མང་ར་བ་གདུགས་དཀར་འབུམ།
བོད་རྒྱ་འབྲེལ་མོལ་ཐད་ཨ་རིར་བཅའ་སྡོད་རྒྱ་རིགས་ཞའོ་བེས་ལགས་ཀྱི་བསམ་ཚུལ། བོད་རྒྱ་བར་འབྲེལ་མོལ་ཐེངས་བདུན་བྱས་ཟིན། མི་འགྱངས་པར་ཐེངས་བརྒྱད་པ་དེ་བྱེད་རྒྱུ་རེད། ཡིན་ནའང༌། སྔོན་གྱི་འབྲེལ་མོལ་ཐེངས་བདུན་པོའི་གནས་སྟངས་ལ་བལྟས་ན། གུང་ཁྲན་ཏང་ལ་རྩ་བ་ཉིད་ནས་ལྷག་བསམ་མི་འདུག རྒྱུ་མཚན་ནི། ཁོ་ཚོས་བཙན་བྱོལ་བོད་གཞུང་དེ་འདྲ་མཉམ་དོ་ཟླ་ཞིག་ལ་ངེས་འཛིན་གནང་མེད། ཁོ་ཚོས་རྒྱལ་ནང་གི་ཁྱབ་བསྒྲགས་ནི་བོད་པ་འགའ་རྒྱལ་ནང་དུ་འཚམས་འདྲིར་ལོག་པ་དང༌། ཐུགས་ཁུར་གཟབ་བཞེས་གནང་བཞིན་པ་སོགས་རེད། ཁོ་ཚོས་ད་ལྟའི་བར་དུ་བཙན་བྱོལ་བོད་གཞུང་ཟེར་བའི་མིང་ཙམ་ཡང་གླེང་གི་མེད། དེ་ནི་ངས་བསམ་ན་ཆབ་སྲིད་ཀྱི་སྟེང་ནས་འདྲ་མཉམ་ཞིག་མ་རེད། དེ་མིན། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས། ཁོང་ཚོ་ལྷག་བསམ་རྣམ་དག་རེད། ཀྲུང་གོའི་གནད་དོན་སྣ་ཚོགས་སེལ་ཐུབ་པའི་རེ་བ་བྱེད་བཞིན་འདུག ཡིན་ནའང༌། ཀྲུང་གོ་གུང་ཁྲན་ཏང་གི་བསམ་འདུན་ནི་གླེང་མོལ་གྱི་སྟེགས་བུའི་སྟེང༌། གླེང་མོལ་ལས་ལོག་པའི་ལས་དོན་ཞིག་ཐོབ་པའི་ཆེད་དུ་ལས། ཁོ་ཚོས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་གནང་གི་མེད། དེ་བས། ངས་བསམ་ན་ཁོ་ཚོའི་འབྲེལ་མོལ་གྱི་དམིགས་ཡུལ་ཉག་གཅིག་ནི་ཨོ་ལིམ་རྩེད་འགྲན་གྱི་སྔོན་དུ་གུ་ཡངས་བའི་རྣམ་པ་ཙམ་སྟོན་ཆེད་དང༌། རྒྱལ་སྤྱིའི་རྒྱབ་སྐྱོབ་ཐོབ་ཆེད་རེད། དངོས་དོན་ཐོག་ཁོ་ཚོས་ལག་ལེན་དུ་འཁེལ་བཞིན་པ་ནི་དུས་འགྱངས་ཀྱི་འཐབ་ཇུས་ཤིག་རེད། ངས་མཐའ་གཅིག་ཏུ་ཐག་གཅོད་ཐུབ་པ་ཞིག་ལ། ཨོ་རྩེད་རྗེས་སུ་ཀྲུང་གོའི་སྐམ་ས་ཆེན་པོའི་ཕྱོགས་ནས། ཁོ་ཚོས་རྣམ་འགྱུར་དེ་སྔར་ལས་ཇེ་དྲག་དུ་འགྱུར་རྒྱུ་དང༌། དེར་མ་ཟད། སྔོན་མ་ནང་བཞིན་འབྲེལ་མོལ་གནང་རྒྱུའི་བསམ་འདུན་རྩ་བ་ཉིད་ནས་ཡོད་པ་མ་རེད། ངས་བལྟས་ན་བཙན་བྱོལ་བོད་གཞུང་གི་ངོས་ནས་ངེས་པར་དུ་ཆ་རྐྱེན་འདོན་དགོས་སྟེ། སྔར་ཧོ་ཅིན་ཐོའི་དང་བིན་ཅ་པོའོ་ཁོ་ཚོས་ཀྱང་འབྲེལ་མོལ་གྱི་རེ་བ་བཤད་མྱོང་བ་ལྟར། ཧོ་ཅིན་ཐའོ་དང་བུ་ཅ་པོའོ་ཡིས་ཏཱ་ལའི་བླ་མ་དང་ཐད་ཀར་འབྲེལ་མོལ་གནང་རྒྱུ་དང༌། ཏཱ་ལའི་བླ་མ་པེ་ཅིང་དུ་གདན་ཞུ་བྱེད་རྒྱུ། ཡང་ན། རྒྱལ་ཁབ་གཞན་ཞིག་དུ་འབྲེལ་མོལ་གནང་རྒྱུ་ལ་སོགས་པའི་དགོས་འདུན་འདོན་དགོས་པ་དེ་རེད། གུང་ཁྲན་ཏང་གིས་དེ་ལྟར་སྒྲུབ་ནུས་སམ། ངས་བལྟས་ན་གུང་ཁྲན་ཏང་གིས་རྩ་བ་ཉིད་ནས་སྒྲུབ་ནུས་རྒྱུ་མ་རེད། དེ་བས་བཙན་བྱོལ་བོད་གཞུང་གི་ངོས་ནས་གུང་ཁྲན་ཏང་གིས་འཛིན་པའི་དུས་འགྱངས་ཀྱི་རྣམ་འགྱུར་དེ་ལ་བསམ་བློ་གཏོང་དགོས། ངས་བལྟས་ན་མུ་མཐུད་འདི་ལྟར་སོང་ན་བཙན་བྱོལ་བོད་གཞུང་གི་ཕྱོགས་ལ་ཕན་ཐོག་གཅིག་ཀྱང་ཡོད་མི་སྲིད། ངེས་པར་དུ་བཙན་བྱོལ་བོད་གཞུང་གིས་ངོས་ནས་མྱུར་དུ་བསམ་ཞིབ་གནང་དགོས། གལ་ཏེ་ཀྲུང་གུང་ལ་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་བྱེད་འདོད་མེད་ཚེ་འབྲེལ་མོལ་དེ་མཚམས་འཇོགས་བྱས་རྗེས། སྔར་ལས་ལྷག་པའི་རྒྱལ་སྤྱི་རང་བཞིན་ཅན་གྱི་ལས་འགུལ་སྤེལ་དགོས། དེ་དང་དུས་མཚུངས་སུ་ཀྲུང་གུང་གི་ངན་གཡོ་ལྐོག་ཇུས་ལ་རྣམ་འགྱུར་དྲག་པོ་སྟོན་དགོས།