགས་འཛམ་གླིང་སྟེང་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁ་ཡོངས་སུ་བླངས་ཐུབ་པའི་ལོ་རྒྱུས་ཡོད།
ད་དུང་ཁྱེད་ཀྱིས་རང་ཉིད་ཀྱི་རྣམ་དཔྱོད་དང་། ཐབས་ཇུས། དཔྱད་ཞིབ་གཏིང་གཟབ་གཅིག་གཏོང་ཐུབ་པ་དགོས་ཏེ་དེ་ནི་མདོར་བསྡུས་ནས་བཤད་ན་ཁྱེད་ཀྱི་མི་ཚེའི་ཧྲིལ་པོའི་མ་འོངས་པའི་མདུན་ལམ་དང་ཡོངས་སུ་འབྲེལ་བ་ཡོད། དེ་མིན་ཕྱི་རོལ་ནས་ང་ཐེ་བའི་དཔྱད་ཞིབ་གནང་མཁན་དང་། བློ་ཟུར་བོར་གནས་པའི་ཉམས་ཞིབ་མཁན། ལྷག་བསམ་དུང་ལས་དཀར་བའི་མི་རྒན་ཉམས་མྱོང་གིས་ཕྱུག་པའི་ནོར་གླིང་གི་རྟེན་བཞེངས་ཆེན་མོ་བ་སྤེན་པ་རྡོ་རྗེ་ལགས་སོགས་མི་སྣ་མང་དག་གཅིག་གིས་ཁྱེད་ཀྱི་འབྱུང་འགྱུར་སྐུ་ཚེ་ཧྲིལ་པོའི་མདུན་ལམ་དང་ཕུགས་བསམ་ལ་སེམས་གཏིང་ནས་ཤ་ཚ་བའི་སྙིང་གཏམ་ཤོད་མཁན་དང་ཞུ་མཁན་མང་པོ་འདུག དེ་ནི་ཁ་ཆེ་ཕ་ལུ་ལས་བཤད་པ་ལྟར་ལོ་མང་སོང་བའི་རྒད་པོའི་ཁ་ལ་ཉོན། །སྐྱིད་སྡུག་མང་པོ་མྱོང་བའི་མི་རྒན་རེད། ། ཅེས་དང་ཡང་། ལྕགས་ཀྱི་ལྕགས་རིའི་མཚམས་སུ་སླེབས་པའི་དུས། །གཞོན་པའི་ཤེད་ལས་རྒད་བུའི་ཇུས་ཆ་བཟང་། །ཞེས་གནས་ལུགས་ཡ་མཚན་ཅན་མང་པོ་ལྡན་ཡོད། དེ་ནི་ངས་ཐེངས་གསུམ་པའི་བཀའ་ཁྲིའི་འོས་གཞིར་ཕེབས་པའི་ཁྲི་ཟུར་བཀྲས་མཐོང་མཆོག་ལ་དགའ་ཞེན་བྱས་པ་ཞིག་གཏན་ནས་མ་ཡིན་པར་གནད་དོན་འདི་ཚོར་ཁྱེད་ཀྱིས་དགོངས་པ་དཀྱེལ་ཡངས་དང་གཏིང་གཟབ་པོ་བཞེས་ཐུབ་ན་དོན་སྙིང་ཧ་ཅང་གི་ཆེན་པོ་ཞིག་ལྡན་ཡོད།
ད་དུང་ངས་ཀྱང་རང་ཉིད་བོད་རིགས་གཅིག་དང་། ནང་པ་ཐེབ་ཅག་གཅིག་ཡིན་པའི་ངོས་ནས་སྐྱེས་ནས་མ་ཤི་བར་དུ་རང་ནུས་ཏིལ་འབྲུ་ཙམ་ལས་མེད་ན་ཡང་མཁྱེན་རླབས་དང་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་བོད་དང་། བོད་འབངས། འཛམ་གླིང་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཆེས་རླབས་ཆེ་ལ་བླ་ན་མེད་པའི་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེའི་ལམ་སྟོན་གཞིར་བཟུང་ཐོག་བཞུགས་སྒར་རྡ་རམ་ས་ལར་སྐུ་འཚོ་ཞིང་བཞེངས་པའི་བཙན་བྱོལ་བོད་གཞུང་གི་དགོངས་དོན་གཞིར་བཞག་ཐོག་ནས་ཉེ་དགའ་ཕྱོགས་རིས་སོགས་གང་ཡང་མེད་པར་བྱ་དངོས་ཡོད་ཚད་དངོས་ཡོད་བདེན་དོན་ལ་གཞིར་བཞག་ནས་གསོས་སྨན་ལྟ་བུར་ནད་ཐོག་སྨན་ཁེལ་གྱིས་ཁྱེད་ཀྱི་མ་འོངས་པའི་སྐུ་ཚེ་ཧྲིལ་པོའི་མ དུན་ལམ་ཐད་གྲུབ་འབྲས་དང་། བྱས་རྗེས། བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་པ་བཅས’
བོད་གཞུང་དབུས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་ཁང་གི་སྨན་པ་ཡར་འབྲོག་གམ་པ་སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་ཕྱི་ལོ་ ༢༠༡༡། ཟླ་ ༠༢། ཚེས་ ༢༥ ཉིན།
མཛའ་བརྩེའི་གུས་བཏུད་དང་བཅས།
ཕུལ།
རྣམ་དཔྱོད་ཡངས་པའི་སྤྲུལ་འཁོར་སྐལ་བཟང་དོན་ལྡན་ལགས།བཀྲིས་བདེ་ལེགས།
ཀ༽སྐུ་ཉིད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ་བདག་ཅག་ཀྱང་ཡི་རངས་ཤིང་གང་གསུངས་པར་མངོན་པར་བསྟོད་ཅིང་རྒྱབ་སྐྱོར་ཞུ་བ་ལགས།གང་ཉིད་ཀྱིས་བོད་ཀྱི་མི་རིགས་དང་།བོད་ཀྱི་རྩ་དོན།བོད་ཀྱི་མ་འོངས་པར་ཁ་ཕྱོགས་པའི་དགོངས་པ་རླབས་ཆེན་ཞིག་བཞེས་ནས་སྙིང་སྟོབས་ཆེན་པོས་གཡོ་ཟོལ་མེད་པར་འབོད་སྐུལ་དེ་འདྲ་ཞིག་གནང་བ་ནི་དུས་ལ་བབ་པ་དང་།གནད་ལ་འཁེལ་པོ་གསུངས་འདུག་པས།བོད་མི་མང་གིས་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་ལགས།
ཁ༽ངའི་རེ་བར་ད་རེས་བློ་བཟང་སེང་གེ་ལགས་ཀྱིས་ཕྱག་རོགས་བཀའ་བློན་དུ་ཕེབས་ནས་ཆབ་སྲིད་དང་བོད་ནང་གི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་གནད་འགག་ཆེ་བའི་ཕྱི་དྲིལ་བཀའ་བློན་གནང་ཐུབ་ན་དགེ་མཚན་ཆེན་པོ་མཐོང་བ་མ་ཟད།ལོ་ལྔའི་རིང་བཀའ་བློན་ཕྱོགས་གནང་རིང་གཤམ་གསལ་ཁག་ལ་ཉམས་མྱོང་དང་སྦྱོང་བརྡར་ཐོབ་རྒྱུ་རེད།
༡༽འཛིན་སྐྱོང་དོ་དམ་ལ་ཉམས་བསགས་རྒྱུ་དང་།
༢༽ཤེས་ཡོན་ཐད་བོད་ཡིག་ལ་སྦྱོང་བརྡར་ཐེབས་རྒྱུ།
༣༽ལས་རིགས་སྤྱི་ཡོངས་ལ་ཉམས་མྱོང་བསགས་རྒྱུ།
༤༽གལ་ཆེ་བའི་མི་སྣའི་རྙོག་རྫིང་གི་འབྲེལ་བ་རྒྱུས་ལོན་བྱ་རྒྱུ།
༥༽གྲོས་ཚོགས་ལ་ལས་དོན་སྙན་ཞུ་དང་དྲི་བ་དྲིས་ལན་གནང་རྒྱུ་སྦྱོང་བརྡར་ཐེབས་རྒྱུ།
༦༽ལྷག་བསམ་ཐད་མི་མང་ལ་ཡིད་ཆེས་བསྐྲུན་རྒྱུའི་གོ་སྐབས་གལ་ཆེན་ཞིག་ཡིན་པ།
༧༽རྟ་ལ་རྒྱུག་རྒྱུ་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་བ་ལྟར་འཇོན་ཐང་སྟོན་པའི་གོ་སྐབས་ཡིན་པ།
༨༽ལྟ་བ་དང་ལངས་ཕྱོགས་གསལ་སྟོན་ཡོང་གི་གནང་ཐུབ་པ།
༩༽གསར་གཏོད་ཀྱི་རྨང་གཞི་གཏིང་ཐུབ་པ།
༡༠༽གོང་གི་གནད་དོན་དེ་དག་སྦྱོང་བརྡར་དང་ཉམས་མྱོང་ཐོབ་སོང་ན་སྐབས་རྗེས་མའི་བཀའ་ཁྲིར་གཟི་བརྗིད་ལྡན་པའི་ངང་འདེམས་ཐོན་ཐུབ་རྒྱུ་རེད།
རྒྱུ་མཚན་དེའི་ཕྱིར་འབྲེལ་འབུ་རམས་པ་བློ་བཟང་སེང་གེ་ལགས་དང་གང་ཉིད་ལ་རྒྱབ་སྐྱོར་བ་ཚང་མས་དཀྱེལ་ཡངས་ཀྱི་དགོངས་པ་བཞེས་པའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན།
ངས་ལས་བྲེལ་གྱིས་རྐྱེན་པས་ཡིག་ནོར་ཁ་ཤས་ཤོར་འདུག་པ་དེ་དག་ནི།
ཁ༽ལོ་ལྔའི་རིང་བཀའ་བློན་ཕྱོགས་ཞེས་པ་འདི་(ཕྱག་རོགས་)ཞེས་པ་དང་
ཨང་༡ཉམས་ཞེས་པར་(ཉམས་མྱོང་)ཞེས་པ།
ཨང་༡༠ཡང་འབྲེལ་འབུ་ཞེས་པ་འདི་(འབྲེལ་ཡོད་འབུམ་རམས་)ཞེས་པར་བཅོས་རོགས་ཞུ།ཐུགས་རྗེ་ཆེ།
ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་མཆོག་ལ་རྒྱུར།
གུས་པས་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་ཅིག་ཁྱེད་ཚོའི་ཁ་བྱང་ཐོག་ཐེངས་གཉིས་བཏང་ཡོད་པས་དྲ་སྟེང་དུ་བཀོད་སྤེལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།
ངས་ནི་བློ་སེང་བཀའ་བློན་གྱི་ཕྱག་རོགས་བྱེད་རྒྱུ་ལའང་རྒྱབ་སྐོར་རྩ་བ་ནས་མེད། གང་ཡིན་ཟེར་ན། བཀའ་ཁྲི་བྱེད་མ་ཐུབ་ན་བོད་དོན་ཆེད་ལས་ཀ་བྱེད་ཀྱི་མིན་ཞེས་ཁོ་རང་གི་ཁ་ནས་གསལ་པོར་བཤད་ཟིན་ཅིང་། ཚིག་འདིས་ཁོ་པས་ང་ཚོ་བོད་མི་དམངས་ལ་མཐོང་ཆུང་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་སྦྱིན་མྱོང་། དེ་འདྲ་སོང་ཙང་ཁོ་ལ་བཀའ་ཁྲིའི་ཕྱག་རོགས་ལ་ཡོང་དགོས་ཟེར་མཁན་འདི་ཚོ་ལ་ཡང་རིགས་གཉིས་ཡོད་པར་སེམས། དང་པོ་ནི་མགོ་བདེ་བའི་སྐབས་འཚོལ་རིང་ལུགས་པ་དང་། གཉིས་པ་ནི་མི་རིགས་ལ་དུང་ཞེན་ཆེ་ཡང་རིག་པ་དྭངས་གསལ་གྱི་དབྱེ་ཞིབ་བྱེད་མི་ཐུབ་མཁན་གྱི་རིགས་གཉིས་སུ་འདུས་ཡོད། རིགས་དང་པོ་འདི་ཉིད་ཧ་ཅང་མགོ་བདེ་པོ་དང་། ད་ཆ་བློ་སེང་ལ་བཀའ་ཁྲི་ཐོབ་རྒྱུའི་རེ་བ་དེ་ཙམ་མེད་པ་མཐོང་མཁན་གྱི་ཚོར་སྣང་སྐྱེན་པའི་རིགས་ཤིག་རེད། གཉིས་པ་ནི་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གི་བློ་རྩལ་ཡོངས་སུ་རྫོགས་མེད་ཀྱང་། བོད་ལ་ལྷག་བསམ་དཀར་བ་དང་། བླ་ོསེང་གི་མི་གཤིས་ལ་རྒྱུས་ལོན་མེད་པ། དངོས་ཐོག་བདེན་འཚོལ་མི་ཐུབ་མཁན་གྱི་རིགས་རྣམས་རེད། གང་ལྟར་འདི་གཉིས་ཀས་བློ་སེང་བཀའ་ཁྲིའི་ལས་རོགས་སུ་འདོད་པ་མཚུངས་ཀྱང་ཀུན་སློང་དང་། མ་འོངས་ཀྱི་རེ་འདུན། ཁོ་ཚོའི་བསམ་བློའི་རྒྱབ་ལྗོངས་སོགས་ནི་ཤར་ནུབ་ལྟར་འགལ་བ་ལྟག་སྤྲོད་དུ་གནས་ཡོད་པ་ཤེས་ཀྱི་ཡོད་དམ།