ནུབ་ཕྱོགས་སུ་བོད་བརྒྱུད་ནང་ཆོས་དད་ལྡན་པའི་སྤྱི་ཚོགས་ཀྱི་ཁོངས་སུ་འཛུལ་མཁན་ལ་རིགས་མི་འདྲ་བ་ཁ་ཤས་ཤིག་འདུག ཡག་ཤོས་ཁག་ཅིག་ཡོད་པ་ནི་ཆོས་རྒྱམ་དྲུང་པས་བཙུགས་པའི་ནྰ་རོ་བ་མཐོ་སློབ་དང་བལ་ཡུལ་གྱི་ཆོས་ཀྱི་ཉི་མའི་བཤད་གྲྭ མཁན་པོ་ཨ་པད་ཀྱི་རྒྱལ་ཡོངས་ས་ཆེན་བཤད་གྲྭ་ལྟ་བུ་ནས་ནང་ཆོས་ཀྱི་སློབ་གཉེར་གང་འཚམ་རེ་བྱས་ནས་ནང་པའི་ཆོས་ཀྱི་སྐྱབས་འགྲོ་ནས་ཡེ་ཤེས་ཆོས་སྐུའི་བར་དུ་འགྲེལ་བཤད་གང་ལ་གང་འཚམ་རེ་རྒྱག་ཐུབ་པ་སྐོར་ཞིག་དང་། འབྲིང་རིམ་པ་དག་ནི་དང་པོར་ཡེ་ཤུའི་ཆོས་ལ་དད་པ་བྱས། དེ་ནས་ཡེ་ཤུའི་ཆོས་ཀྱིས་འདོད་པ་མ་ཁེངས་པར་ཆོས་ལུགས་གཞན་པ་ག་རེ་ཡག་པ་བསམས་ནས་རྩད་གཅོད་བཏང་བའི་མཐའ་མར་ནང་པའི་ཆོས་ཀྱིས་ཡིད་དབང་ཕྲོགས་ཏེ་ནང་པར་འཛུལ་ནས་སློབ་གཉེར་བྱེད་བཞིན་པ་ཁྱུ་ཞིག་དང་། དེ་བཞིན་དང་པོ་ནས་ཆོས་ལུགས་ཅི་ཡང་མེད་པ་དང་། རང་རང་གི་གྲོགས་པོ་དང་ཉེ་འབྲེལ་ལྟ་བུས་མཚམས་སྦྱོར་བྱས་ནས་ནང་པར་ཞུགས་པ་ལྟ་བུ། མཐའ་མ་དེ་ནི་ཐ་མག་ཉལ་ཐ་དང་མེ་རོ་ཝ་ན་སོགས་སྨྱོ་སྨན་འདྲ་མིན་ཟོས་ནས་སེམས་པ་ཐང་ཐང་མེད་པ་ཆགས་རྗེས་སྤྱི་ཚོགས་ཀྱི་གྲས་སུ་མ་ཚུད་པའི་སྡུག་བསྔལ་སེལ་ཆེད་དུ་ནང་པའི་སྤྱི་ཚོགས་འདི་སྒོ་གང་ས་ནས་ཀུ་ཡངས་པས་དེ་རུ་བརྒྱུགས་ནས་ཁ་ཡ་བྱེད་མཁན་རེ་ཨེ་རྙེད་ཀྱི་རེ་བ་འཆང་མཁན་ཡང་ཁྱུ་ཞིག་ཡོད་པ་རེད། གོང་གསལ་འདི་ཚོའི་ནང་དུ་ཡང་རང་རེ་བོད་པ་ནང་བཞིན་དུ་ཐོས་བསམ་སྒོམ་གསུམ་བྱེད་མཁན་སྐོར་ཞིག སྒོམ་གཅིག་པོར་དགའ་མཁན་སྐོར་ཞིག བླ་མ་རེའི་དྲུང་ནས་གསང་སྔགས་ཀྱི་དབང་སྐུར་རེ་ཞུས་ནས་འདོད་པ་ཚིམས་ནས་སྡོད་མཁན་སོགས་འདྲ་མིན་འདུག ངའི་ངོ་ཤེས་པའི་ཁྲོད་དུ་ཕ་མ་ཁོ་རེ་ཡ་ནས་ནང་པ་དང་དེ་ནས་འདིར་ཡོང་སྟེ་ཡེ་ཤུ་ཆགས། དེ་དག་གི་བུ་ཕྲུག་དང་པོར་ཡེ་ཤུ་བ་དང་དེ་ནས་རང་རེའི་བོད་ཀྱི་ནང་པ་ཆགས་པ་ཡང་རེ་ཟུང་ཡོད་ལ། ཡེ་ཤུ་དང་ནང་བ་གཉིས་ཀར་དད་པ་བྱེད་མཁན་ཡང་སྐོར་ཞིག་འདུག་ཅིང་། དེ་ཚོའི་མཆོད་ཁང་ནང་དུ་ཡང་ཡེ་ཤུ་དང་སྟོན་པ་ཤྰཀྱ་ཐུབ་པ་གཉིས་ཀའི་སྐུ་འདྲ་འདུག དེ་བཞིན་མཚན་མཐུན་ཆགས་སྤྱོད་བྱེད་མཁན་རེག་དུག་ཕོག་སྟེ་སྨན་པས་ཟླ་བ་དྲུག་གི་རྗེས་སུ་འཆི་གི་རེད་ཟེར་བ་ལ་བརྟེན་ནས་བོད་པའི་བླ་མ་ཆེ་གེ་མོར་ཞུས་པས་རྒྱ་གར་དུ་གནས་སྐོར་ལ་རྒྱུགས་གསུངས་པ་བཞིན་བྱས་པས་ལོ་མང་རིང་མ་ཤི་བར་ནང་པའི་ཆོས་ལ་སྒོམ་སྒྲུབ་བྱེད་མཁན་ཡང་འདུག དེ་བཞིན་དང་པོར་མཚན་མཐུན་ཆགས་སྤྱོད་པ་དང་། དེ་ནས་བོད་པའི་ནང་ཆོས་ལ་ཞུགས་ནས་དགེ་སློང་བསྒྲུབས་ཏེ་ཤ་སྒོག་གཏན་སྤངས་ཀྱིས་ཆོས་སྒྲུབ་མཁན་ཞིག་ཀྱང་ཡོད། དེ་བཞིན་བོད་ཀྱི་བླ་མ་རེའི་མདུན་ནས་ཆོས་སྦྱངས། བླ་མ་དེས་མཁན་པོ་དང་སློབ་དཔོན་གྱི་མིང་རེ་སྤྲད། དེ་ནས་རང་རང་གི་སྒེར་གྱི་ཆོས་ཚོགས་རེ་བཙུགས་ནས་ནང་ཆོས་ནུབ་ཕྱོགས་པར་ངོ་སྤྲོད་བྱེད་མཁན་ཡང་འདུག ནུབ་ཕྱོགས་པའི་ནང་ན་ཆོས་སྟོན་མཁན་ཨ་ནེ་སྐད་གྲགས་ཆེན་པོ་ཅན་ཞིག་ཡོད་པ་ནི་པད་མ་ཆོས་སྒྲོན་ཞེས་པ་འདི་ཡིན་ཞིང་། དང་པོར་དགེ་རྒན་ཞིག་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་སློབ་མ་ཆགས་ནས་ནང་ཆོས་ཀྱི་དེབ་བཅུ་ཕྲག་མང་པོ་བྲིས་ནས་ད་ལྟ་འཛམ་གླིང་ན་གྲགས་པ་འདུག དེ་བཞིན་ཐུབ་བསྟན་ཆོས་སྒྲོན་ཟེར་བའི་དགེ་ལུགས་པའི་ཨ་ནེ་ཆོས་སྟོན་མཁན་ཞིག་ཀྱང་འདུག་ལ་ལོ་འགའི་སྔོན་ཨ་ནེའི་དགོན་པ་ཞིག་ཀྱང་བརྒྱབ་སོང་། གོང་ས་མཆོག་གི་གསུང་དེབ་དག་ནི་ནུབ་ཕྱོགས་ཤེས་རིག་གི་འཇིག་རྟེན་འདི་རུ་ཉི་མ་བཞིན་ནམ་ཡང་འོད་སྟོང་འབར་བཞིན་པ་དང་། ནུབ་ཕྱོགས་ཀྱི་བོད་པའི་ཆོས་ཚོགས་མང་ཆེ་བ་རྙིང་མ་དང་བཀའ་རྒྱུད་པར་གཏོགས།
བླ་མ་བཟོད་པ་རིན་པོ་ཆེ།
ཆོས་རྒྱམ་དྲུང་པ་རིན་པོ་ཆེ།
གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ།
ཨ་ནེ་པད་མ་ཆོས་སྒྲོན།
ཨ་ནེ་ཐུབ་བསྟན་ཆོས་སྒྲོན།
དཔེར་ན་ནྰ་རོ་པ་མཐོ་སློབ་ནས་མཆེད་པའི་ཤམ་བྷ་ལ་ཆོས་ཚོགས་དག་དང་། རྙིང་མའི་བསོད་རྒྱལ་རིན་པོ་ཆེའི་ལས་རབ་གླིང་ནས་མཆེད་པའི་རིག་པ་ཆོས་ཚོགས་དག་གང་སར་འདུག ས་སྐྱ་ཏོག་ཙམ་ཡོད་ལ་ཨོ་སི་ཁྲི་ལི་ཡར་ས་སྐྱའི་ཆོས་ཚོགས་མང་ཤོས་རེད་ཟེར། དགེ་ལུགས་པའི་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་འཛམ་གླིང་དུ་ཁྱབ་ཡོད་ལ། དེ་དག་མ་གཏོགས་ནུབ་ཕྱོགས་སུ་དགེ་ལུགས་པའི་ཆོས་ཚོགས་གྲངས་འབོར་ཆེན་པོ་ཞིག་མེད། དོལ་བཤེས་སྐལ་བཟང་རྒྱ་མཚོའི་རྗེས་འཇུག་པ་དང་ཚོགས་པ་དག་ཀྱང་བཀའ་གདམས་གསར་མ་ཡིན་ཟེར་ནས་ཆར་རྗེས་ཀྱི་ཤ་མོ་བཞིན་གང་སར་ཁྱབ་ཡོང་གིན་འདུག བླ་རྒན་དེས་ཀྱང་དབྱིན་ཇིའི་ནང་སྤྱོད་འཇུག་འགྲེལ་བཤད་ལ་སོགས་པའི་དེབ་མང་བྲིས་ཏེ་ནུབ་ཕྱོགས་སུ་སྐད་གྲགས་ཕྲན་བུ་ཡོད་ལུགས་འདུག་ལ། བླ་གཟུགས་དེའི་རྗེས་འཇུག་པའི་ཁྲོད་དུ་སྡོམ་པ་ཡོད་མེད་གང་ལྟར་གྲྭ་གཟུགས་བཙུན་གཟུགས་གང་མང་ཞིག་འདུག ཡིན་ན་ཡང་འདི་ཚོས་ནང་ཆོས་སྤེལ་རྒྱུའི་ཚབ་ཏུ་སྲུང་ཆོས་སྤེལ་གིན་ཡོད་ཚེ་དེའི་མཇུག་འབྲས་ལ་ཐེ་ཚོམ་ཟ་དགོས་པ་ཞིག་རེད་དོ།། དེ་ལྟར་ནུབ་ཕྱོགས་སུ་ནང་ཆོས་སྤེལ་མཁན་གྱི་བོད་པ་དང་ཕྱི་གླིང་པ་གཉིས་ཀའི་སྡེ་རུ་བཟང་གྲགས་ངན་གྲགས་གཉིས་ཀ་ཡོད་དོ།།
གོང་དུ་བརྗོད་པ་དག་ནི་རང་རེ་བོད་བརྒྱུད་ནང་པའི་ཆོས་ལུགས་ནུབ་ཕྱོགས་སུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཚུལ་གྱི་སྒོ་ཙམ་ཞིག་བསྟན་པ་ཡིན་ལ། ཐེ་ལན་གྱི་ཐེག་དམན་པའི་སྡེ་དང་རྒྱ་ནག་གི་ཐེག་ཆེན་ཐེག་དམན་གཉིས་ཀའི་སྡེ། འཇར་པན་པའི་ཕྱི་མིན་ནང་མིན་གྱི་སྡེ་སོགས་ཀྱི་སྐོར་ལ་སྨྲ་བའི་ལྕེ་རྩེ་ཐུང་ངུར་གྱུར་ཏོ།།
hello.
ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཟེར་བ་འདི་ཅི་འདྲ་ཞིག་ཡིན་པ་རེད། འདིས་བཤད་པའི་དཔེ་དེབ་འགའ་རེ་རྒྱ་ནག་གི་ཡི་གེའི་ནང་དུའང་དེབ་གཉིས་ཙམ་བསྒྱུར་འདུག དོན་དངོས་ཅི་འདྲ་ཡིན་ཤེས་མ་སོང་།
ལྕེ་རྩེ་རིང་ཐུང་གང་ཡིན་ན་རུང་། ཆོས་ལུགས་ཁ་ལ་འཁྱེར་ནས་མི་མང་ལ་སྡུག་པོ་གཏོང་མཁན་གང་ན་གང་ན་སུ་ཡོད་པ་དེ་དག་ནི་ཐེག་པ་ཆེ་ཆུང་གང་ལ་བརྟེན་ནས་བཤད་ན་ཡང་། དགྲ་དེ་ལས་ལྷག་པ་གང་ཡང་མེད། དེ་དག་གང་ན་སུ་ཡོད་པ་དག་ནི་སངས་རྒྱས་ཆོས་ལུགས་ཀྱི་དགྲ་ངོ་མ་ཡིན་པ་ལས། ཉེས་མེད་ཀྱི་སངས་རྒྱས་ཆོས་ལུགས་ལ་རྒྱུས་མངའ་གང་ཡང་མེད་པ་སངས་རྒྱས་ཆོས་ལུགས་པ་མིན་མཁན་དེ་དག་གིས་སྐད་ཆ་ཁ་ཤས་རེ་ནོར་བ་བཤད་ཀྱི་ཡོད་ཀྱང་། ཁོང་ཚོ་ནི་དམིགས་གསལ་རེད། གང་ཡིན་ཟེར་ན་ཁོང་ཚོས་རང་ཉིད་ལ་འབྲེལ་བ་མེད་པ་དང་རྒྱུས་མངའ་མེད་པ་ཞིག་བཤད་ཀྱི་ཡོད་པས་དེ་ཙམ་དོ་སྣང་བྱེད་དགོས་དོན་མེད། གཙོ་བོ་ག་དུས་ཡིན་ཡང་སངས་རྒྱས་ཆོས་ལུགས་ཁ་ལ་མ་ནི་འདྲེན་འདྲེན་བྱེད་མཁན་དེ་དག་གིས་དངོས་ནས་གཟབ་གཟབ་བྱེད་དགོས་ཀྱི་འདུག་པ་དེའི་བསྐོར་མང་ཙམ་ཞིག་འབྲི་ཐུབ་ན་ཡག་པོ་འདུག ཨ་ལགས་ཡེ་ཤེས་སམ་ཀླུ་སྨྱོན་ཚང་ལགས།
ཨ་ལགས་ཀླུ་སྨྱོན་ཚང་ལགས། གོང་གི་འདི་འདྲ་མང་ཙམ་འབྲི་ཐུབ་ན་ཡག་པོ་འདུག ཁྱེད་ཀའི་ཆེད་ལས་ཆོས་ཡིན་ཙང་དེའི་སྐོར་བཤད་དུས་ལན་པོ་འདྲ་ཞིག་འདུག དེང་སང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་ཆོས་ལ་བལྟ་སྟངས་ཧ་ལས་པའི་ཡག་པོ་རེད་ལ། དེ་ལ་ཞུགས་མཁན་ཡང་ཉིན་རེར་མ་བསྡད་པར་འཕར་འགྲོ་བཞིན་ཡོད་པའང་དངོས་འབྲེལ་རེད། ཡིན་ནའང་བོད་ཕྱི་ནང་གཉིས་སུ་ལྟ་ལོག་མ་ལོག་དང་ནང་ཁུལ་ལ་ཁབ་གཙགས་འབིག་གཙགས་བྱེད་མཁན་གྱི་གྲངས་ཀའང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཕྱོགས་ཡོངས་ལ་ཁྱབ་འགྲོ་གིན་འདུག་ན། ཁྱེད་ཀ་འདྲ་བའི་ཕྱི་ནང་གི་ཤེས་ཡོན་ཡོད་མཁན་ཚོའི་དེའི་སྐོར་ལ་ཐུགས་བསམ་དང་འགན་མང་ཙམ་ལེན་ཐུབ་ན་རང་རེའི་བསྟན་སྲིད་གཉིས་ཐད་ལ་ཕན་ཐོགས་ཅི་ཆེ་ཡོད་རྒྱུ་རེད་འདོད་ཀི། ཨོ་་་་་དེ་ནས་ཨ་རི་ལ་ནང་ཆོས་དར་སྟངས་དང་དེའི་རྒྱལ་ལྗོངས་ཀྱི་ལོ་རྒྱུས་ཡིག་ཆར་གཟིགས་འདོད་ཡོད་ན་རྩོམ་པ་པོ་རེག་ཁུ་ཕེལ་ཏྲིས་(Rick Field)བརྩམས་པའི་(How the swans came to the lake)དེབ་འདི་ལ་གཟིགས་རོགས་གནོངས་དང་། དེབ་འདི་ཨ་རིའི་ཆོས་འབྱུང་ལྟ་བུ་ཞིག་རེད་འདུག ཁ་དྲོ།།
གོང་གི་དྲ་གྲོགས་རྣམ་པས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ཨ་རི་བས་བྲིས་པའི་ནང་བསྟན་ཨ་རིར་དར་བའི་སྐོར་གྱི་དཔེ་དེབ་འགའ་རེ་མཐོང་ན་ཡང་གཅིག་ནས་རང་གི་དབྱིན་ཇིས་མ་ལྡེང་བ་དང་གཉིས་ནས་ཆུ་ཚོད་ཀྱིས་མ་ལྡེང་བ་སྟེ་མ་ལྡེང་བ་ཉིས་བརྩེགས་ཀྱི་ཀློང་ནས་ད་བར་ཅང་མ་འཇོན་ཐལ། ཡིན་ན་ཡང་ཨ་རིའི་ནང་བསྟན་པའི་ཁྲོད་ཀྱི་སྐད་གྲགས་ཅན་གྱི་བུད་མེད་འགའི་སྐོར་ལ་དེབ་ཅིག་མཐོང་བས་གལ་སྲིད་དུས་ཚོད་རེ་ཡོད་ན་དེའི་ནང་གི་ཚན་པ་རེ་ཟུང་ཞིག་བོད་ཡིག་ཏུ་བསྒྱུར་ཨེ་ཐུབ་བལྟ་ཡ།
དོལ་བཤེས་སྐལ་བཟང་རྒྱ་མཚོ་ཟེར་བ་འདིས་རྒྱ་ནག་གི་བོད་ཡིག་དུས་དེབ་ཅིག་ཏུ་སྔོན་ཆད་ཞིག་ལ་༧གོང་ས་མཆོག་ལ་མཚན་སྨད་རྩོག་པ་བཏང་འདུག་ཟེར། ཁོ་ལོག་པའི་བཤེས་གཉེན་ཞིག་རེད་ལ་ཁྱི་སྤྱང་ལག་སྦྲེལ་བྱེད་མཁན་ཞིག་ཀྱང་རེད།