མང་བཟའ་པད་དཀར།
རྒྱ་ཡིག་ནས་པད་མ་འབུམ་གྱིས་བསྒྱུར།
སྒྱུ་རྩལ་ནི་སྔ་དཔུང་སྟེ། དེ་ནི་འདུ་ཤེས་ཀྱི་སྔོན་དུ་སྐྱོད་པ་ཞིག་ཡིན་འོས་པ་ལས་མི་དཀྱུས་མ་རྣམས་ཀྱི་མཛེས་འཛིན་གྱི་བློ་དང་བསྟུན་མི་འོས། དེ་མིན་ན་སྒྱུ་རྩལ་སྔོན་དུ་སྐྱོད་ཐབས་མེད། སྒྱུ་རྩལ་གྱིས་མི་དཀྱུས་མ་རྣམས་ཀྱི་མཛེས་འཛིན་གྱི་བློ་ལ་སྣེ་འཁྲིད་བྱེད་དགོས་ཏེ། དེ་ནི་འདུ་ཤེས་འཛིན་སྟངས་ལས་འཕགས་པ་ཞིག་དང་བརྒལ་བ་ཞིག་ཡིན། ཡིན་ན་ཡང་ངའི་བརྩམས་ཆོས་ལས་མཐོང་བ་ནི་དེ་ལས་ལྡོག་པ་ཡིན། ངའི་བརྩམས་ཆོས་རྣམས་སྐབས་འགར་ཡུ་རོབ་དུས་རབས་དཀྱིལ་མའི་དུས་ཀྱི་དུངས་ཞེན་དང་རེངས་པོའི་དུས་ལ་སྐྱར་ལོག་བྱས་པ་དང་མཚུངས་ལ། སྐབས་འགར་རེམ་འབེ་རེན་ཌིའི་(Rembrandt) སྐུ་ལ་འཁྲིལ་ནས་བསྡད་ཡོད་པ་དང་ཡང་མཚུངས། འདི་ནི་སྐྱར་ལོག་གམ་ཕྱིན་དྲན་ནམ།
སློབ་གྲ་ཆེན་མོ་ལ་ཡོད་སྐབས། ང་དུས་སྐབས་ཤིག་གི་རིང་ལ་དེང་རབས་ཀྱི་གསར་མཚོན་རིང་ལུགས་ཟེར་བའི་སྙན་ངག་སྟེ། སྦའུ་ཌེ་ལེ་ཡེའི་(Baudelaire) སྙན་ངག་གི་ནང་དུ་འཐིམས་ཏེ་བཟི་མྱོང་། འཇར་མན་གྱི་གསར་མཚོན་རིང་ལུགས་པའི་བརྩམས་ཆོས་རྣམས་ངའི་སེམས་ཁམས་ལ་འཇུག་པོ་བྱུང་བ་འདྲ། ངས་རི་མོ་བྲིས་མྱོང་ལ་སྙན་ངག་དེ་ལས་ཀྱང་མང་པོ་བྲིས་མྱོང་། ཡིན་ན་ཡང་དེ་དུང་ང་རང་གིས་རང་གཤིས་བཅིངས་འགྲོལ་དང་། མི་ཆོས་དང་སྲོལ་རྒྱུན་ལས་བརྒལ་བ་གཙུགས་སུ་འཛིན་སྟབས། རང་ཉིད་ཀུན་ལས་བརྒལ་ཏེ་ཐམས་ཅད་ལ་མར་ལྟ་ཞིང་། སྤྲིན་གྱི་ནང་དུ་འཕྱོ་བའི་ཚོར་སྣང་ཡོད། ང་རང་གིས་མང་དུ་ཚོར་བ་ནི་མི་གཤིས་ཀྱི་མུན་ནག་གི་ཕྱོགས་ཏེ། བློ་ཕམ་། ཡིད་མུག གྲོགས་མེད་ཁེར་རྐྱང་། འཇིགས་སྣང་། སྡོད་མི་བཟོད་པ་སོགས་ཡིན། ནམ་ཡང་བརྗོད་མི་ཚར་བའི་ཡུས་དང་། བཤད་མི་ཚར་བའི་ཚེ་སྲོག་གི་སྡུག་བསྔལ་དང་མི་ཚེ་ཡི་སྐྱོ་གར་ཞིག་ཡོད། དུས་མཚུངས་སུ་མི་ཚེ་ཡི་ཆང་སྐྱུར་མོ་ལ་ཞེན་ཆགས་ཤིག་ཡོད་ཅིང་། སྐྱོ་གདུང་གི་ཆང་སྐྱུར་དེ་རྔམ་འཐུང་བྱེད་པ་དང་ཡང་མཚུངས། རྗེས་སུ་ནང་ཆོས་རྙེད་ཅིང་། ནང་ཆོས་ཀྱི་སྙིང་རྗེ་དང་བཟོད་པས་ངའི་མི་ཚེའི་ལྟ་བ་བསྒྱུར། བཟོད་སྒམ་གྱིས་ང་དཀྱུས་མ་ཞིག་ཏུ་གྱུར་ཅིང་། དཀྱུས་མའི་ནང་ནས་སེམས་ཀྱི་ཞི་བདེ་བཙལ། སྙིང་རྗེ་ཡིས་ང་རང་སྒེར་སེམས་མེད་པ་ཞིག་ཏུ་གྱུར་ཅིང་། སྒེར་སེམས་མེད་པའི་ཁྲོད་ནས་ཚེ་སྲོག་གི་སྤྲོ་སྣང་བཙལ། གླུ་དབྱངས་གང་ཞིག་ཡིན་པ་མི་དྲན་ཡང་ཚིག་འདི་འདྲ་ཞིག་ཡོད་། སྔོན་ཆད་སོམ་ཉི་དང་མུན་པ་ཡང་དང་ཡང་དུ་འཁོར་བའི་ཁྲོད་དྲི་བརྟག་བྱས་མཐར། དཀྱུས་མ་དང་བག་ཕེབས་ནི་གཞི་ནས་ངོ་མ་ཡིན་པ་ཤེས། གླུ་འདི་དང་སེང་བླངས་ན་གཞི་ནས་བྲོ་བ་ཞིག་འདུག ལོ་ན་ཉེར་དགུ་ནི་ངའི་མི་ཚེ་ཡི་དཀྱོགས་མཚམས་ཆེན་པོ་ཞིག་ཡིན། ལོ་དྲུག་ལ་ནང་ཆོས་ལ་གུས་པ་དང་། ནང་ཆོས་ལ་དད་པ་བྱས་པ་བརྒྱུད་ནས་རང་བཞིན་ལས་ཤོར་དུ་སོང་བ་དང་། གཤིས་ཀ་རྭ་ལྟར་གྱོང་བའི་བུད་མེད་ང་གཞི་ནས་རང་རྒྱུད་སྨིན་ཅིང་བཞུས། ད་ལྟའི་ང་ནི་བྱིས་པའི་དུས་ཀྱི་རྨོ་མོའི་སྐུ་འཁྲིས་སུ་སླེབས་པ་དང་ཡང་འདྲ་ལ། དེ་ནི་དུས་རླབས་ཀྱི་ནང་དུ་བོར་བརླག་ཏུ་སོང་བའི་ངའི་རྨི་ལམ་ཡིན་ཡང་སྲིད།
འདིར་ང་རང་གི་སྒྱུ་རྩལ་ལ་ཕྱིར་མིག་ཅིག་སློག་ན། ངའི་སྒྱུ་རྩལ་ནི་ཤི་ལི་ཡེར་(Schiller) གྱི་འཕག་ཚགས་དང་མུན་ཁི་ཡི་སྨྲེ་ངག་དང་བར་ཐག་རིང་དུ་གྱེས་ཡོད། ངའི་མཛེས་འཛིན་གྱི་བློ་དེ་རིག་རྩལ་སྐྱར་དེར་ཞེས་པའི་དུས་དེའི་སྔ་ཕྱི་སྟེ། བོད་ཀྱི་དུས་རབས་བཅུ་གཅིག་བཅུ་གཉིས་ཀྱི་ཐང་ག་དང་། ལྡེབས་རིས་དང་། གནའ་རབས་སྒྱུ་རྩལ་ལ་ཕྱིར་ལྡོག་བྱས་ཡོད།
སྒྱུ་རྩལ་ནི་སྒྱུ་རྩལ་མཁན་པོའི་སེམས་ཁམས་ཀྱི་ཐོན་རྫས་ཡིན་ན། ངས་བལྟས་ན་བདེན་པ་དང་། དགེ་བ། མཛེས་པ་ནི་སྒྱུ་རྩལ་མཁན་པོས་འཚོལ་བའི་བརྗོད་སྙིང་ཡིན་འོས། སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཡང་ཡིན་འོས་ལ། དེ་ལྟར་ཡིན་ན་རིམ་པ་མི་འདྲ་བ་དང་། རིག་གཞུང་མི་འདྲ་བ། སེམས་ཁམས་མི་འདྲ་བ་བཅས་ཀྱི་དང་བ་འདྲེན་ཐུབ། སྒྱུ་རྩལ་གྱིས་བརྗེད་པར་གྱུར་བའི་མི་རྣམས་ལ་དེ་ལས་ཀྱང་དོ་སྣང་བྱེད་དགོས། མི་མང་པོས་སྒྱུ་རྩལ་ཟེར་བ་དེ་ལ་ཅི་ཡང་མི་ཚོར་ཞིང་། བྲོ་བ་མྱོང་མི་ཤེས་པར་འདུག མི་འདི་རྣམས་སྒྱུ་རྩལ་དང་ལས་འབྲེལ་རྩ་བ་ནས་མེད་པ་ཡིན་ནམ།
ཁོང་ཚོའི་གདོང་དུ་སྒྱུ་རྩལ་ཟེར་བ་དེ་ཅི་ཞིག་ཏུ་གྱུར་བ་རེད་། ཁོང་ཚོའི་སེམས་ན་ཁོང་ཚོ་ལ་དབང་བའི་སྒྱུ་རྩལ་ཞིག་མེད་པ་ཡིན་ནམ། ཁོང་ཚོ་རང་སྟེང་གི་ཁ་དོག་གི་ཚོར་བ་དང་། བཞེངས་གཟུགས་ཀྱི་དགའ་ཕྱོགས། དངོས་པོ་ལ་ལྟ་སྟངས་བཅས་བརྒྱུད་ནས་ཁོ་ཚོའི་སྒྱུ་རྩལ་དབྱུང་བའམ་སྒྱུ་རྩལ་མཁན་པོ་རྣམས་དང་འབྲེལ་མཐུད་བྱེད་ཐབས་མེད་དམ། ཇི་ལྟར་མི་ཚང་མས་ཟ་མ་ཟ་དགོས་པ་དང་། མི་རེ་ལ་དགའ་ཕྱོགས་གྱི་བྲོ་བ་ཡོད་པ་ནང་བཞིན། སྒྱུ་རྩལ་ནི་མི་རེ་རེའི་འཚོ་བའི་ཆ་ཤས་ཤིག་སྟེ། སེམས་ཁམས་ཀྱི་གསོ་སྨན་དང་། མིག་གི་ལོངས་སྤྱོད། བླ་སྲོག་གི་དགའ་སྟོན་དུ་འགྱུར་འོས་ཆེ་བ་ཡིན།
ངས་རྒྱུ་ཆ་འདེམས་པ་དང་མཚོན་ཐབས་ཀྱི་རྣམ་པའི་སྟེང་ནས་མང་ཆེ་བ་ཇི་བཞིན་འབྲི་བ་དང་གནའ་རབས་རིང་ལུགས་ཀྱི་ཐབས་ལམ་བཀོད་ཡོད། དེ་ལ་རྒྱུ་མཚན་གསུམ་ཡོད་པ་གཤམ་གསལ།
༡ བོད་པ་སྤྱི་ཡོངས་ཀྱི་མཛེས་འཛིན་གྱི་བློ་དེ་བརྗིད་བག་ཅན་དང་། བཀོད་པ་ལེགས་པ། གནའ་རབས་ཀྱི་སྟབས་བདེའི་གཤིས་ཀ་ཅན་ཡིན་པ་དེ། ནུབ་ཕྱོགས་པའི་གནའ་རབས་རིང་ལུགས་(ཕོ་བྲང་གི་བྲིས་ཅན་)དང་ཧ་ཅང་ཐག་ཉེ་བོ་ཡོད་།
༢ ནུབ་ཕྱོགས་པའི་རི་མོ་འཕེལ་བའི་ལོ་རྒྱུས་ལ་བལྟས་ན། དུས་རབས་དཀྱིལ་མ་ནས་རིག་རྩལ་སྐྱར་དེར་ཞེས་པའི་བར་གྱི་སྒྱུ་རྩལ་ནི་ཆོས་ལུགས་རིག་གནས་ཀྱི་རྟེན་དུ་གྱུར་ཡོད་ལ།
འདི་ནི་བོད་ཀྱི་སྒྱུ་རྩལ་གྱི་འཕེལ་རྒྱས་ནི་སངས་རྒྱས་ཆོས་ལུགས་དར་ཁྱབ་དང་འཕེལ་རྒྱས་སུ་སོང་བ་ལ་བརྟེན་ཡོད་པའི་སྤྱི་ཚོགས་ཁོར་ཡུག་དང་ཧ་ཅང་འདྲ་བོ་འདུག དེ་མ་ཟད་རིག་རྩལ་སྐྱར་དར་སྐབས་ཀྱི་སྒྱུ་རྩལ་པ་ཆེན་མོ་ད་ལྦན་ཅི་(Da Vinci) དང་། མའེ་ཁེལ་ཨན་ཇི་ལོ་(Michelangelo) སོགས་ནི་སྒྱུ་རྩལ་བ་ཡིན་པ་མཚུངས་སུ་གྲངས་རིག་དང་། སྐར་རྩིས། གསོ་རིག་བཅས་ལ་ནང་བྱན་ཆུང་པའི་ཚན་རིག་པ་ཡང་རེད། བོད་ཀྱི་ལོ་རྒྱུས་སྟེང་ལ་ཡང་སྐྱེས་ཆེན་དམ་པ་མང་པོ་བྱོན་པ་རྣམས་ཀྱིས་བོད་ཀྱི་རི་མོ་དང་། འབག་བཟོ་བཅས་ཀྱི་སྒྱུ་རྩལ་ཡར་རྒྱས་སུ་འགྲོ་བར་ཕྱག་རྗེས་བཞག་ཡོད་པ་རེད། ལོ་རྒྱུས་སུ་བཀོད་པ་ལྟར་ན། སྲོང་བཙན་སྒམ་པོས་རང་གི་ཤངས་ཁྲག་གིས་དཔལ་ལྡན་ལྷ་མོ་འབྲི་བཞེངས་གནང་བ་དང་། རྒྱལ་མཆོག་ལྔ་བ་ཆེན་མོས་བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་སྟེང་ལ་གསར་གཏོད་དང་ཐུགས་ཞིབ་གནང་ཡོད་པ་རེད།
༣ ངས་རི་མོ་འབྲི་ལྡེར་བཟོ་བྱེད་པར་དངོས་འབྲིའི་ཐབས་ལམ་བེད་སྤྱོད་བཏང་བ་ནི་བོད་པའི་བློ་བརྟན་འགྱུར་མེད་ཀྱི་ཚེ་སྲོག་གི་སྟོབས་ཤུགས་དང་། བོད་པའི་ཕྱི་ཐག་རིང་བ་དང་། གཞུང་དྲང་བ། བོད་པའི་འཇིག་རྟེན་གྱི་ཡོད་དགུ་ལ་གོ་བ་ལེན་ཚུལ། ཚེ་སྲོག་གི་ངོ་བོ་འཚོལ་བ་བཅས་མཚོན་ཆེད་ཡིན་ལ། སྲ་བརྟན་གྱི་བཞེངས་གཟུགས་དང་གཏིང་ཟབ་ཅིང་ཚ་འོད་འཕྲོ་བའི་མིག་མདངས་མ་ལུས་
མཚོན་ཡོད། ཇི་སྐད་དུ། “བོད་ཀྱི་རི་མོ་པས་བསམ་གཟས་ནས་སྒྱུ་རྩལ་གྱི་རང་གཤིས་བསད་ནས་ཤེས་རབ་ཆེན་པོ་བསྟན་ཡོད་པ་དང་། སེམས་སྟེང་གི་ངར་འཛིན་བློས་བཏང་ནས་མི་རིགས་ཐུན་མོང་གི་སྤྱོད་ལམ་གྲུབ་པའི་ནང་དུ་ཞུགས།” ཞེས་པ་ལྟར། ངའི་ལྡེར་བཟོ་དང་རི་མོ་གང་མང་ནི་སེམས་ཁམས་འདི་ལ་བརྟེན་ནས་གྲུབ་པ་ཡིན། དེ་དག་ལས་ཉུང་ཤས་ཤིག་དེང་རབས་རིང་ལུགས་ཟེར་བའི་ཐབས་ལམ་སྤྱད་དེ་སྨྱུག་ཁ་བག་ཡངས་སུ་བསྒྱུར་ཡོད། འདིའི་སྐབས་སུ་རང་སྣང་ལ་རང་དབང་ཆ་ཚང་ཞིག་ཐོབ་ན་གཞི་ནས་བྲིས་ན་འགྲུབ་ཐུབ།
འདི་ནི་དེང་རབས་སྒྱུ་རྩལ་པ་རྣམས་ཀྱིས་རང་གཤིས་ཟེར་བ་དེ་ངེས་པར་དུ་ཡིན་ལས་ཆེ།
ཞོར་དུ་། འདིར་ངས་ང་རང་གི་རི་མོ་འགྲེམས་སྟོན་འདིའི་སྐོར་མདོར་བསྡུས་ཤིག་བརྗོད་པར་འདོད། ༡༩༩༥ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ང་རང་གནས་མེད་ཁྲོམ་འཁྱམས་པ་ཞིག་ཏུ་འགྱུར་ཉེའི་སྐབས་སུ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ལོ་རྒྱུས་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ནས་ང་བོས་སོང་། ཁོང་གིས་སྒྱུ་རྩལ་པ་ཞིག་འཕྲོ་བརླག་ཏུ་འགྲོ་གི་ཡོད་པའི་ཕངས་སེམས་ཀྱིས་ང་ལ་རི་མོ་འགྲེམས་སྟོན་བྱེད་རྒྱུའི་དགོངས་འཆར་དང་སྐུལ་མ་གནང་བ་མ་ཟད། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་ང་ལ་བདག་པོ་བརྒྱབ་ནས་ངའི་ཁང་གླ་དང་། འཚོ་བའི་འགྲོ་གྲོན། ངའི་རི་མོ་འགྲེམས་སྟོན་གྱི་འགྲོ་སོང་བཅས་ལ་སྦྱིན་བདག་གནང་། དེ་ལས་ཀྱང་བརྗེད་མི་ཐུབ་པ་ཞིག་ནི། ལོ་བཞིའི་རིང་གི་ནང་ཆོས་ལ་སློབ་སྦྱོང་དང་སྒྲིབ་སྦྱོང་དང་། ལས་ཀྱི་རྣམ་སྨིན་གྱིས་ང་རང་སྨྱོན་པའི་སྨན་ཁང་ལ་བསྐྱལ་ཞིང་། ཕྱིར་ངྷ་རམ་ས་ལར་ལོག་ནས་མི་ཁྱུ་ནས་བུད་ཅིང་ཁྱི་གྲལ་ལ་མ་ཚུད་པའི་སྐབས་དེར། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་གུས་འོས་པའི་གྲོགས་པོ་རྣམས་ཀྱིས་ཕྲན་ལ་བོང་བ་གསེར་གཟིགས་གནང་སྟེ་སྨྱོན་མ་ང་ཡང་སྐྱར་མི་གྲལ་དུ་ཚུད་པར་གྱུར།
ད་ལྟ་འདིར་དགེ་བའི་སྨོན་སེམས་ཅན་གྱི་བོད་མོ་ངས་རང་གི་ཚེ་སྲོག་དང་། རང་གི་མི་རིགས། རང་གི་དགེ་རྒན། རང་གི་གྲོགས་པོ། རང་གི་ཕ་ཡུལ། འགྲོ་བ་མིའི་རིགས་ལ་འགན་ཁུར་ནས་བརྟན་ཅིང་གསར་བའི་གོམ་པ་དང་པོ་སྤོ་བའི་གོ་སྐབས་འདི་བྱུང་བ་རེད། འདིར་ཡང་སྐྱར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་རྒན་ལགས་བཀྲ་ཤིས་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། པད་མ་འབུམ་བཅས་དང་ལས་བྱེད་རྣམས་ཀྱིས་བོད་མོ་ཞིག་ལ་རྒྱབ་སྐྱོར་དང་མཛའ་བརྩེ་ལྷག་བསམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འཇམ་དབྱངས་ནོར་བུ་ལགས་ནས་སྒྱུ་རྩལ་གྱི་ཐད་ལ་མཛུབ་སྟོན་རོགས་རམ་གནང་བ། དེ་བཞིན་ང་རང་གི་ཁྱོ་གས་ང་ལ་རྒྱབ་སྐྱོར་དང་དྲོད་སྣང་ཅན་གྱི་ཁྱིམ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྡ་རམ་ས་ལ་། ༡༩༩༩ཕྱི་ཟླ་༡༠
མཆན། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་དུས་རླབས་ཀྱི་རྨི་ལམ་ཞེས་པའི་དེབ་ཆུང་དེ་ནས་བཤུས།
རྒྱ་ནག་གི་རྩོམ་པ་པོ་གྲགས་ཆེན་ལུའུ་ཞུན་གྱིས་ཆོས་ཉིད་བརྟོལ་བ་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་བ་ནི། ༼སྤྲེའུ་ནང་དུ་ཐོག་མར་རྐང་པའི་སྒང་ལ་ལངས་ནས་འགྲོ་མཁན་དེ་སྤྲེའུ་རིགས་ཀྱིས་རྨེག་མེད་གཏོང་གི་རེད༽ཅེས་པ་འདི་རེད། དེ་ག་ནང་བཞིན་པད་དཀར་ལགས་ཀྱང་རྩོམ་བསྒྱུར་བ་རྒན་པདྨ་འབུམ་ནང་བཞིན་ཐོག་མར་རྐང་བའི་སྒང་ནས་ལངས་མཁན་གྲས་ཀྱི་གཅིག་ཡིན་པས། རྨེག་མེད་གཏོང་ཨེ་ཐུབ་ལ་འབད་ཡོད་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ནད་རྙིང་ཞིག་རེད། འོན་ཀྱང་། དེང་སྐབས་བཙན་བྱོལ་ཁྲོད་དུ་སད་རྟོགས་རང་བཞིན་ལ་ཕྱོགས་པའི་ཤེས་ཡོན་པ་དང་གཞོན་སྐྱེས་ཀྱི་དཔུང་སྡེ་ཞིག་ཆར་ཤུལ་གྱི་ཤ་མོ་ནང་བཞིན་བརྡོལ་ཡོང་བཞིན་པས། རྒན་རབས་པར་བློ་ཕམ་དང་ན་མཉམ་ཚོར་སྤོབས་པ་གནང་བཞིན་པའང༼འདུས་བྱས་ཐམས་ཅད་མི་རྟག་པ༽ལ་གོ་བ་བླངས་ཀྱང་མ་ཆོག་པ་མི་འདུག་སྙམ།
འོ་མང་བཟའ་པད་དཀར་ཟེར་བའི་བོད་མོ་སྒྱུ་རྩལ་ཅན་དེ་དེང་སང་གང་དུ་བཞུགས། རྒྱ་ཡིག་ལ་མཁྱེན་རྟོགས་དེ་འདྲ་ཡངས་ཤིང་རི་མོ་སྒྱུ་རྩལ་ལ་དེ་འདྲའི་ཆེད་ལས་ཅན་ཡིན་པའི་ངོ་མ་གཅེས་ཉར་བྱེད་དགོས་བའི་བུད་མེད་ཅིག་རེད་འདུག
མཛེས་མ་མང་བཟའ་ སྨྱོན་མ་ཆགས་པ་དང་གནམ་ཡག་གི་ངག་ལ་བཙན་བྱོལ་སྤྱི་ཚོགས་དང་ནང་བསྟན་གྱིས་ཅི་ཡང་བཟོས་ཨེ་ཡོད། མཛེས་མ་འདི་ཡུལ་ཤུལ་གི་ཡིན་བསམ་སོང་། འདིའི་ཨ་ཕ་ཡང་ལྷ་བཟོ་གྲགས་ཆེན་ཞིག་རེད། རྡ་ས་ནས་ཁོང་གཉིས་ལ་ཐུགས་མྱོང། སྐབས་ཤིག་ཇོ་མོ་བཟོས་འདུག དེ་ནས་སྨྱོན་མ་ཆགས་ནས་གཅུར་བུ་བུད་ནས་འགྲོ་གི་འདུག དེ་ནས་ཁོ་མོས་སྒྱུར་རྩལ་གྱིས་ཁོ་མོར་སྡུག་བསྔལ་འདི་བཟོས་སོང་ཟེར་ནས་གོང་མཛུབ་གཏུབ་འདུག རྗེས་སུ་ཨ་མདོའི་གསར་བུ་གཉིས་ལ་གཅིག་འཕྲོ་གཅིག་ལ་འཆང་ས་བརྒྱབས་སོང། གཉིས་ཀ་འགྲིག་ཐུབ་མ་སོང། ད་དུང་གཞན་ག་རེ་ལ་ཡང་འཆང་ས་འདྲ་བོ་བརྒྱབས་ཡོད་བསམ་སོང། ད་སྐབས་ག་ཡོད་མི་ཤེས།
མང་བཟས་རྒྱལ་ཁོངས་གང་ཡིན་མི་ཤེས་པའི་ཕྱི་གླིང་བ་མི་ནག་ཅིག་ལ་ཆང་ས་བརྒྱབ་སྟེ་དེང་སང་མོའི་ཕ་ཡུལ་སྐྱེ་རྒུ་རུ་ཡོད་ལ། བྱིས་པ་ཞིག་ཀྱང་ཡོད་སྐད་འདུག མི་ནག་དེ་ཡང་ཕལ་ཆེར་རྒྱ་ནག་གི་མི་སེར་ཆགས་ཡོད་སྐད་འདུག གཅིག་བྱས་ན་མོ་ཟི་ལིང་དུ་གནས་སྤར་ཡོད་ནའང་ཐང་། ཉིས་སྟོང་གཉིས་ལོར་རྡེ་ར་རྡུན་རུ་སོང་སྐབས། འབྲི་གུང་དཔེ་མཛོད་ཁང་དུ་མོས་བཞེངས་པའི་སྲོང་བཙན་སྒམ་པོའི་འབག་སྐུ་ཆེན་པོ་ཧ་ལས་དགོས་པ་ཞིག་འདུག་ཀྱང་། རྗེས་སུ་ཕྱི་གླིང་བའི་སྦྱིན་བདག་ཅིག་ཡིན་ནམ་ཞིག་གིས་དེའི་བཟོ་བཀོད་ཅིག་ལ་སྐྱོན་བརྒྱབ་སྟབས་གླིང་བཟས་སྐུ་འདྲ་དེ་བཤིགས་པ་རེད་ཟེར། གང་ལྟར་འབག་བཟོ་བ་གཞན་ཞིག་སྲོང་བཙན་སྐུ་བརྙན་སྐྱར་བཟོ་བྱས་འདུག གླིང་བཟའ་འདིས་བཟོས་པའི་འབག་བརྙན་ཚོའི་པར་ཞིག་ཨ་མྱེས་རྨ་ཆེན་ཚང་གི་དེབ་དེའི་ནང་དུ་ཡོད་པ་མཐོང་སྐབས་ཡོ་རོབ་ཀྱི་འབག་བཟོ་གྲགས་ཅན་དེ་ཚོ་རང་དབང་མེད་པར་དྲན་དགོས་པ་ཞིག་བཟོས་མྱོང་། ཞི་མོ་འདིའི་ཕ་རྒན་གྱི་སློབ་ཕྲུག་ཡག་ཤོས་ཡིན་པའི་གྲས་ལྷ་བྲིས་པ་དང་འབག་བཟོ་བ་གཅིག་ལྕོགས་ཤིག་དེང་སང་ངའི་མཉམ་དུ་ཡོད་པ་ཁོང་གི་ལག་རྩལ་ཡང་འགྲན་ཟླ་བྲལ་བ་ཞིག་འདུག
ངས་ཉིས་སྟོང་གཉིས་ལོར་རྡ་ས་ནས་མང་བཟའ་མཐོང་དུས་མོས་དོར་ཞི་རྒྱ་མཚོའི་མཉམ་དུ་ཆང་ས་བརྒྱབ་སྟེ་འགྲོ་བཞིན་འདུག གྲོགས་པོ་ཚོས་དེང་སང་རྒྱགས་པ་ཆགས་འདུག་མ་གཏོགས་ཧ་ལས་པའི་མཛེས་མ་ཞིག་ཡོད་ཟེར་གིན་འདུག མོའི་རྐུབ་ཆེན་པོ་དེ་དོར་ཞིའི་སྦག་སྦག་གི་རྒྱབ་ཏུ་བཀལ་ནས་འགྲོ་ཚུལ་དེ་ད་དུང་མིག་ལམ་དུ་འཆར་གི གང་ལྟར་མང་བཟའ་འདི་དེང་རབས་བོད་མོའི་དྭངས་རྩེ་ཞིག་ཡིན་པར་རྩོད་པ་ཅི་ཡང་མི་འདུག
འབག་བཟོས་སྒྱུ་རྩལ་གྱི་ཐོག་ནས་ཀྱང་། སྤྱི་ཚོགས་ཤིག་གི་སེམས་ཁམས་དེ་ཇིའདྲ་ཞིག྄་ཡིན་མིན་མཚོན་གྱི་ཡོད་པ་རེད། ཡོ་རོབ་སོགས་ཕྱི་གླིང་གི་འབག་སྐུ་ཕལ་ཆེར་ཞིག་རྐང་ལག་དང་ཤ་རྒྱུས་ཀྱི་ཚུགས་ཀ་འབུར་དུ་དོད་ཅིང་། སྟོབས་ཆེན་པོའི་ཉམས། མགོ་འཕང་ཡར་མཐོ་སར་གཟེངས་སུ་བསྟོད་པ། ཕར་བལྟས་པ་ཙམ་གྱིས་གང་ལའང་མི་འཇིགས་པའི་ཉམས་ལྟ་བུ་རེ་ཡོད་པ་རེད། དེ་ལྟ་བུའི་ལུས་སེམས་ཀྱི་སྟོབས་ཤུགས་དེ་ང་ཚོ་ཤར་ཕྱོགས་པ་ལའང་ཅིག་ཡོད་ན་ཅི་མ་རུང་སེམས་བཞིན་ཡོད། ངའི་གྲོགས་པོ་ཞིག་གིས་ཁོའིཆུང་མ་དེ་སྒྱུ་རྩལ་བ་ཞིག་ཡིན། སྒྱུ་རྩལ་བ་ཧ་ཅང་ཡག་པོ་ཞིག་ཡིན་ཞེས་ངོམ་སོ་བྱས་པ་ཞིག་སེམས་ན་འདུག རྗེས་སུ་ཁོང་གཉིས་ཁ་གྱེས་པ་རེད། མང་བཟའ་པད་དཀར་ཞེས་པ་འདི་ཕལ་ཆེར་དེ་ཡིན་རྒྱུ་རེད། གང་ལྟར་གོང་གི་རྩོམ་ཡིག་ལས་བོད་མོ་ཡོན་ཚད་ཡག་པོ་ཡོད་ངེས་ཤིག་ཡིན་པར་ཐག་གིས་ཆོད། མོའི་སྒྱུ་རྩལ་གྱི་ལམ་བུ་ལ་འོད་སྟོང་འཕྲོ་བའི་སྨོན་འདུན་ཡོད།
མང་བཟའ་པད་དཀར་འདི། སྲོང་བཙན་གྱི་སྲིང་མོ་ཞང་ཞུང་སྲས་མོ་པད་མའམ་སད་མ་པད་ཀར་ཀྱི་སྐྱེ་བ་ཡིན་ན་དེ་ལས་མཛེས་པར་འགྱུར་ངེས་འདུག ངའི་རྣམ་རྟོག་འཆར་ཡན་ལས་འཁྲུངས་པའི་གཏམ་ཙམ་མོ། ཧཧཱཧཱྰ།
བཙན་བྱོལ་སྤྱི་ཚོགས་ནང་བོད་མི་བྱིངས་ཀྱི་ཁ་ལ་མ་ཎི་ལྟར་འཇགས་ཡོད་པ་ནི་༼ བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་༽ཅེས་པ་འདི་ཡིན། དེའི་ཁྲོད་ནས་བོད་ནས་བཟུང་ཡི་གེ་རེ་བྲིས་ཡོང་མཁན་དག་གིས་༼ རྩོམ་རིག སྒྱུ་རྩལ་༽ཟེར་བ་འདིའང་ཡང་ཡང་བསྒྲགས་ཀྱི་ཡོད། འདི་དག་སྒྲོག་རྒྱུར་མི་སུའང་ཚེར་སྣང་དང་ཞེད་སྣང་མེད་པའི་ཚོད་ཡིན་ཡང་། ཨ་ཅག་མང་བཟའ་ལགས་ཀྱིས་ཁ་དང་མྱོང་བ་གཉིས་ཀས་སྒྱུ་རྩལ་ཟེར་བ་དེ་ཅི་ཞིག་ཡིན་པ་དང་། རང་གི་མི་ཚེའི་དགའ་སྐྱོའི་བཞུད་ལམ་ཀྱག་ཀྱོག་དང་སྡེབས་ནས་སེམས་ཚོར་མ་འདྲ་བས་ཕྱིའི་གཟུགས་ཅན་ལ་ངོས་འཛིན་བྱས་སྟངས་ཤིག ཕྱི་ནས་རེག་པ་གང་ཞིག་གིས་མིའི་སུན་སྣང་དག་བཅོམ་པར་བྱས་རིམ། སྒྱུ་རྩལ་ཟེར་བ་འདི་ལ་སྦྱར་ནས་བྲིས་ཡོང་སྐབས། ང་ལྟ་བུའི་ཀློག་པ་པོ་ཐབས་ཆག་ཅིག་ལའང་ཨ་ཅག་མང་བཟའི་ནང་སེམས་དེ་ད་ལྟ་ག་འདྲ་ཞིག་ཡིན་ནམ་བསམ་པ་ཞིག་འཁོར་ཡོང་རུང་། སྒྱུ་རྩལ་དང་རྩོམ་རིག་ཅེས་ལྕེ་གཡུག་ཚད་ལ་སྐྱོར་མཁན་དེ་ཚོས་ཨ་ཅག་མང་བཟའི་སྒྱུ་རྩལ་ཚོར་བ་འདི་ལ་ཤོད་རྒྱུ་རེ་ཡོད་ན་ཆོག་མོད། དགོས་དུས་ཤིག་ལ་ཤི་བ་མིན་ནམ་བསམ་པ་ལྟ་བུའི་བྱེད་སྟངས་འདིས་ཀྱང་། དོན་དམ་པས་བཙན་བྱོལ་ནང་གི་རྩོམ་རིག་སྒྱུ་རྩལ་ཟེར་བ་དེའི་དཀྱིལ་དང་། ཡང་ན་ཟུར་ཞིག་མཚོན་ཐུབ་པ་རེད།
མཆན་པ་་་་་་མཚོ་ལ་་་་་མང་བཟའ་པད་དཀར་ནི་ཁྱེད་འདྲ་བའི་མི་རྣམས་གྱི་མེད་པ་བཟོ་བ་རེད། མོ་རང་སྒྱུ་རྩལ་དང་ཤེས་བྱ་གང་ཐོག་ཞག་པ་དེ་རྣམས་མི་རིགས་གི་ལོ་རྒྱུད་ཡིན་པའི་ཐུག་རྗེ་དང་དགའ་སོ་ཡོད།
རང་ལ་སློབ་སྦྱོང་མེད་ཙང་རྡོ་རྗེ་ཕ་ལམ་ངོ་མ་ཤེས་ནས་རྡོ་མཁྲེགས་པོ་འདུག་ཟེར་ཡ་འདི་ངོ་ཚ་ནས་ནང་གི་མོ་མོ་ལགས་ལ་ལབ་ན་ཡག