ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མི་མང་གིས་ཞི་རྒོལ་བྱས་ནས་ལོ་ལྔ་བཅུ་ང་གཉིས་འཁོར་བ་དང༌། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱས་ནས་ལོ་གསུམ་འཁོར་བ་བཅས་ཀྱི་དུས་ཚིགས་ཁྱད་པར་ཅན་འདིར་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བསྔོ་སྨོན་དང༌། ད་ལྟའང་བཙན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་སེམས་གསོ་ཡོད། དེ་བཞིན་བོད་རིགས་འདས་གསོན་རྣམས་ཀྱིས་མཚོན་སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་ཀུན་ཏུ་དགེ་བའི་སྨོན་འདུན་ཤུགས་དྲག་བྱེད་རྒྱུ་ཡིན།
མི་ལོ་དྲུག་ཅུ་བརྒལ་བའི་རིང་རང་དབང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པར་མ་ཟད། གཞོན་སྐྱེས་མི་རབས་གསར་པ་གནའ་བོའི་རང་དབང་བོད་ཀྱི་གནས་བབ་རྒྱུས་མངའ་མེད་པ་ཚོས་ཀྱང་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་བྱེད་བཞིན་ཡོད་པ་ནི་ངོ་མཚར་བསྔགས་འོས་ཀྱི་གནས་དང༌། བོད་མི་རིགས་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་བྱས་རྗེས་བཅས་ཡིན་པས་ལེགས་སོའི་དབུགས་དབྱུང་ཡོད།
དོན་དངོས་ཐོག་ས་ཡི་གོ་ལ་འདི་ནི་དེའི་སྟེང་དུ་གནས་པའི་མང་ཚོགས་ལ་དབང་བ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱང་དེའི་ཡུལ་མི་དུང་ཕྱུར་བཅུ་གསུམ་ལ་དབང་བ་ཡིན་པས་ཡུལ་གྱི་བདག་པོ་མང་ཚོགས་ལ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཡོད། མང་ཚོགས་ཀྱི་གནས་ཚུལ་ཤེས་ན་དེ་དག་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པར་ཡིད་ཆེས་ཡོད། དེར་བརྟེན་མང་ཚོགས་ཀྱི་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཡོང་རྒྱུ་བཀག་འགོག་བྱེད་པ་ནི་འགྲོ་བ་མིའི་སྤྱོད་ཚུལ་དང་འགལ་བ་ཡིན། ལྷག་པར་རྒྱ་ནག་གི་དབང་འཛིན་པ་ཚོས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་སྲིད་བྱུས། ལས་རིམ་བཅས་གང་ཞིག་ཡིན་ཡང་ཡང་དག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ཡིན་ན་ཡང་དག་པའི་གནས་ཚུལ་མང་ཚོགས་ཀྱིས་ཤེས་སུ་འཇུག་དགོས་པ་ལས་སྦ་གསང་བྱེད་དགོས་དོན་མེད།
དཔལ་འབྱོར་དང་དམག་ཤུགས་སོགས་འཛམ་གླིང་འདིའི་ཐོག་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོ་འབུར་དུ་འཐོན་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་གཞུང་འབྲེལ་གྱི་ལས་དོན་ཅི་འདྲ་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན། ལྷག་པར་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་དང་མཐུན་འགྱུར་བསྒྲུབ་རྒྱུའི་ནུས་པ་རླབས་ཆེན་ཞིག་ཡོད་པ་དེ་ཚུལ་བཞིན་བེད་སྤྱོད་ཡོང་བ་བྱེད་པ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་དང་གུས་བརྩི་ཐོབ་པ་དགོས། དེ་ནི་ངོ་ལྐོག་མེད་པ་དང༌། དྲང་བདེན། ཕྱི་གསལ་ནང་གསལ་བཅས་མེད་ན་ཡོང་མི་ཐུབ་པས་དེ་དག་སྒྲུབ་ཐབས་བྱེད་དགོས། འཛིན་སྐྱོང་གི་ལས་དོན་ཕྱི་གསལ་ནང་གསལ་བྱུང་ན་ལྐོག་ཟ་རུལ་སུངས་དང་ཉེ་དགའ་ཕྱོགས་ལྷུང་གི་བྱ་ངན་འགོག་ཐུབ། ཕྱི་གསལ་ནང་གསལ་ཡོང་ཆེད་མི་རྣམས་ལ་སྨྲ་བརྗོད་དང་གསར་འཕྲིན་གྱི་རང་དབང་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་རྨང་གཞིའི་འཛུགས་སྐྲུན་གང་འཚམས་བྱས་ཡོད་པ་དེ་དག་བསྔགས་འོས་ཀྱི་རང་བཞིན་དང༌། དེ་དང་ཆབས་ཅིག་ཆབ་སྲིད་ཀྱི་ལམ་སྲོལ་ཡང་རང་དབང་གུ་ཡངས་ཀྱི་ཕྱོགས་སུ་བཅོས་བསྒྱུར་བྱ་རྒྱུ་གལ་ཆེན་པོ་ཡིན། འདས་པའི་ལོ་ཤས་ནས་རྒྱ་ནག་ནང་ཆབ་སྲིད་ཐད་གུ་ཡངས་ཀྱི་བཅོས་བསྒྱུར་དགོས་པའི་བསམ་ཚུལ་འདོན་མཁན་ལས་རིགས་ཁག་གི་མཁས་དབང་སོགས་གལ་ཆེའི་མི་སྣ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང༌། ལྷག་པར་སྲིད་བློན་ཝུན་ཅཱ་པའོ་ཡིས་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དགོས་པའི་དགོངས་ཚུལ་ཡང་ཡང་གསུངས་པ་བཅས་ནི་དོ་སྣང་བྱེད་འོས་པའི་གལ་ཆེའི་མངོན་རྟགས་ཤིག་ཡིན་པས་ཡི་རངས་བསྔགས་བརྗོད་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་སྣ་མང་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཅིང༌། སྐད་ཡིག་དང་རིག་གཞུང་རྣམ་གྲངས་ཕྱུག་པོ་ཡོད། མི་རིགས་སོ་སོའི་རིག་གཞུང་དང་དེ་དག་གི་གཞི་རྟེན་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་མཐུན་པར་མ་ཟད། རྩ་ཁྲིམས་ཀྱི་ནང་དུའང་གསལ་པོ་འཁོད་ཡོད། བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་དང་ལྟ་གྲུབ། ཚན་རིག་བཅས་ཀྱི་རིག་གཞུང་དཔལ་ནཱ་ལེའི་སྲོལ་རྒྱུན་ཡོངས་སུ་རྫོགས་པའི་མདོ་རྒྱུད་བསྟན་བཅོས་ཆ་ཚང་བཞུགས་པའི་སྐད་ཡིག་གཅིག་པུ་དེ་ཡིན། དེ་བཞིན་ཚད་མ་རིག་པའི་གཞུང་ལུགས་ཆ་ཚང་དང་དེའི་འཆད་ཉན་གྱི་རྒྱུན་བོད་ཀྱི་སྐད་ཡིག་ནང་མ་གཏོགས་མེད། ནང་པ་སངས་རྒྱས་པའི་དཔལ་ཡོན་ནི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གཞི་རྩ་ཡིན་པ་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ལས་ལྡོག་སྟེ། དངོས་ཤུགས་ཅི་རིགས་ནས་དོ་ཕོག་དང་ཉམས་དམས་གཏོང་བ་ནི་མི་རྣམས་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་བློ་མིག་ཆེད་གཉེར་གྱིས་མེད་པ་བཟོས་པ་ཞིག་ཡིན། དེས་ནམ་ཕུགས་རང་གཞན་ཡོངས་ལ་གནོད་པ་ཡོང་རྒྱུར་བརྟེན་ངེས་པར་མཚམས་འཇོག་བྱེད་དགོས།
རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་གཉིས་ནི་ཡུན་རིང་བདེ་འཁོད་ཀྱི་གཞི་རྩ་ཡིན་པ་ཡང་ཡང་བརྗོད་བཞིན་དུ་བོད་ས་ཡོངས་སུ་ད་ལྟའང་དམག་མི་ཁྱོན་ཆེ་འགྲེམས་འཇོག་གིས་དམ་དྲག་སྔར་ལས་ལྷག་པ་བྱས་ཏེ་བོད་མི་རྣམས་འཇིགས་སྣང་དང་དངངས་སྐྲག་འོག་སྡོད་དགོས་པའི་གནས་སྟངས་འདི་བརྟན་ལྷིང་དང་འཕེལ་རྒྱས་ལ་གནོད་རྒྱུ་ལས་མེད་ཅིང༌། ལྷག་པར་ཉེ་བའི་ཆར་བོད་ནང་རྩོམ་པ་པོ་དང༌། སྙན་ངག་པ། རྩོམ་སྒྲིག་པ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་བོད་མི་དཔྱོད་ལྡན་མང་པོ་འཆར་གཞི་ལྡན་པའི་སྒོ་ནས་འཛིན་བཟུང་དང༌། བཀག་ཉར། ཁྲིམས་ཞིབ་ཚད་ལྡན་དང་དན་རྟགས་གསལ་པོ་མེད་པར་ “རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ ” ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་ཁྲིམས་ཆད་བཅད་པ་འདི་དག་ནི་ཆེས་བློ་ཕམ་འབྱུང་གཞི་དང༌། དེ་བཞིན་ཤེས་ཡོན་ཅན་རྣམས་ཀྱི་རང་དབང་དྲང་བདེན་གྱི་སྨྲ་བརྗོད་བཀག་ཆེད་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་ཐབས་ལམ་ལག་བསྟར་བྱས་པ་དེས། བོད་ཀྱི་བརྟན་ལྷིང་དང་འཆམ་མཐུན་ལ་གནོད་ཚབས་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད། དེ་མཚུངས་ཉེ་བའི་ཆར་རྒྱ་ནག་ནང་དུའང་ཡུལ་མིའི་ཐོབ་ཐང་སྲུང་བའི་ཁྲིམས་རྩོད་པ་དང༌། རང་དབང་གི་རྩོམ་པ་པོ་སོགས་ཤེས་ཡོན་ཅན་མང་པོ་འཛིན་བཟུང་དང༌། བཀག་ཉར། ཁྲིམས་ཆད་བཏང་བ་བཅས་ནི་ཆེས་བློ་ཕམ་གྱི་གནས་སུ་གྱུར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་གནས་ཚུལ་འདི་དག་ལ་བསྐྱར་ཞིབ་ནན་པོ་དང་འབྲེལ། སྲིད་དོན་གྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བའི་འབོད་སྐུལ་ནན་པོ་བྱ་རྒྱུ་ཡིན།
དམིགས་བསལ་བོད་དོན་དཀའ་རྙོག་གི་གནད་དོན་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་དོན་དཀའ་རྙོག་མེད་ཚུལ་དང༌། དཀའ་རྙོག་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཡིན་ཚུལ་བརྗོད་ཀྱི་ཡོད། དོན་དངོས་ཐོག་བོད་རིགས་ཡོངས་ལ་ལུས་སེམས་གཉིས་ཀར་བཟོད་མི་ཐུབ་པའི་དཀའ་ངལ་ཡོད་པ་དང༌། གཞུང་འཛིན་པའི་སྲིད་བྱུས་ལ་འདོད་བློ་མ་ཁེངས་པའི་གནས་ཚུལ་ཤུགས་ཆེ་ཡོད་པ་ནི་བོད་ཀྱི་ས་ཁུལ་གང་ས་ནས་ཡོང་བའི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པ་དང༌། ལས་རིགས་དང་འཚོ་ཐབས་གྲལ་རིམ་འདྲ་མིན་བཅས་ཀྱི་མི་ཚང་མས་གཅིག་གྱུར་གྱིས་མྱོང་ཚོར་བརྗོད་ཀྱི་ཡོད་ཅིང༌། དེ་ལྟར་བརྗོད་མཁན་གྱི་ཁོངས་སུ་རྒྱ་རིགས་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱང་ཡོད།
བོད་རིགས་ཡོངས་ལ་ཡིད་ཆེས་བློས་འགེལ་མ་ཐུབ་པར་དོགས་ཟོན་ཆེན་པོས་ཡུལ་མི་ཚང་མའི་བྱ་སྤྱོད་ལ་ཞིབ་འཇུག་དོ་དམ་ནན་པོ་བྱེད་པ་དེ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་པོར་མཚོན་ཡོད། དེ་སྔོན་ངོས་ནས་ལན་མང་བརྗོད་མྱོང་བ་ལྟར་གལ་ཏེ་བོད་མི་རྣམས་ལ་དཀའ་ངལ་མེད་པར་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོད་ན། དེ་དག་རྒྱལ་སྤྱིའི་ནང་དང༌། ཕྱི་སྡོད་བོད་མི་ཡོངས་བཅས་ལ་གསལ་སྟོན་བྱེད་དགོས་པ་ཡིན། བཙན་བྱོལ་བོད་མིའི་བདེན་དོན་འཚོལ་བའི་ལྟ་སྐོར་ཚོ་ཁག་དེ་སྔོན་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་ནང་བསྐྱོད་པ་ལྟར་དང༌། ཕྱོགས་མཚུངས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་དང༌། གསར་འགོད་པ། ཉམས་ཞིབ་པ་སོགས་ཀྱང་རང་དབང་གི་ཐོག་ནས་བོད་ས་ཡོངས་སུ་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་འགྲོ་རྒྱུའི་གོ་སྐབས་བསྐྲུན་དགོས། དེ་འདྲའི་ཞིབ་འཇུག་གི་ལམ་ནས་བོད་ནང་དཀའ་ངལ་མེད་པའི་དོན་དངོས་ར་འཕྲོད་བྱུང་ན། ང་ཚོའི་ངོས་ནས་གང་ཡང་གླེང་རྒྱུ་མེད།
དངོས་བྱུང་ཉམས་མྱོང་གི་ཐོག་ནས་བཤད་ན། འདས་པའི་ལོ་རབས་ལྔ་བཅུ་པའི་ནང་མའོ་ཙེ་ཏུང་སོགས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱི་དབུ་ཁྲིད་རྣམ་པ་དང༌། དེ་རྗེས་ལོ་རབས་བརྒྱད་ཅུ་པའི་ནང་ཧུའུ་ཡའོ་པང་སོགས་ཀྱིས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་དང་ལྟ་ཚུལ་དེ་དག་རྒྱུན་མཐུད་གནས་ཡོད་ན། བོད་དོན་ཙམ་དུ་མ་ཟད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀའ་རྙོག་མང་པོ་ཞིག་ཀྱང་དཀའ་ཚེགས་མེད་པར་སེལ་ཐུབ་ཡོད་པ་སྨོས་མ་དགོས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་གཡོན་ཐལ་ལམ་ཕྱོགས་ཀྱི་སྲིད་བྱུས་ལ་བརྟེན་ནས་དེ་དག་ལམ་དུ་སོང་མེད། ད་ཆ་མི་ལོ་བཅུ་ཕྲག་ལྔ་དྲུག་འདས་པའི་མཚམས་འདིར་དཀའ་ངལ་རྣམས་དེ་བས་གཏིང་ཟབ་ཏུ་དང་རྙོག་འཛིངས་ཆེ་རུ་སོང་ཡོད།
མཐོ་སྒང་དུ་གནས་པའི་གངས་ཅན་བོད་ཀྱི་ཡུལ་ནི་ཤར་གླིང་ཡོངས་སུ་འབབ་པའི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་དང༌། སའི་གོ་ལའི་སྣེ་མོ་གསུམ་པ་ལྟ་བུའི་འཁྱག་རོམ་གྱི་གནས་གཞི། ཤར་གླིང་གི་ཆར་ཞོད་ལ་ཚོད་འཛིན་གྱི་ནུས་པ་ལྡན་པ་བཅས་ཀྱི་ས་ཁུལ་ཁྱད་པར་བ་ཞིག་ཡིན། དེའི་ཁོར་ཡུག་ཉམས་ཆག་སོང་ན་རྒྱ་དཀར་ནག་གཉིས་དང༌། དེའི་ས་འབྲེལ་ཡུལ་ཁམས་གཞན་ཡོངས་ལ་གནོད་ཚབས་ཆེན་པོ་ཡོང་གཞིར་བརྟེན། བོད་ཀྱི་ས་ཁུལ་ཁག་གི་ཁོར་ཡུག་ལ་བདག་གཅེས་གཏན་ནས་མེད་པར་གང་བྱུང་གཏེར་ཁ་སྔོག་འདོན་དང༌། ཆུ་བོ་བཀག་བསྐྱིལ། ཤིང་ནགས་གཅོད་འབྲེག་སོགས་བྱེད་པ་ནི་ཤིན་ཏུ་མ་འོས་པ་ཡིན་པས་འཕྲལ་དུ་མཚམས་འཇོག་བྱེད་དགོས། ད་ལྟ་ཉམས་ཆག་ཚབས་ཆེ་འགྲོ་བཞིན་ཡོད་པའི་བོད་ཀྱི་ཁོར་ཡུག་ནི་འགྲོ་བ་མིའི་རིགས་སོགས་སྐྱེ་དངོས་སྲོག་ཆགས་མང་པོ་ཞིག་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་པས། རྒྱ་ནག་དབུས་སའི་གཞུང་དང༌། མང་ཚོགས་བཅས་ནས་དོ་སྣང་གིས་ཛ་དྲག་གི་ཉེན་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན།
ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཐོག དབུས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞིར་བཟུང་བོད་མིའི་མངོན་འདོད་དང་རེ་འདུན་གསལ་ཞིང་ཞིབ་པ་ངོ་སྤྲོད་བྱས་ཟིན་རུང༌། ད་བར་དོན་མཐུན་གྱི་ལན་གསལ་གང་ཡང་མ་བྱུང་བར་མ་ཟད། བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་པའི་མངོན་རྟགས་གང་ཡང་མ་མཐོང་སྟབས། ང་ཚོའི་འགྲེལ་བརྗོད་དང་དགོས་འདུན་གསལ་བཤད་ཁག་རྒྱ་ནག་གཞུང་གི་གོང་རིམ་དབུ་ཁྲིད་ལ་བཅོས་སླད་མེད་པའི་ཞུ་བརྒྱུད་བྱེད་ཀྱི་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར།
བོད་རྒྱ་མི་རིགས་གཉིས་ནི་སྲིད་པ་ཆགས་ནས་བཟུང་ཁྱིམ་མཚེས་སུ་གནས་པའི་སྤུན་ཟླ་ལྟ་བུའི་མཆེད་གྲོགས་ཀྱི་མི་རིགས་ཤིག་ཡིན་པས། ཆབ་སྲིད་དབང་འཛིན་པ་རྣམས་ཀྱི་བྱ་སྤྱོད་དབང་གིས་མི་རིགས་གཉིས་དབར་འཁོན་འཛིན་དང་སྡང་ཟུག་བྱུང་ན་གཏན་ནས་མི་འོས་པར་མ་ཟད། ལྷག་པར་ཕན་ཚུན་འཚེ་བའི་བྱ་བ་ཕྲ་མོ་ཙམ་བྱུང་ན་རང་གཞན་གཉིས་ཕུང་ཡོང་རྒྱུ་ལས་མ་འདས་པས། བོད་རིགས་ཡོངས་ནས་རྒྱ་རིགས་ཀྱིས་མཚོན་མི་རིགས་ཚང་མར་མཛའ་མཐུན་དང་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་བོད་མིའི་ཐུན་མིན་བྱམས་བརྩེ་ཡ་རབས་ཀྱི་བཟང་སྤྱོད་མ་ཉམས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ། ཕྱི་སྡོད་བོད་རྒྱའི་མི་རིགས་དབར་སྔར་ལྷག་འབྲེལ་ལམ་གོང་མཐོར་གཏོང་ཆེད་དམིགས་བསལ་འབད་རྩོལ་བྱས་དང་བྱེད་བཞིན་ཡོད་པར་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། གཞིས་སྡོད་བོད་རིགས་རྣམས་ཀྱིས་ཀྱང་དེ་མཚུངས་ཀྱི་འབད་འབུངས་བྱེད་དགོས།
ཉེ་ཆར་བྱང་ཨཕ་རི་ཀ་དང་ཡུལ་ལུང་གཞན་མང་པོར་འཚེ་མེད་ཞི་བའི་ལམ་ནས་རང་དབང་དང་མང་གཙོའི་རྩོལ་སྒྲུབ་བྱས་པ་དེ་དག་བསྔགས་པར་འོས་ཤིང༌། འཚེ་བ་མེད་པ་དང༌། མི་མང་གི་ནུས་སྟོབས་ལ་ངོས་ནས་རྒྱུན་དུ་ཡིད་ཆེས་བྱེད་ཀྱི་ཡོད། བཟང་འབྲས་ཀྱི་མྱུ་གུ་འདི་དག་གསོ་སྐྱོང་གི་འབྲས་བུ་སྨིན་པའི་ལྗོན་ཤིང་དུ་འགྱུར་བའི་སྨོན་འདུན་བྱེད་དགོས།
ངོས་རང་ཆུང་དུས་ནས་ཡིད་ལ་བརྣག་པའི་མངོན་འདོད་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་རྒྱུར་བོད་དུ་སྲིད་དབང་བཟུང་བ་ནས་འབད་རྩོལ་གང་ཐུབ་བྱས་ཏེ་གཞི་རིམ་གྱི་འགྱུར་བ་རེ་ཟུང་བཏང་ཡང་གྲུབ་འབྲས་ཆེན་པོ་མ་ཐོན། བཙན་བྱོལ་དུ་འབྱོར་བ་ནས་བཟུང་འབད་རྩོལ་ཅི་ཡོང་བྱས་ཏེ་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་སྤྱི་འཐུས་དང་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱ་རྒྱུས་མཚོན་དེང་རབས་ཀྱི་མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དངོས་སུ་ལག་བསྟར་ཐུབ་པ་བྱུང་ཡོད། ད་དུང་མང་གཙོའྀ་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར་བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་བཟུང་ཡང་ཡང་སྐུལ་འདེད་ལམ་སྟོན་བྱེད་བཞིན་པ་ལྟར་ད་ཆ་དེ་དག་དངོས་སུ་ལག་བསྟར་བྱ་རྒྱུའི་དུས་ཚོད་སྨིན་པར་མཐོང་སྟེ། ད་རེས་འདི་ཟླའི་ཕྱི་ཚེས་ ༡༤ ནས་འགོ་འཛུགས་བྱ་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན། གནས་ཚུལ་འདི་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་བྱུང་བ་ནས་བཟུང་བོད་ཕྱི་ནང་གང་སར་གནས་པའི་མང་ཚོགས་དང༌། སྒྲིག་འཛུགས་ཁག མི་སྒེར་མང་པོ་བཅས་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱུང་ཡང༌། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།
དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ། གྲོས་ཚོགས་ཀྱི་འཐུས་མི། ཤེས་ཡོན་ཅན་དང༌། རང་དབང་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོགས་ཀྱིས་དུས་ཡུན་རིང་པོའི་བར་ཡིད་ཐང་མ་ཆད་པ་དང༌། རྒྱ་གཞུང་གི་གནོན་ཤུགས་དང་བསུན་གཙེར་འདྲ་མིན་ལ་ཇི་མི་སྙམ་པར་བོད་མི་རིགས་ཀྱི་འཐབ་རྩོད་ལ་བདེན་པའི་རྒྱབ་སྐྱོར་ལྷག་བསམ་རྣམ་དག་དང༌། ཁ་ཞེ་གཉིས་མེད་ཀྱིས་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མའི་ནང་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་ལ་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་བཀའ་དྲིན་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། ལྷག་པར་རྒྱ་གར་གྱི་མང་ཚོགས་དང་དབུས་སའི་གཞུང་འཛིན་པ་རྣམ་པས་བཙན་བྱོལ་བོད་མིའི་བདེ་དོན་དང༌། བོད་ཀྱི་ཆོས་རིག་སྲུང་སྐྱོབ། བོད་མིའི་ཕུགས་འདུན་སྒྲུབ་ཐབས་བཅས་ལ་སྒོ་ཀུན་ནས་མཐུན་འགྱུར་རོགས་སྐྱོར་གཡོ་མེད་རྒྱུན་འཁྱོངས་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་དགེ་བའི་སྨོན་འདུན་བཟང་པོ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ལ།། །།
༸གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་བཞེད་རྣམས་མགྱོགས་ནས་མྱུར་དུ་འགྲུབ་པ་དང་། རླབས་ཆེན་མཛད་པ་འཕྲིན་ལས་ནམ་མཁའ་མཛོད་ལ་མངའ་བརྙེས་པ། བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་གྲངསམེད་ཞུ།
་་་། ཆབ་སྲིད་དབང་འཛིན་པ་རྣམས་ཀྱི་བྱ་སྤྱོད་དབང་གིས་མི་རིགས་གཉིས་དབར་འཁོན་འཛིན་དང་སྡང་ཟུག་བྱུང་ན་གཏན་ནས་མི་འོས་པར་མ་ཟད། ་་་་་་ ༸གོང་ས་མཆོག་ཆབ་སྲིད་པའི་སྣེ་འཁྲིད་ཡིན་བཞིན་པ་ངང་གསུངས་པ་འདི་ནི། དུས་ནམ་ཡང་བརྗེད་ཐབས་མེད་ལ། ༸རྒྱལ་བ་ལྔ་པ་ནས་༡༩༥༩བར་དང་། ༥༩ནས། ༢༠༡༡།༠༣།༡༠བར། རྒྱ་བོད་མི་རིགས་ཁ་གྱེས་མི་དགོས་པ་གཙོ་གནང་བ་དེ། མཚོན་མི་ཐུབ་བམ། གང་༸སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག ། བོད་རྒྱལ་ན། འཛམ་གླིང་ཞི་བདེ་ཡང་རྒྱལ་བས་ན། བོད་རྒྱལ་ལོ། །
༼ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང༌། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།༽ བོད་མིའི་འཕྲལ་ཕུགས། རྒྱལ་བའི་དགོངས་པ། སྐྱབས་སུ་མཆི།
༧དེ་རིང་རྒྱལ་བ་རིན་པོ་ཆེའི་ཞལ་དངོས་གནས་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་བྱེད་རྒྱུའི་ཐག་གཅོད་དེ་གོ་སོང་། རིང་མིན་ཡོང་རྒྱུའི་གྲོས་ཚོགས་ཀྱི་ལམ་སྟོན་ལ་ཉན་འདོད་ནི་སྐོམ་པ་ཆུ་འདོད་ལྟ་བུ་ཞིག་རེད། ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ཡིན་པའི་བརྗོད་གཞི་འདིའི་རིགས་ལ་མྱི་ཆུང་ཆུང་གི་བསམ་ཚུལ་མི་འོས་ཀྱང་། ༧རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་ལ་རྒྱ་བོད་ཚང་མས་དོ་སྣང་དང་སེམས་ཁུར་བྱས་པའི་འདས་པ་དག་ལ་བསམ་ཚེ། བགྲེས་ཡོལ་མི་གནང་རྒྱུའི་གསོལ་འདེབས་མཐའ་དག་གི་སྙིང་དོན་རང་འགན་གཞན་ལ་དཀྲིས་པ་མིན་པ་ཤེས་ཀྱི་འདུག་ལ། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ད་དུང་འབུལ་རྒྱུར་ལྷག་བསྡད་པའི་ཆབ་སྲིད་འགན་དབང་ཞིག་མེད་པའང་ཤེས་ཀྱི་འདུག ངས་གནད་དོན་འདི་དག་གི་གཞི་རྩར་བསམ་ཐེངས་རེ་རེར། གནད་དོན་འདིར། ཆབ་སྲིད་ལྟ་གྲུབ་དང་སྲིད་བྱུས་འཛིན་ཕྱོགས་༧རྒྱལ་བ་རིན་པོ་ཆེར་དད་ཤུགས་ཀྱིས་ཁ་ལོ་བསྒྱུར་བར་བསྒྲགས་མཁན་ཚོས་དགའ་མོས་བྱེད་སྲིད་ལ། དོན་དམ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་འོག་འགྱུར་རིམ་ཞིག་ལ་རེ་བ་བཅངས་མཁན་རྣམས་ཀྱིས་ཀྱང་དགའ་མོས་བྱེད་ཀྱི་རེད།
འོན་ཀྱང་། ང་ཚོས་ཤེས་ཐུབ་པ་ཞིག་ནི། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་པ་ལྟར། གལ་སྲིད་དངོས་གནས་ལམ་ཁ་འདི་འདྲ་ཞིག་ཏུ་ཕེབས་དགོས་ཚེ། ༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཐུགས་འགན་བཞེས་ཕྱོགས་བོད་མི་མང་ལ་འོས་ཤོག་བསྡུ་རྒྱུའི་ལམ་ཁ་ཁོ་ན་ལས་མེད་པ་རེད། དེ་ནི་ཁོང་གི་ཡང་སྲིད་ཕྱི་མ་དག་ཀྱང་། བོད་མི་རིགས་ལ་དགོས་གལ་བྱུང་ན་ཞེས་གདམ་ག་སྔ་མོ་ནས་བཞག་ཡོད་སྟབས། གསལ་བོར་ཞུས་ན། མི་མང་གིས་འོས་བསྡུའི་ལམ་ནས་འགན་དབང་ཕུལ་བ་ཡིན་ན། ༧ཁོང་གིས་སྐུ་རྩེད་གནང་པའི་འགྲོ་བ་མིའི་ཐོབ་ཐང་ཀྱང་ཕུལ་བཞག་པ་རེད། དེ་བས། ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྣམ་དཔྱོད་ཀྱིས་འདང་མིན་དང་། ཆབ་སྲིད་ལྟ་གྲུབ་ཀྱིས་ཁྱེར་བའི་བསམ་ཚུལ་ཐོན་པ་ཡིན་ན། ཁྲིམས་འཆར་འདི་དག་སྔར་མ་བྱུང་བའི་ཐད་ཀར་མི་མང་ལ་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་ཀྱི་རེད།
༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག མྱི་ཆུང་ཆུང་གིས་གལ་གནད་ཆེ་སར་སྐད་ཆ་བཤད་པར་རྒྱ་ཆེའི་མི་མང་ལ་དགོངས་དག་ཞུ་རྒྱུ་ཡིན།
༧གོང་ས་མཆོག་སྐུ་བགྲེས་ཡུལ་དུ་ཕེབས་པར་དགའ་བསུ་ཞུ། །གང་སྐུ་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག བོད་རྒྱལ་ལོ།།
གོང་ས་མཆོག་སྐུ་བགྲེས་ཡོལ་དུ་ཕེབས་པའི་གནས་ཚུལ་གོ་བར་རང་སེམས་གྲང་ཆིལ་ལེར་བྱུང་མོད།
ཁོང་ནི་ཐམས་ཅད་མཁྱེན་པ་ཡིན་པས་ང་ཚོར་དེ་ཙམ་གྱི་བློ་འཚབ་མི་དགོས་སྙམས།
ཐུགས་ཐག་གཅོད་སྟངས་འདི་ནི་བོད་ལ་འཕྲལ་ཕུགས་གཉིས་ཀར་ཕན་པ་ནི་ལོས་ཀྱང་ཡོད།
འདི་ལྟར་གྱིས་དགོངས་པ་ནི་མ་འོང་པར་རྒྱ་ནག་གི་ཕྱོགས་ནས་ཏ་ལི་ཏ་ལི་ཞེས་པ་མ་ཎི་བགྲངས་བགྲངས་བྱེད་རྒྱུ་ཞིག་ལྷག་མེད་ཅིང་འོན་ཀྱང་ཁོང་ཚོས་ཁ་ཕྱོགས་གཞན་དུ་བསྒྱུར་ནས་ཡུལ་གྱར་བོད་མིའམ་བཙན་བྱོལ་གཞུང་དེ་བོད་ཀྱི་སྐུ་ཚབ་མཚོན་མི་ཐུབ་ཅེས་ཤོད་སྲིད་པ་མ་ཟད་བཙན་བྱོལ་གཞུང་འདི་ནི་ཁྲིམས་འགལ་གྱི་གཞུང་ཞིག་ཡིན་པའི་མ་ཎི་བགྲང་རྒྱུ་ལས་ལྷག་མེད།
སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་ལུས་དོན་གྱི་བདག་པོ་བསམ་ཚུལ་བསྡུས་ན་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུའི་དབང་ཚད་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་ལ་དགོངས་པ་སྤྲོད་རྒྱུ་དང་། བོད་མི་རིགས་ཀྱི་མངོན་འདོད་མཐར་ཐུག་ཐག་གཅོད་བྱེད་རྒྱུ་གཉིས་ཀྱི་གལ་གནད་རང་བཞིན་གཅིག་པ་ཡིན་པས། གཞིས་ལུས་དོན་གྱི་བདག་པོར་བསམ་ཚུལ་བསྡུས་ན་མ་གཏོགས་ཅི་ལྟར་བསྒྱུར་བཅོས་གཏོང་ཐུབ་བམ།
བོད་ཀྱི་མཁས་པ་ཆེན་པོ་དག་གིས། གནད་དོན་ཐག་གཅོད་བྱེད་སྐབས། ༧རྒྱལ་བ་རིན་པོ་ཆེས་ཅི་ཙམ་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་བཞིན་༧སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་ཐུབ་ཀྱི་མེད། དེ་གཉིས་པང་སྒྲིག་ན། དང་པོ་༧རྒྱལ་བ་རིན་པོ་ཆེ་དང་། གཉིས་པ་སྤྱི་འཐུས་ལྷན་ཚོགས་ཡིན་པར་བདེན་ཚིག་གསུང་གིས་སྡོམ་ཚིག་གནང་ཡོད་པས་རེད།
དེ་བས་སྤྱི་འཐུས་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་ལྗིད་ཚད་མ་ནོར་བར་རྩ་དོན་ཐག་གཅོད་བྱེད་དགོས་ཀྱི་རེད།
ད་དུང་པེ་ཅིན་སྲིད་གཞུང་གི་བཀའ་དྲིན་ལ། གནམ་གྲུའི་གླ་ཆ་བརྒྱུད་པའི་སྙོག་གླེང་གཞིས་ལུས་རྒྱ་ཆེའི་མི་མང་གི་གཟིགས་མོར་འགྲིམས་ཡོད་པ་རེད། དེ་བས་གཞིས་ལུས་མི་མང་ལ་བསམ་ཚུལ་ཡོད་སྐད་ཐོས།
དེས་ན་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ངེས་པར་དུ་དགོངས་བཞེས་ཏན་ཏིག་གནང་དགོས་ཀྱི་རེད།
༸གོང་ས་ མཆོག་ལ་ གང་གིས་ དགུང་ལོ་ ༡༡༣ བཞུགས་པར་ ལུང་བསྟན་ལྟར་ ༸སྐུ་ཚེ་ ཡུན་བརྟན་ ཤོག །
༸གོང་ས་མཆོག་གིས་ཞལ་གཞེས་མ་གནང་ན་སྤྱི་འཐུས་ལྷན་ཚོགས་ལ་གང་ཡང་བྱེད་རྒྱུ་མེད། ༸གོང་ས་མཆོག་ནས་དགུང་ལོ་བཅུ་དྲུག་ནས་ད་ལྟ་བར་དུ་མི་རིགས་འདིའི་ཆེད་དུ་སྐུ་ལས་སྐྱོན་ཡོད་པས་ད་དུང་བཞུགས་རོག་ཞུ་ཕོད་རྒྱུ་ཁག་པོ་རེད་ལ། མ་ཟད་༸གོང་ས་མཆོག་ནས་དགོས་པ་རྒྱུ་མཚན་གསལ་པོ་ཐེང་མང་པོ་གསུང་སོང་བས་ད་དུང་ཨུ་ཚུག་ཞུས་ན་ཕན་ཐོག་མེད་པར་སེམས། ཉི་མ་གཅིག་༸གོང་ས་མཆོག་མེད་པའི་དུས་ཤིག་ཤར་རྒྱུ་ཡིན་པ་ནི་གཏན་ཁེལ་བས། ད་ལྟ་ནས་སྦྱོང་བརྡར་བྱེད་རྒྱུ་ཡང་གལ་ཆེ་བར་མདོད།
དེ་རང་བོད་དོན་སྐོར་ལ་ངའི་སེམས་སུ་སྔོན་བྱུང་མྱོང་མེད་པའི་ཚོར་སྣང་གསར་པ་ཞིག་སྐྱེས་བྱུང་། ཚོར་སྣང་དེ་ནི་༧སྐྱབས་མགོན་མཆོག་གིས་ཆབ་སྲིད་ལས་དགོངས་པ་གཏན་དུ་ཞུས་རྗེས། ང་ཚོའི་དབུ་ཁྲིད་དུ་ཁོང་འདྲ་བའི་ཤེས་འཇོན་དང་། ནུས་ཤུགས་ཅན་ཞིག་གང་མྱུར་འབྱུང་མི་ཐུབ་པར་གཏན་ཁེལ་བས་རེད།
དེར་བརྟེན་ང་ཚོའི་གནང་སྟངས་འདི་ཉིད་རེ་ཞིག་རིང་ཡར་རྒྱས་འགྲོ་ཐབས་དང་བྲལ་བ་ཙམ་དུ་མ་ཟད། མི་ཉམས་རྒྱུན་སྐྱོང་བྱེད་རྒྱུ་ཙམ་ལའང་དཀའ་ངལ་འབྱུང་སྲིད། དེ་ནི་དེ་སྔོན་ཆབ་སྲིད་ཀྱི་ལས་འཆར་ཡོངས་རྫོགས་༧གོང་ས་མཆོག་གི་ནུས་འཇོན་དང་། ཕྱི་རྒྱལ་མི་སྣ་ཁག་གིས་ཁོང་ལ་ཡིད་ཆེས་དང་གདེངས་འཇོག་ཞུས་པ་གཞི་ལ་བཅོལ་ནས་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་གཏན་འབེབ་བྱས་ཡོད་པ་དངོས་བདེན་ཡིན་པར་བརྟེན། ད་ཆ་ཁོང་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་གྲོས་ཚོགས་སུ་ཕུལ་རྗེས། གྲོས་ཚོགས་གསར་པའི་དབུ་ཁྲིད་ཚོར་ཁོང་གི་མཚན་སྙན་དང་དབང་ཤུགས་མེད་ན་ཁོང་གི་ནུས་འཇོན་ལ་ལྟོས་ནས་བཞག་པའི་གནས་སྟངས་ཁག་ཡལ་རྒྱུ་མིན་ནམ།
དེས་ན་ཁོང་གི་དགོངས་ཞུ་གནང་མཚམས་སུ་བོད་མིའི་ཆབ་སྲིད་ཀྱི་ལང་ཕྱོགས་ཀྱང་མི་རིགས་གསར་པ་ཚོའི་ཤེས་འཇོན་དང་མཐུན་པ་ཞིག་ཏུ་ངེས་པར་གྱུར་དགོས་པ་ཡིན། དེ་མིན་ཙི་ཙི་ལ་གཡག་གི་ཁལ་འགེལ་ན་སྲོག་ཆད་རྒྱུ་ལས་མེད།
རྒྱལ་བ་རིན་པོ་ཆེས་གསལ་ཐག་ཆོད་གསུངས་འདུག ཐུགས་རྗེ་ཆེ། སྐུ་ཚེ་ཞབས་པད་བརྟན་པར་ཤོག
༸གོང་ས་མཆོག་གིས་དེ་རིང་གི་གསུང་བཤད་དེར་ཡང་ཡང་བལྟས་པ་ཡིན། དངོས་གནས་ཁོང་གི་དགོངས་དོན་ནང་བཞིན་འགྲུབ་ན་ཅི་མ་རུང་།
དེ་རིང་དབྱིན་ཇིའི་གསར་ཁང་གྲགས་ཅན་BBC བརྙན་འཕྲིན་ནང་དུ་དྷ་སའི་སུམ་ཅུའི་དུས་དྲན་གཙོས་བོད་ཀྱི་གནས་ཚུལ་དང་། རྒྱ་ནག་གིས་བོད་ནང་དམ་དྲག་བྱེད་བཞིན་པའི་བརྙན་འཕྲིན་སོགས་བསྟན་སོང་།
ད་དུང་༸གོང་ས་མཆོག་གིས་དེ་རིང་གི་དུས་དྲན་གསུང་བཤད་གནང་བཞིན་པའང་བསྟན་སོང་། འདི་ཡང་དོ་སྣང་གསར་པ་ཞིག་ཡིན་ནམ། ད་བར་དུ་སུམ་ཅུའི་དུས་དྲན་གྱི་སྐོར་འདི་ལྟར་དུས་ཐོག་བསྟན་མྱོང་ཡོད་དམ།
བརྒྱ་བཤད་སྟོང་བཤད་ཕར་སྐྱོག་ཚུར་སྐྱོག་ག་རེ་བྱས་ཀྱང་༸གོང་ས་མཆོག་གི་བཀའ་ནི་རང་ཅག་གངས་ཅན་པར་གཞལ་དུ་མེད་པའི་རིན་ཆེན་ནོར་བུ་ཡིན་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཁོང་གི་བླང་དོར་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་དགོས་པ་ནི་བརྗོད་དུ་མེད་པའི་གནལ་ཚུལ་ཞིག་ཡིན་པས་དེ་ལ་ཞིབ་ཆ་བྱེད་དགོས་དོན་མིན་འདུག་སྙམ།
BBC གསར་ལམ་ཁག་ཏུ་བོད་ཀྱི་ལོ་རྒྱུས་བསྟན་པ་དེས་རྒྱུ་མཚན་གྱིས་ང་ཚོར་རེ་བ་གསར་པ་གང་ཡང་སྤྲོད་རྒྱུ་མེད། བོད་མི་སྤྱི་ཡོངས་ནས་བློ་ཐོག་ཆོད་པོས་རང་སྲོག་བློས་གཏོང་བྱས་ནས་ཚེ་སྲོག་དང་ཁྲག་གི་ལོ་རྒྱུས་རྫབ་ཆེན་ཞིག་བསྐྲུན་ན་གཞི་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཇུས་རྟོག་ཆེན་པོ་ཞིག་བྱེད་ངེས། དེ་ནི་ད་སྐབས་ཨ་རབ་གླིང་ཆེན་ནང་དུ་འབྱུང་བཞིན་པའི་གནས་ཚུལ་ལས་ཚོད་དཔག་བྱེད་ཐུབ། དེ་མིན་ས་མདོ་ཆུ་མདོ་རེར་གྲྭ་པ་རེ་ཟུང་གིས་ཞི་བདེའི་འབོད་ཚིག་ཙམ་གྱིས་གླིང་ཆེན་ཁག་དབང་མེད་འགུལ་གང་ནས་ཐུབ། འོན་ཀྱང་དེ་ལ་ནུས་པ་དང་ཕན་ཤུགས་མི་འདུག་ཅེས་བརྗོད་པ་གཏན་ནས་མིན་ཀྱང་། དེ་ནི་ཆུང་དྲགས་པའི་སྐྱོན་དུ་སོང་ཡོད་ལ།
དྲགས་པོའི་ཡར་ལངས་སྟོབས་ཆེན་ཞིག་བྱེད་ཐབས་མེད་ན། ཐུན་མིན་གྱི་རིག་གཞུང་སྲུང་སྐྱོབས་ཁོ་ནར་འབད་དེ་རྒྱ་ནག་གི་འགྱུར་བ་ལ་སྒུག་སྡོད་རྒྱུ་དེ་ཐབས་ཤེས་ལེགས་ཤོས་སུ་མཐོང་།
ཤར་ཕྱོགས་ཁུག་རྟ་ནི་ཨ་མའི་ནུ་ཞོ་འཐུང་གོ་ཆོད་པའི་གངས་རིའི་བུ་རྒོད་ཅིག དངོས་ཡོད་དང་དྲང་བདེན །རྒྱབ་མདུན་དང་འཕྲལ་ཕུགས་རྒྱང་གསུམ་གང་ལའང་གཟིགས་རྒྱ་ཡངས་ཤིང་ལྷག་བསམ་ཆེ ། ནམ་ཡང་ཁྱེད་ཀྱི་རང་གཤིས་འདི་གནས་དགོས །
དེ་རིང་བལ་ཡུལ་གྱི་གསུམ་བཅུ་དུས་དྲན།
http://www.youtube.com/watch?v=U5nmshrCR08
མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་༧ ཏ་ལའི་བླ་མའི་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འགན་དབང་འཕོ་འགྱུར་གཏོང་བར་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་བསམ་ཚུལ་མ་བསྡུས་པར་བཙན་བྱོལ་བོད་མིས་ཐག་གཅོད་གནང་ཐུབ་བམ།
ཐོག་མར་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ལ་བརྩི་བཀུར་ཡོད།
དེང་བར་བོད་མི་ཡོངས་ནས་ཡེ་ཤེས་དབྱིངས་དཔྱད་ལ་བརྩི་བཀུར་བྱས་ཡོང་ཡོད་ཅིང་། ཡེ་ཤེས་དབྱིངས་དཔྱད་ནི་འདས་ད་ལྟ་མ་འོངས་གསུམ་ཆ་ལག་མཐིལ་ལ་སྐྱུ་རུ་ར་རློན་པ་བཞག་པ་ནང་བཞིན་གཟིགས་ཞིབ་ཀྱིས་ཐག་གཅོད་གནང་བ་ཞིག་ཡིན་པས། བོད་ཀྱི་འཕྲལ་ཕུགས་གཉིས་ལ་དགོངས་ཡོད་པ་སྨྲས་མ་དགོས་པའི་ཁར། ཁོང་མ་བཞུགས་པའི་ཉིན་མོར་བོད་མི་ཚོས་རང་མགོ་རང་ཐོན་བྱེད་ཐུབ་པའི་འགོ་འཛུགས་ཀྱང་ཡིན་པས། ལར་ནས་ཨ་མདོའི་གཏམ་དཔེར། ༼ཕོ་ལོ་དྲུག་གསུམ་བཅོ་བརྒྱད་བརྒལ་ན་བློ་ཕ་ལ་མི་འདྲི། མོ་ལོ་ལྔ་གསུམ་བཅོ་ལྔ་བརྒལ་ན་ལྟོ་མ་ལས་མི་སློང་༽ཞེས་པའི་རང་ཁ་རང་གསོའི་ལམ་ནང་བོད་མི་ཚོ་ཁྲིད་འགོ་ཚུགས་པའང་ཡིན་པས། ཁོང་གི་བཀའ་འོག་ཏུ་ཤར་རྒྱག་ཏུ་འཛུལ་མཁན་རྣམས་ཕར་ཞོག་མི་འཛུལ་མཁན་རྣམས་ཀྱིས་ཀྱང་རླབས་ཆེན་གྱི་དགོངས་གཞི་འདིར་མིག་ལོག་ཙམ་ཡང་ལྟ་ཕོད་ཀྱི་མ་རེད་འདོད།
མ་གཞི་ངས་ཀྱང་གསར་འགྱུར་འདི་གོ་སྐབས་གང་ཡིན་ཅི་ཡིན་མེད་པར་སེམས་པ་ལ་སྟོང་ལྷང་གི་ཉམས་ཤིག་བྱུང་། འོན་ཀྱང་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཞུ་མཁན་ཀྱི་བཀའ་སྤྱི་གཉིས་ནས་འདི་ཡེ་ཤེས་དབྱིངས་དཔྱད་མ་རེད་ཞུ་རྒྱུ་རེད་དམ།
བོད་རབ་བཙན་རྒྱལ་གྱུར་ཅིག བོད་རབ་བཙན་སློབ་ཕྲུག་ཚོགས་པ་རྒྱལ་གྱུར་ཅིག གདུང་སེམས་མཉམ་སྐྱེད་ཡོད།
ཞར་ལ་དྲན་སྐུལ་བྱེདརྒྱུ། སུམ་བཅུའི་དུས་དྲན་དང་བོད་དོན་གླེང་སྐབས་ཀླུ་སྨྱོན་ཟེར་མི་དང་སྟག་སྨྱོན་ཟེར་མི་དེ་ཚོ་གྲིབ་ནག་ཙམ་ཡང་མཐོང་རྒྱུ་མི་འདུག ད་དུང་ད་དུང་ཨ་མདོ་བ་གཅིག་གཅིག་མ་མ་ཟེར་མཁན་དེ་ཚོ་མིང་ཙམ་ཡང་མཐོང་རྒྱུ་མེད། རྒྱ་ཕོག་རག་གི་ཡོད་མེད་མི་ཤེས་ཀྱང་སྐྱག་ཁང་དང་ཟ་ཁང་གི་སྦྱིན་བདག་རྒྱ་མི་ཡིན་པས་ལོན་པ་རེད་སྙམ། གང་ལྟར་ཡང་།་ཨམ་ཞེན་གྱིས་སྨྱོ་ནས་བོད་རིགས་ནང་ཁུལ་ལ་དམའ་འབེབས་འདྲ་མིན་བྱེད་མཁན་BBC ལྟ་བུ་ཡིན་ན་བོད་ལ་ཤ་ཞེན་དང་རྒྱ་ལ་སྡང་ཞུག་ལྡན་པས་དགའ་བསུ་ཡོད། གཞན་ནང་འཁྲུགས་དང་དཀྲུག་ཤིང་ནང་འཚང་ཀ་རྒྱག་མཁན་དེ་ཚོ་འདིའི་ནང་མིང་ཙམ་ཡང་མཐོང་རྒྱུམེད་པས། བོད་བཞུགས་རྒྱལ་བཅེས་པ་ཚོས་ཅིས་ཀྱང་དོ་སྣང་གནང་དགོས། འབོད་བསྐུལ་གལ་ཆེ་ཡིན། དྲ་བདག་ཨ་མདོ་བ་ཡིན་པས་འདི་ཡུན་རིང་བཞག་གི་མ་རེད། བཀླགས་ནས་ཐུགས་ལ་ངེས་པ་བཟོ་རོགས། མཆན་འགྲེལ་འདིའི་ནང་། ཤེས་ཡོན་དང་རྒྱལ་གཅེས་ཀྱི་ལྷག་བསམ་ལྡན་པའི་ཨ་མདོ་བ་ལྷ་སྡེ་གནམ་ལོ་ཡག་དང་། ཤར་ཕྱོགས་ཁུག་རྟ། ཚངས་དབྱངས། སྟག་འབུམ། ཕྱོགས་རིས་ལྡན་ལ་རྒྱལ་ཞེན་ཆེ་བ་BBC ་གཅེན་བཟོད་རྒྱམ། བཅས་
དེ་རིང་གི་ཉིན་མོ་ནི།
ཕྱི་རུ་ཞབས་བྲོ་རྒྱབ་པར།
ནང་དུ་རྡོག་གྲྭ་འགྲིག་དགོས།
ཞེས་པའི་དཔེ་ལྟར་ཕ་རོལ་དགྲ་བོས་རང་མི་རིགས་དང་རིག་གཞུང་ཁོར་ཡུག་དང་བཅས་པར་མིང་ཙམ་དུ་མི་ལྷག་པར་གཏོང་སེམས་བཅངས་པའི་ཕྱོགས་ལ་གདོང་ལེན་བྱེད་པའི་དུས་ཡིན་པ་ལས་ནང་ཁུལ་ལ་དཔུང་པ་བརྫེས་རེས་བྱེད་པ་ནི་ཆེས་མ་འོས་པར་སེམས།
དཔེར་ན་BBC་ལས་སོགས་ལྟ་བུ་རེད།
༧དཔལ་ལྡན་རང་གཞུང་གིས་བཞེད་པའི་མང་གཙོ་ཞེས་པའི་མང་དང་རྒྱ་ནག་གཞུང་གིས་འདོད་པའི་དམངས་གཙོ་ཞེས་པའི་དམངས་དང་མང་གཉིས་ཀའི་ནང་ནས། ང་ཚོའི་༼ མང་༽ འདིར་གྲངས་འབོར་དང་གྲལ་གྱི་མཐའ་ན་གནས་པའི་མི་མང་གི་བདེ་སྡུག་དབུས་སུ་འཇོག་གི་ཡོད་པ་གཉིས་འཛོམས་ཡིན་པ་ནི་རང་གཞུང་གི་མང་གཙོའི་འཕེལ་རིམ་ལ་ལྟོས་པས་ཤེས་ཐུབ་ལ། བོད་མི་རིགས་ཀྱི་མང་གཙོའི་ཤིང་རྟ་བ་ཆེན་པོ་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོའི་ཟབ་ཡངས་དགོངས་གཞི་དེ་ག་རང་ཡིན་པའང་ཡིག་ལམ་དང་དངོས་ཡོད་གཉིས་ཀ་ནས་མཐོང་ཐུབ་པ་ཞིག་རེད།
འོ་ན། ང་ཚོའི་མང་གཙོ་འདིའི་ནང་དོན་ཡོངས་སུ་ཚང་རྒྱུའི་ཚབ་མཚོན་གསུམ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་མཆོག་དང་། མི་མང་གིས་ཐད་འདེམས་བྱས་པའི་བཀའ་བློན་ཁྲི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་རེད། ང་ཚོའི་སྤྱི་ཚོགས་དང་། ལྷག་པར་གྲོས་ཚོགས་ནང་དུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་སུས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་མེད་ལ་བཀའ་མོལ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཚར་བ་རེད། ཡིན་ནའང་། ང་ཚོས་དངོས་ཡོད་གནས་ཚུལ་ལ་ལྟོས་ཡོང་དུས། མི་མང་གིས་ཐད་འདེམས་བྱས་པའི་བཀའ་ཁྲི་སྐབས་གཉིས་ཀྱི་ལས་ཐོག་པའི་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་ནང་ལྟར། སྤྱི་འཐུས་ཚོགས་གཙོས་མི་མང་གི་སྐུ་ཚབ་མཚོན་ཐུབ་རྒྱུའི་གཟི་བརྗིད་དང་ཡིད་ཆེས། ནུས་སྟོབས་ད་དུང་རེག་མེད། དེ་ནི་ཚོགས་གཙོ་གཅིག་པུའི་དགེ་སྐྱོན་ནས་མིན་པར། ཁྲིམས་བཟོ་ལྷན་ཚོགས་ཁོ་རང་གི་སྤྱི་ཡོངས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་ལ་རག་ལས་སྟབས། གནད་དོན་འདིར་ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདང་ངེས་བསྐྲུན་ཐུབ་མེད། དཔེ་མཚོན་གསལ་བོ་གཅིག་ནི། མི་མང་གིས་བཀའ་ཁྲི་གལ་ཆེན་པོ་ཅི་ཙམ་ཡིན་པར་མཐོང་བ་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གལ་གནད་མཐོང་གི་མེད། དེ་ནི་མི་མང་རང་ངོས་ཀྱི་མ་ཤེས་པའི་ཆ་ཁོ་ན་མིན་པར་སྤྱི་འཐུས་རྣམ་པའི་ཤེས་འཇོན་ལྷག་བསམ་གྱིས་སྤྱི་འཐུས་ཀྱི་མཚན་མཐོང་ལ་གཟི་བརྗིད་མ་བསྐྲུན་པས་རེད་ལ། དེང་སྐབས་ཕལ་ཆེར་ཁ་ཐོག་ཚད་དང་དགའ་ཉེ་ཕྱོགས་གཏོགས་ཀྱིས་སྤྱི་འཐུས་ལ་འདེམས་རྒྱུའི་ལུགས་ངན་ཞིག་ཀྱང་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
རྒྱུ་མཚན་དེ་འདྲ་མང་པོ་ཞིག་གིས། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་ལ་ཨང་རིམ་ཞིག་བཀར་དགོས་པའི་དབང་དུ་བཏང་ན། ༡ ༧རྒྱལ་བ་རིན་པོ་ཆེ། ༢ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ༣ སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་བཅས་རེད་འདུག་པས།
༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་འགན་དབང་གི་ཁྲིམས་འཆར་ཕར་ཞོག གྲོས་ཚོགས་ནང་སྐད་ཆ་ཙམ་བྱུང་རྒྱུར་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ལ་བཀའ་འདྲི་ཞུ་དགོས་པར་འདོད།
ཁ་བརྡ་ཚང་ལགས། ངས་ཤངས་སྟོན་ཚངས་ཐིག་གི་མིང་ཐོག་ནས་རྩོམ་ཡིག་གཅིག་བསྐུར་ཀྱང་། དྲ་སྟེང་མི་འགོད་པའི་རྒྱུ་མཚན་ཞིག་གསུང་རོགས་གནང་། འདི་དོན་མེད་རྩེད་མོ་མིན། དགོས་པ་ཆེན་པོ་ཡོད་པས་སྤྱི་དོན་ལ་དགོངས་བཞེས་ཀྱིས་འགོད་གནང་ཡོད་པ་མཁྱེན། མདོ་མེད་མང་པོས་ཕན་མེད་ཆགས་གཏམ་སོགས་ཁྱོན་ཆེ་བཏང་ཀྱང་ལམ་སེང་དྲ་སྟེང་འགོད་ཀྱི་འདུག་ཀྱང། བོད་བསྟན་པ་ཆབ་སྲིད་དང་བོད་ཀྱི་བདེ་སྡུག་ལ་བཅངས་པའི་རྩོམ་ཡིག་དྲ་སྟེང་མི་འགོད་པ་ཡ་མཚན་དང་བློ་ཕམ་ཆེ།
རང་གྲོལ་ལགས།
ཁྱེད་ཀྱི་རྩོམ་དེ་ང་ཚོར་འབྱོར་སོང་། རྩོམ་དེའི་ཁ་བྱང་བསྐུར་ཤོག་ལབ་ནས་ཡིག་ལན་བཏང་ཡོད།
ཁྱེད་ཀྱི་ཡིག་ལན་ང་ཚོར་འབྱོར་མ་སོང་། ཞོར་ནས། དོན་མེད་དུ་ཁ་བརྡར་བཀའ་བཀྱོན་གཏོང་རྒྱུ་འདི་ཡང་མཚམས་འཇོག་ཐུབ་ན།
དེ་ལ་ཁ་བརྡས་དགའ་བསུ་ཞུ་གི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
དོན་མེད་རྙོག་གླེང་གིས་ཉི་མ་ཕུད་ཐབས་བྱེད་པ་ལས་རྡོག་རྩ་གཅིག་སྒྲིལ་གྱི་ཁུ་ཚུལ་དགྲ་ལ་ངོམ་ན་བོད་པ་ཚང་གཟི་བརྗིད་རེད།
འཚང་འདྲི་དམོད་ཚིགས་ཀྱི་མདའ་མོ་སྤུན་ཟླའི་གདོང་ལ་འཕེན་པ་ལས་ཡིད་ཆེས་བློས་འགེལ་གྱི་བོད་པ་གཅིག་མཐུན་ཞིག་བཟོ་ཐུབ་ན་༧གོང་ས་ཁོང་གི་བཀའ་དགོངས་རེད།
ཁ་བརྡ་རྩོམ་སྒྲིག་པ་ལྷན་རྒྱས་ལ་ཆེད་ཞུ། ངས་རང་ཉིད་ཀྱི་མྱུར་འཕྲིན་ལ་དཔྱད་པ་མ་བྱས་པར་ཁྱེད་ཚོར་སྙོན་འཛུགས་བྱས་འདུག་པས་དགོངས་འགལ་མེད་པར་ཞུ། ཁྱེད་རྣམས་ནས་ཕྱགས་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྗེས་སོར་དོ་ནན་གྱིས་ཧོལ་རྒྱུགས་མི་ཤོར་བ་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱ་བཅས། འདི་ཚེས་ལ་ཕུལ། །
༧ རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
གང་ལྟར་ཚང་མས་རང་སྣང་གང་དྲན་མ་བྱས་པར་༧རྒྱལ་བའི་དགོངས་པ་རྟོགས་ཐབས་ཀྱིས་དེ་ལུགས་ལག་བསྟར་སྤྱོད་ཚེ་འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ།
གཟིམ་འཇག་གནང་གོ