ཁ་སྒང་བསམ་གཏན་རྒྱ་མཚོ། (འབའ་སྲས།)
ཉེ་བའི་འཆར་མཁས་གྲགས་བླུན་གསུམ་གྱིས་ལྕེ་ཐོག་ཏུ་བཟུང་ཡོད་པ་ནི་བོད་ཀྱི་བཀའ་བློན་ཁྲི་བའི་སྐོར་རེད། དེ་ལོས་ཀྱང་ཡིན་དགོས་ཏེ། བཀའ་བློན་ཁྲི་བ་རྩེ་ཕུད་ཅིག་གདམ་རྒྱུར་བོད་མི་ཡོད་དོ་ཅོག་གི་སེམས་ཕུགས་ཀྱི་རེ་བ་ཉག་གཅིག་རེད། འོན་ཀྱང་། ཚང་མས་གླེང་བའི་སྐད་ཆ་དག་ནི་ཕྱོགས་གཉིས་སུ་ལྷུང་བའི་དགེ་བ་དང་སྐྱོན་མ་འདྲེས་པའི་ས་ཐག་དཀར་ཆོད་ཀྱི་རྗེས་སུ་སོང་ནས་སྤྱི་བབ་ཀྱི་ལྟ་སྟངས་བར་གནས་པ་ཞིག་གཞིར་བཟུང་བ་ཧ་ལམ་མེད་པར་བརྗོད་ཆོག
དེ་ཡང་བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་བཀྲས་མཐོང་ནི་ཆུང་དུས་ནས་རྒས་པའི་བར་དུ་བཙན་བྱོལ་གཞུང་གི་ལས་སྣེ་རུ་གཏོགས་པའི་རྒྱུ་མཚན་གཞི་ལ་བཞག་ནས། འཛིན་སྐྱོང་གི་ཐད་དང་། བོད་རྒྱ་ཞི་མོལ་གྱི་ཐད་གང་ནས་བལྟས་ཀྱང་ཉམས་མྱོང་གཞན་ལས་ཁྱད་དུ་འཕགས་པ་ཡིན་པར་སྨྲ་ཞིང་། ཁོང་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་གནང་མུས་ལགས། འདི་རིགས་ནི་ཉམས་མྱོང་གཙོ་འདོད་རང་ལུགས་པ་རེད་ཅེས་བཤད་ན་མི་ཆོག་པ་མེད།
ཁོ་བོ་ཅག་གི་མ་འོངས་པའི་རེ་བ་ནི་ཉམས་མྱོང་ལ་བརྟེན་ནས་གསར་བ་ཞིག་བཙལ་དགོས་པ་དང་། ཉམས་མྱོང་ལ་བརྟེན་ནས་ཞན་པ་ཞིག་སྤར་དགོས་པ་དེ་རེད། འཇིག་རྟེན་ལ་བལྟས་ཏེ་བཤད་ན། ཉམས་མྱོང་ནི་ཀུན་གྱི་རྩ་བ་རུ་གྱུར་ཡོད་ནའང་། ཆབ་སྲིད་ལ་བལྟས་ནས་བཤད་ན། ཉམས་མྱོང་ནི་དེ་ཙམ་མི་མཁོ་བར་འདོད། རྒྱུ་མཚན་ཅི་ཡིན་ཞེ་ན། ཆབ་སྲིད་ནི་གོ་སྐབས་རང་བཞིན་དང་གནས་སྐབས་མྱུར་འཚོལ་རང་བཞིན་ཅན་ལས། ཉམས་མྱོང་གི་དུས་ཡུན་གོང་སྒྲིག་པ་དེས་ཆབ་སྲིད་ཀྱི་རྗེས་སུ་ཟིན་དཀའ་བ་ཡིན་པའི་ཕྱིར་རོ།།
བཀའ་བློན་ཁྲི་བར་ཉམས་མྱོང་མེད་ཚེ་ཅི་ཡང་མི་ནུས་པར་འདོད་པ་དག་ལ། སྐད་ཆ་རེ་གཉིས་ཤིག་ཐག་ཉེ་ས་ནས་སྨྲ་ཐུབ་པ་ཞིག་ནི། ད་གནས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེར་མཚོན་ན། ཤེས་ཡོན་སྲིད་ཇུས་་གསར་བ་དང་། སོ་ནམ་འདེབས་ལུགས་གསར་བ། གཞུང་གི་ཚོང་གཉེར་དག་སྒེར་བདག་ཅན་དུ་བསྒྱུར་བ་དེ་དག་ཚོད་ལྟ་དང་གཤིབ་བརྡར་ཞིག་ལས་ཉམས་མྱོང་ག་ལ་ཡིན། ཉམས་མྱོང་ཞེས་པ་ནི། སྔོན་རང་ཉིད་ཀྱིས་བྱས་མྱོང་ཞིག་ལ་ཟེར་ཞིང་། དེ་གཞི་ལ་བཞག་ནས་དེ་ཐོག་ཏུ་གཞན་ཞིག་ཐོན་སྐྱེད་བྱས་པ་ལ་ཉམས་མྱོང་གི་འབྲས་བུ་ཟེར་དགོས། ཟམ་གདོང་རིན་པོ་ཆེས་སྔར་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ལུགས་གསར་སྤེལ་བྱས་མྱོང་མེད་ལ་སོ་ནམ་ལས་འཇུག་དེ་ལས་ཀྱང་བྱས་མེད་པ་མ་ཟད། ཚོང་ལས་ཆེད་གཉེར་བ་སྨྲ་ག་ལ་དགོས། དེས་ན་ཉམས་མྱོང་མེད་ན་ཡོང་ཐབས་མེད་པའི་ཨུ་ཚུགས་དེ་ཅི་ལ་དགོས་སམ།
ཁ་ཅིག་ཏེ། བློ་བཟང་སེངྒེ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས། བློ་བཟང་སེངྒེ་ལགས་ནི་གཞོན་སྐྱེས་ཁྲིམས་ལུགས་མཁས་པ་ཡིན་པ་དང་། མི་ཚང་ཕལ་བ་ཞིག་གི་མི་ཡིན་པ་མ་ཟད། གསར་གཏོད་ཀྱི་ནུས་པ་ལྡན་པར་ཡིད་ཆེས་བྱེད་བཞིན་ཡོད། བློ་བཟང་སེངྒེ་ལགས་བཀྲས་མཐོང་ལགས་དང་བསྡུར་ན་ཚང་པ་གསུམ་ཡོད་པ་ནི། གཞོན་སྐྱེས་ཡིན་པ། མི་སྤྱི་མ་ཞིག་ཡིན་པ། ཁྲིམས་ལུགས་མཁས་པ་ཞིག་ཡིན་པ་བཅས་གསུམ་རེད། ཚང་བ་འདི་གསུམ་གྱིས་མི་མང་པོ་ཞིག་གི་སེམས་རང་བཞིན་གྱིས་ཕྱོགས་གཅིག་ཏུ་བསྡུས་ཡོད། དེ་ཡང་། བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བ་གོང་མ་རྣམས་ནི་སྐུ་ན་བགྲེས་པ་རྐྱང་ཡིན་ཞིང་། ཁོང་ཚོས་ད་བར་སྐུ་ལུས་སྐྱོམ་པར་ཐུགས་རྗེ་ཞུས་པ་དང་མཉམ་དུ་ད་ནི་གཞོན་སྐྱེས་ཚོས་འགན་ལེན་གི་ཡིན། རྒན་པ་རྣམས་སྐུ་ངལ་གསོ་རོགས་ཞེས་པ་དེ་རེད། རེ་བ་འདི་དང་སྐད་ཆ་འདི་ནི་ཁ་གསལ་གཏིང་གསལ་དུ་བཏང་ན། སྐུ་རབས་གོང་མ་རྣམས་ཀྱིས་ད་བར་དེ་ཙམ་འཇོན་མ་སོང་། ད་ནི་གཞོན་རབས་པ་ཞིག་གི་ལག་ཏུ་བཞག་ན་ཡག་གི་རེད་ཟེར་བ་དེ་རེད། འོན་ཀྱང་རྒན་པ་ཞིག་ཡིན་ནའང་ཆོག་ལ་གཞོན་པ་ཞིག་ན་ཡང་ཆོག གང་ལྟར་ཀྱང་ཐུག་དགོས་ས་ནི་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ཚོ་ཡིན་པ་ལས། རྒྱ་ནག་གི་བུ་མོ་རྒན་གཞོན་གཉིས་མིན་ན་བཀའ་བློན་ཁྲི་བར་རྒན་གཞོན་གྱི་ཁྱད་པར་ཞིག་རྩོད་ཨེ་དགོས་པར་འདོད།
ཡང་ཁག་གཅིག་གིས། བློ་སེང་ནི་མི་བུ་སྤྱི་མ་ཞིག་ཡིན་པས་ཁོང་བཀའ་བློན་ཁྲི་བར་འཐོབ་ན་རྒྱ་ནག་གཞུང་ལ་བོད་རྙིང་པ་རོ་ལངས་རྒྱག་འདོད་མིན་པར། བོད་གསར་བ་ཞིག་ལངས་ཀི་ཡོད་པའི་བརྡ་ལན་གསལ་བོ་ཞིག་སྟེར་ཐུབ་པར་བཤད། སྐད་ཆ་འདི་ཐོག་མ་ཡོང་ས་ཡང་བློ་སེང་རང་ནས་འགོ་ཚུགས་པ་ཡིན། རྒྱ་ནག་གཞུང་གི་བོད་གསར་བ་ཞིག་ཡོང་གི་ཡོད་པ་སྔ་ས་ནས་ཤེས་ཡོད་པས། བརྡ་ལན་དེ་ཡང་ལྟོས་འཇོག་གི་དགོས་པ་ཆུང་ཆུང་ཞིག་རེད།
ཡང་སྐོར་གཅིག་གིས། བློ་སེང་བཀའ་བློན་ཁྲི་བར་འཐོབ་ན་བཙན་བྱོལ་གཞུང་འདི་མང་གཙོ་ཡང་དག་པ་ཞིག་ཡིན་པ་སྟོན་ཐུབ་ཟེར། སྐབས་འདིར་ང་ཚོས་ཤེས་དགོས་པ་ཞིག་ལ། བཙན་བྱོལ་གཞུང་གིས་ད་ཆར་མང་གཙོ་ཡང་དག་པ་ཡིན་མིན་རྩོད་ཀི་མེད་པ་དེ་ཤེས་དགོས། བཙན་བྱོལ་གཞུང་གིིས་མང་གཙོ་ཡང་དག་ཅིག་རྩོད་བཞིན་པ་ཡིན་ན། བློ་སེང་ལྟ་བུ་མི་སྤྱི་མ་ཞིག་མི་མང་གི་འོས་བླུགས་ཀྱིས་བཀའ་བློན་ཁྲི་བར་འཐོབ་ན་དེ་ནི་མང་གཙོ་ཡང་དག་ཡིན་མིན་གྱི་དཔང་རྟགས་ཤིག་རེད།
ཡང་ལ་ལས། བློ་སེང་ནི་ཁྲིམས་ལུགས་མཁས་པ་ཞིག་ཡིན་པས། བཀའ་བློན་ཁྲི་བའི་འོས་ཆོས་ཚང་བ་མ་ཟད། ཁྲིམས་ལུགས་ཀྱིས་བོད་ཀྱི་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་ཐག་རིང་ནས་བྱེད་བཞིན་ཡོད། བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་ཁྲིམས་ལུགས་ཀྱི་ངོས་ནས་སེལ་ཐུབ་པ་ཞིག་ཡིན་ན། རྒྱ་ནག་སྲིད་གཞུང་གིས་མི་འདོད་ས་ནས་ང་ཚོས་ཁྲིམས་གཏུགས་བྱས་ཏེ་རྒྱལ་སྤྱི་ཆེས་མཐོའི་ཁྲིམས་ཁང་དུ་བསྐྱེལ་ན་ཅི་མི་ཆོག
དེས་ན་ང་ཚོས་བཀའ་བློན་ཁྲི་བའི་འོས་མི་གླེང་དུས་བྱུང་བ་གཙོ་བོར་མི་བརྗོད་པར་ཅི་ཕྱིར་ཁོང་བཀའ་བློན་ཁྲི་བར་ལངས་ཀི་ཡོད་པའི་ཕུགས་འདུན་དང་། མི་གཤིས་དེ་ཅི་ཀྱང་གླེང་དགོས་པར་འདོད་དོ།།
ཡག་པོ་ཞེ་དྲག་བྲིས་འདུག མི་གཤིས་ལ་དཔྱོད་དགོས་ན། མ་མཐར་ཡང་མི་དྲང་པོ་ཞིག་དང་། དབང་ཆ་ཁོ་ན་ལ་མི་བརྔམས་པར་བོད་ཀྱི་སྤྱི་དོན་བསམས་ཐུབ་མཁན། བོད་མི་བྱིངས་ལ་མི་མཐོང་འཇོག་མཁན་ཞིག་དགོས་པ་ལས། བོད་མི་བྱིངས་དུད་འགྲོ་ལ་བརྩིས་ཏེ་སེམས་ལ་གང་དྲན་ཁ་རུ་འདོན་པ་དང་། དགོས་པ་བྱུང་ན་སྐྱག་རྫུན་རི་ལྟ་བུ་ཤོད་པ་ལའང་བག་མི་ཚ་བ། དངོས་པོའི་ཆོས་ཉིད་དང་བསྟུན་མི་དགོས་པར་ཐོད་རྒལ་གྱིས་ལམ་ལུགས་ལ་རྩིས་མེད་རྡོག་རོལ་གཏོང་མཁན་ཞིག་བཀའ་ཁྲིར་འོས་བབ་མེདད་དོ། །ཁ་སྒང་ལགས་ཀྱིས་བློ་གཟུ་བོར་གནས་ནས་གནད་ལ་འཁེལ་བའི་དཔྱད་པ་གནང་འདུག་ཀྱང་འདི་ཚོ་རེ་རེ་ནས་ངས་རྒྱུ་མཚན་དང་བཅས་ལན་མང་དྲངས་ཟིན་པའི་གནད་དོན་ཤ་སྟག་རེད་འདུག་པས་གསར་པ་ནི་མི་འདུག་གོ །
དྲ་གྲོགས་ཁ་སྒང་བསམ་རྒྱ་ལགས།སྐུ་ཁམས་བཟང་།
༡༽སྐུ་ཉིད་ཀྱིས་རྩོམ་ཡིག་ཆ་ཚང་བཀླགས་ཁོམ་མ་བྱུང་ཡང་།དུམ་བུ་གཉིས་པ་བར་ཀློག་དུས་རྩོམ་ཡིག་གི་གཞི་རྩའི་ཁ་ཕྱོགས་དང་ནང་དོན་དཔོག་ནུས།ལྷག་པར་སྐུ་ཉིད་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མི་རྣམས་ཀྱི་བསམ་བློའི་མཐིལ་ཚད་མ་ལོན་ཞིན་དུ།ཉམས་མྱོང་གཙོ་འདོད་ཀྱི་རང་ལུགས་ཞེས་སྟབས་བདེ་བའི་གདེང་འཇོག་དེ་འདྲ་ཞིག་གནང་བ་ནི་སྤོམ་ཚོད་ཀྱི་མུན་ནག་མདའ་འཕེན་བསམ་བློ་གནས་ལ་མ་འདས།
༢༽དོན་དངོས་ཐོག་ངེད་ཅག་བཀྲས་མཐོང་ལ་རྒྱབ་སྐྱོར་དགོས་པ་རྒྱུ་མཚན་ནི་བཀྲས་མཐོང་མཆོག་གིས་འདས་པའི་དུས་ཚོད་ནང་བརྩམས་པའི་ལས་གཞི་དེ་དག་བོད་ཀྱི་རྩ་དོན་དང་ཐད་ཀར་འབྲེལ་བའི་གསར་གཏོད་དང་།ཡར་རྒྱས།ཕུགས་ཕན་གྱི་ལས་གཞི་གལ་ཆེན་རྐྱང་ཡིན་པས་དེ་དག་བརྩམས་དུས་ཁོང་ནི་ད་ལྟའི་བློ་བཟང་སེང་གེ་ལགས་ལས་དགུང་ལོ་ཆུང་བ་ཡོད་དེས་ཁོང་ནི་རླབས་ཆེན་མི་སྣ་གལ་ཆེན་ཡིན་པ་མཚོན།
༣༽ལྷག་པར་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་།འཇོན་ཐང་།ཉམས་མྱོང་།ལྷག་བསམ།ཆབ་སྲིད་ཀྱི་ལྟ་བ།མི་གཤིས།གསར་གཏོད།འཛིན་སྐྱོང་གི་ནུས་པ་བཅས་རྨ་མེད་པ་ཚང་བའི་དཀྱེལ་ཡངས་སྒམ་རླིང་ལྡན་པའི་དཔོན་བཟང་ཞིག་རེད།
༤༽འོན་ཏེ་ང་ཚོས་བརྒྱ་བཤད་སྟོང་བཤད་བྱས་པ་ལས་ཁོང་དང་ལོ་མང་ལས་དོན་མཉམ་སྒྲུབ་གནང་མྱོང་མཁན་ཞིག་གི་སྙིང་གཏམ་དེ་རིན་ཐང་ཆེ།དེ་ཡང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱས་མཆོག་གིས་ཁོང་ལ་གདེང་མཆོག་དེ་འདྲ་ཞིག་ཡོད་པ་སྟེ། ༼བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ངེད་གཉིས་ནི་ལོ་མང་རིང་བོད་ཀྱི་ལས་དོན་ཐོག་སྡུག་མཉམ་འཁུར་དང་།ལྷག་བསམ་མཉམ་སྐྱེད།དཀའ་ལས་མཉམ་བརྒྱབ་བྱས་ཡོད་པས། ཁོང་ལ་མཚོན་ན་མི་མཐོ་དམའ་བར་གསུམ་ལ་འདྲིས་ཐུབ་མཁན་དང་། མཐུན་སྒྲིལ་ཡོད་པ།སྤོབས་པ་དང་མཁྱེན་ཡོན་ལྡན་པ། མི་བརྟན་པོ་དང་ཆབ་སྲིད་ཀྱི་བྱང་ཚད་ཧ་ཅང་ཚད་མཐོན་པོ།ཤེས་ཡོན་དང་རྒྱལ་སྤྱིའི་གནས་ཚུལ་ཆ་ཚང་ཤེས་མཁན་བཅས་ངེད་གཉིས་གཉམ་གཤིབ་ཀྱི་གོ་རིམ་ལས་ང་རང་གི་ངོས་ནས་ཁོང་ནི་༢༠༡༡ལོའི་བཀའ་བློན་ཁྲི་པར་འོས་ཤིང་འཚམས་པ་རེད་བསམ་གྱི་ཡོད་༽ཅེས་པའི་ཆོད་བསྡོམས་ཆེན་པོ་ཞིག་གནང་བ་བཅས་ནི་རིན་ཐང་ཆེན་པོ་ལྡན་ཡོད་པ་བཅས་ངེད་ཅག་བཀྲས་མཐོང་མཆོག་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་གོང་གསལ་གནད་དོན་དེ་དག་གཞིགས་ནས་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན།།
དྲ་གྲོགས་ཚོ་སྐུ་ཁམས་བཟང་།
༡༽མུ་མཐུད་ནས་བཀྲས་མཐོང་གི་མཛད་རྗེས་ཕུགས་བསམ་དང་།གསར་གཏོད།རང་འགོ་རང་ཐོན།ཡར་རྒྱས།འགྱུར་བཅོས་བཅས་ཀྱི་ལས་གཞི་དེ་དག་གིས་སྐབས་དེ་དང་དེའི་དུས་ཀྱི་སྤྱི་ཚོགས་ནང་ཕན་གནོད་ཇི་བྱུང་གི་སྐོར་གླེང་དང་།
༢༽བཀྲས་མཐོང་གི་མཛད་ཆེན་ལྔ་པོ་དེ་དག་བློ་སེང་གིས་བཤད་པའི་ཆིག་སྒྲིལ་དང་།གསར་གཏོད།རང་འགོ་རང་ཐོན་ཞེས་པའི་གཞི་རིམ་ལྟ་གྲུབ་གསུམ་པོའི་བར་མཚུངས་བསྡུར་གྱི་ཐད་ནས་གླེང་དང་
༣༽ལྷག་པར་བློ་སེང་གི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་དེ་དག་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ནང་༸གོང་ས་མཆོག་དང་།བོད་གཞུང་།གཞུང་འབྲེལ་མིན་བཅས་ནས་ལག་བསྟར་བྱས་ཟིན་མིན།
༤༽བློ་སེང་གི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོའི་ཐད་འབོད་སྒྲ་གསར་པ་ཞིག་ང་ཚོའི་སྤྱི་ཚོགས་ནང་དགོས་མཁོ་ཡོད་མེད་བཅས་ཀྱི་ཐད་ནས་གླེང་དང་།
༥༽དེ་བས་གལ་འགངས་ཆེ་བ་ཞིག་ལ་བློ་སེང་གིས་བཀའ་ཤག་ནང་ཆོལ་གསུམ་དང་།ཕོ་མོ།སྐྱ་སེར།རྒན་གཞོན་རིས་མེད་ཐོག་ནས་འདེམས་དགོས་ཚུལ་དང་།
བཀྲས་མཐོང་གིས་འཛིན་སྐྱོང་མིས་ནུས་ཤུགས་བཏོན་ས་ཞིག་ཡིན་པས་མི་འཇོན་ཐང་ཅན་དགོས་པ་ལས་ཆོལ་ཁ་སོགས་རིས་མེད་སྤྱི་འཐུས་ནང་ཡོད་པ་བཞིན་འཛིན་སྐྱོང་མི་དགོས་ཚུལ་བརྗོད་པའི་་བར་ལ་ཧེ་བག་ཆེ་བས་དེ་འདྲའི་ཕྱོགས་ནས་གླེང་དང་།
༦༽བློ་སེང་གིས་༸གོང་ས་མཆོག་གི་ཡང་སྲིད་མ་འདས་སྤྲུལ་སྐུ་ཞིག་དགོས་ཚུལ་གྱི་ལམ་ལུགས་དང་།
བཀྲས་མཐོང་གི་༸གོང་ས་མཆོག་གི་ཡང་སྲིད་དེ་སྔ་སྤྱི་ཚོགས་རྙིང་སྐབས་སུ་སྐུ་ཕྲེང་བཅུ་བཞི་བར་གདན་དྲངས་ཐུབ་པས་ང་ཚོ་མང་གཙོའི་གཞུང་ཞིག་གིས་ཏན་ཏན་གདན་དྲངས་ཐུབ་ཀྱི་རེད་ཅེས་སྔར་གྱི་ལམ་ལུགས་དེ་རང་སོར་གནས་བཞག་པའི་འདོད་ཚུལ་གཉིས་དགེ་སྐྱོན་གྱི་ཕྱོགས་ནས་གླེང་དང་།
གོང་གི་དྲ་གྲོགས་གཉིས་ཀྱིས་བསམ་ཚུལ་བཏོན་པར་དགའ་བསུ་དང་ཡིད་རངས་ཡོད། ལ་རྒྱའི་བདག་པོ་ལགས་ནས་གཤིབ་བརྡར་གྱི་གླེང་བྱ་དྲུག་བཏོན་ཡོད་པ་ནང་ནས། ཆེས་གནད་འགག་དེ་ནི་༧ གོང་ས་བཅུ་བཞི་བ་ཆེན་མོའི་མ་འོངས་སྤྲུལ་སྐུ་སྐོར་དེ་རེད། བཀྲས་མཐོང་ལགས་ཀྱིས་སྔར་གྱི་ལུགས་གསོལ་ལྟར་འདས་པའི་སྤྲུལ་སྐུ་དགོས་ཚུལ་དང་། བློ་སེང་ལགས་ཀྱིས་མ་འདས་སྤྲུལ་སྐུ་ཞིག་གལ་ཆེ་གསུངས་པ་དེ་གཉིས་རེད། དེ་ཡང་བཀྲས་མཐོང་ལགས་ཀྱི་དགོངས་ཚུལ་ནི་སྔར་ཡོད་ཀྱི་ལམ་ལུགས་ལྟར་འདས་པའི་སྤྲུལ་སྐུ་དགོས་སྐོར་གསུངས་པ་དེ་ནི། གཏིང་ཟབ་པའི་དགོངས་པ་དཀྱིལ་ཡངས་ནས་བཞེས་འདུག གཏིང་ཟབ་པའི་དགོངས་པ་འདིའི་དམིགས་བྱ་གཙོ་བོ་ནི་མ་འོངས་པར་གཟིགས་ཡོད་པ་མ་ཟད། ནང་པ་ཆོས་ལུགས་ཀྱི་འགྲོ་ལུགས་ལྟར་མི་མང་གི་ཡིད་ཆེས་ལ་དམིགས་ཡོད། དེ་ཡང་༧གོང་ས་མཆོག་གི་མ་འོངས་སྤྲུལ་སྐུ་ནི་མི་མང་གི་མགོན་དུ་འགྱུར་བ་ཞིག་དང་མི་མང་གི་དད་པའི་གཙུག་ཏུ་གནས་དགོས་པ་ཞིག་དགོས་ན། བཀྲས་མཐོང་དགོངས་ཚུལ་འདི་ལས་འདའ་མི་རུང་ངོ་།
བློ་སེང་གི་དགོངས་གཞི་ལྟར་མ་འདས་སྤྲུལ་སྐུ་དགོས་གལ་མཐོང་བ་ནི། ཆབ་སྲིད་ཀྱི་དགོས་དབང་ཁོ་ནར་དམིགས་པ་ལས། འདི་ནང་དུ་མ་འོངས་པའི་བོད་མི་མང་གི་ཡིད་ཆེས་དང་། དད་པ་སོགས་ཆོས་ཕྱོགས་ཀྱི་རྣམ་གྲངས་དག་ལ་བསམ་བཞེས་གནང་མེད་པ་དེ་རེད། མཐར་གཏུགས་ན་༧ གོང་ས་བཅུ་བཞི་བ་ཆེན་མོའི་ཞལ་སྔ་ནས་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་ནི་བོད་མི་རང་ལ་ཡོད་པ་ལས། ཁོང་གིས་ཐུགས་འགན་མི་བཞེས་པའི་བཀའ་སློབ་ཡང་རིམ་པར་གསུངས་ཡོད་ན། བཀྲས་མཐོང་ལགས་ཀྱི་དགོངས་བཞེས་གནང་བ་ནི་ཡང་དག་པ་མ་ཡིན་ནམ།
འབའ་སྲས་ལགས་ཀྱིས་སྐད་ཆ་དྲང་མོ་འདྲ་གཅིག་གསུངས་འདུག་བསམ་བསམ་བྱུང་། ཁྱོད་ཚོས་མཉམ་དུ་ངས་ཀྱང་རྨོངས་འཆར་ཞིག་ཞུ་འདོད་སྐྱེས་བྱུང་།
༧གོང་ས་མཆོག་གི་མཛད་པ་དང་འཕྲིན་ལས་འདི་འདྲ་ཞིག་འཛམ་གླིང་ཐོག་ཏུ་རྒྱས་ཐུབ་པ་བྱུང་བ་ནི་བོད་མི་རིགས་ཀྱི་བརྩི་བཀུར་ལ་བརྟེན་ནས་བྱུང་བ་ཡིན་པར་འདོད། དཔེར་ན།
རི་མཐོ་པོའི་མཐོ་ངོ་ཆེ་ལེ་འདི།
རི་ཕྲུག་སྐྱོར་མ་བཟང་བས་རེད།
ཆུ་ཆེན་པོའི་ཤོར་སྒྲ་ཆེ་ལེ་འདི།
ཆུ་ཆུང་སྐྱོར་མ་བཟང་བས་རེད།
དཔོན་གེ་ས་རྒྱང་གྲགས་ཆེ་ལེ་འདི།
གླིང་མདན་མས་སྐྱར་ཡ་བཟང་བས་རེད། ཞེས་གྲགས་པ་ལྟར་༧གོང་ས་མཆོག་གི་སྐྱེ་སྤྲུལ་མཛད་པ་དང་འཕྲིན་ལས་རྒྱས་པར་བོད་མི་རིགས་ཀྱི་གུས་བཀུར་ཐོབ་ཐུབ་བྱེད་དགོས་འདོད། དེ་འདྲ་ཡིན་དུས་སུ་བཀྲས་མཐོང་ལགས་ཀྱི་གསུངས་ལྟར་མ་གཏོགས་ཐབས་ལམ་གཞན་དག་མེད་པར་འདོད།
མ་འདས་སྤྲུལ་སྐུའི་ལུགས་སྲོལ་བྱེད་པ་ཡིན་ན་བོད་མི་རིགས་ཀྱི་དད་པ་དེ་ཙམ་ཐོབ་མི་སྲིད་པས་རྒྱལ་མཚན་ནོར་བུ་ལྟར་འགྱུར་ཉེས་ཆེ་བར་འདོད།
དགོངས་དག་་་་ནོར་བཅོས་བྱས་པ་ཡིན་པས་མཆན་བུ་ཉིས་བརྕེགས་ཆགས་སོང་།
མ་འདས་སྤྲུལ་སྐུ་ལ་ངས་དད་མི་ཐུབ། འདས་ནས་གཞན་བསྐོས་ལའང་ངས་བརྩིས་བཀུར་མི་ཐུབ། ༸སྐུ་༸གོང་མའི་རྗེས་འཇུག་གི་གཙོ་བོ་སྟེ། གང་གི་དངོས་སློབ་བླ་མ་རྩ་ཤེ་ཤོས་འགས་དད་གུས་ཐོབ་ཐུབ་པ་ཅིག་ལ་སྤྲུལ་སྐུའམ་ཡང་སྲིད་ཚད་ལྡན་གྱི་ཚད་མ་རེད་དམ། འདི་རིང་འདི་ཙམ་མོ། དགེའོ། ལོ་གསར་ལ་བཀྲ་ཤིས་བདེ་ལེགས། །
འབའ་སྲས་ལགས་ཁྱེད་རང་སྤྱི་མིང་བེད་སྤྱད་དེ་སྒེར་དོན་སྒྲུབ་མཁན་ཞིག་ཡིན་པ་ང་ཚོས་ཧ་གོ་གི་ཡོད།
བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་འོག་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
དོན་གྲུབ་ཚེ་རིང་ལགས། སྤྱི་མིང་ཟེར་ན་ག་རེ་རེད། ཁ་སྒང་བསམ་གཏན་རྒྱ་མཚོ་ཟེར་བ་ལ་བཤད་ཀི་ཡོད་ན། དེ་ནི་ངའི་དངོས་མིང་ལས་སྤྱི་མིང་ཡིན་ས་མི་འགྲོ རྒྱུ་མཚན་ནི་ང་ལ་བྱེ་བྲག་མེད་པས་སོ།། མི་ཞིག་གིས་རང་གི་དངོས་མིང་བེད་སྤྱད་ན་དེ་སྒེར་དོན་སྒྲུབ་མཁན་རེད་བརྗོད་ན་བདེན་པ་རང་ཨེ་ཡིན། ང་ལ་མཚོན་ན་སྙན་རྩོམ་གྱི་རིགས་ལ་སྙུག་མིང་བེད་སྤྱོད་བཏང་ན་གནད་འགག་མེད་ལ། དཔྱད་བརྗོད་རིགས་ཡིན་ན་སྙུག་མིང་གི་འོག་ལ་སྦས་ནས་ཁ་ཕོ་བསྒྲགས་ན་མི་གཤིས་ཀུན་སྤྱོད་དང་འགལ་བར་མཐོང་མཁན་ཞིག་ཡིན་པས། ཐེངས་འདིར་དངོས་མིང་བེད་སྤྱད་པ་ཁྱོད་ཀྱི་མིང་ལ་མ་མཛེས་པ་ཡིན་ན། དགོངས་དག་ཡོང་བ་ཞུ།
མིག་ལ་ཞེས་ནོར་བཅོས་ཡོང་བ་ཞུ།
བཀའ་བློན་ཁྲི་པའི་བསྐོར་གྱི་རྩོམ་ཡིག་ཚང་མིའི་མཇུག་གི་མཆན་འབྲི་མཁན་ནི་ཕལ་ཆེར་གཅིག་པ་གཅིག་རྐྱང་རེད་འདུག། འདིའི་མཚོན་པ་ནི་མི་འདི་ཚོ་ཕལ་ཆེ་བ་སྐབས་མཚོལ་རིང་ལུགས་པ་དང་། ཕྱོགས་ཞེན་རིང་ལུགས་པ་ཡིན་པ་དེ་རེད།
བཀའ་བློན་ཁྲི་པའི་སྐོར་གྱི་རྩོམ་ཡིག་འདི་ཚོའི་མཇུག་གི་མཆན་འགོད་མཁན་ཕལ་ཆེ་བ་གཅིག་པ་གཅིག་བརྐྱང་རེད་འདུག། འདིའི་མཚོན་པ་ནི་མི་འདི་ཚོ་ཕལ་ཆེ་བ་སྐབས་མཚོལ་རིང་ལུགས་པ་དང་། ཕྱོག་ཞེན་རིང་ལུགས་པ་ཡིན་པ་དེ་རེད།