གསར་འགོད་པ། ཨ་རིག་འགྱུར་མེད།
དེ་རིང་ཕྱི་དྲོར་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༢༡ ཡིན་པའི་གྲྭ་ཕུན་ཚོགས་འབོད་པས་རང་ལུས་མེར་སྲེག་བཏང་སྟེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་ཡོད་འདུག
བཞུགས་སྒར་ངྷ་ས་ཀིརྟི་དགོན་གྱི་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཙམ་ལ་བོད་མདོ་སྨད་ཕྱོགས་ཀྱི་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་ཞིང་། རང་ལོ་ ༢༡ ལ་སོན་མ་ཐག་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ (ཁོང་གི་ཕའི་མིང་ལ་ཚེ་རིང་བཀྲ་ཤིས་དང་ཁྱིམ་ཚང་གི་མིང་ལ་ཇ་རུ་ཟེར་གྱིན་ཡོད་འདུག ) འབོད་པས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
ཁོང་གིས་རང་ལུས་མེར་སྲེག་དང་ངོ་རྒོལ་སྐད་འབོད་བྱས་མ་ཐག་ས་གནས་དེའི་ཉེན་རྟོག་མི་སྣས་རྡུང་རྡེག་གཏོང་ཞོར་དང་བཅས་མེ་བསད་ཡོད་ཀྱང་། གྲྭ་པ་དང་མི་མང་གིས་ཁོང་ཉེན་རྟོག་པའི་ལག་ནས་འཕྲོགས་ཏེ་རྔ་པ་ཀིརྟི་དགོན་པའི་ནང་དུ་ཁྱེར་ཡོད་འདུག
གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གི་ཛ་དྲག་གི་དོན་རྐྱེན་བྱུང་མ་ཐག གྲྭ་པ་དང་མི་མང་ཆིག་སྟོང་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་ཀ་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་འདུག་ཀྱང་། དེའི་རྗེས་རྒྱ་ནག་གི་དྲག་ཆས་དམག་དཔུང་འབོར་ཆེན་བསླེབས་ཏེ་ལྕགས་དབྱུག་གློག་རྒྱུག་སོགས་ཀྱིས་བཞུས་ནས་ཚང་མ་ཁ་འཐོར་དུ་བཏང་ཞིང་། ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་གྲྭ་པ་དང་མི་མང་ཡོངས་རྫོགས་འཛིན་བཟུང་བྱས་ཐོག ལྷག་པར་དུ་ད་ལྟ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པར་མ་ཟད། དམག་མིའི་ལག་ཏུ་ཤོར་མེད་པའི་གྲྭ་པ་དང་མི་མང་གི་ཁྲོད་ནའང་ཚབས་ཆེའི་རྨས་སྐྱོན་ཕོག་པ་མང་བོ་ཡོད་འདུག
ད་ལྟ་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡར་མར་ལ་འགྲོ་བའི་ལམ་ཁ་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱི་ལ་འགྲོ་ས་མེད་པ་ལྟ་བུར་གྱུར་ཡོད་འདུག
ད་ལྟའི་ཆར་སྐུ་ལུས་མེར་སྲེག་གཏོང་མཁན་གྱི་གྲྭ་ཕུན་ཚོགས་ལགས་སྐུ་གྲོངས་མེད་པར་བོད་ཕྱོགས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཚུལ་དང་། ཡང་ཁོང་སྐུ་གྲོངས་ཡོད་ནའང་། ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་འཆོར་དུ་མི་འཇུག་ཆེད་དགོན་པའི་གྲྭ་པ་རྣམས་ཀྱིས་གླིང་མདོའི་སྒོ་ཆེན་ནང་ནས་རྒྱ་དམག་བཀག་འགོག་བྱས་ཏེ་ཚང་མ་མ་ཤི་བར་དུ་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་མི་སྤྲོད་ཅེས་སྲུང་གིན་ཡོད་པའི་གནས་ཚུལ་མ་འདྲ་བ་གཉིས་ཡོང་གིན་ཡོད་རྐྱེན། ད་ལྟའི་ཆར་ཁོང་སྐུ་གྲོངས་ཡོད་མེད་ཀྱི་ཐད་ཁ་གསལ་གྱི་གནས་སྟངས་བརྗོད་མཁན་བྱུང་མི་འདུག
གང་ལྟར་ཡང་། དགོན་པའི་གླིང་མདོའི་སྒོ་ཆེན་འགྲམ་ལ་གྲྭ་པ་ ༡༥༠༠ ལྷག་དང་། མི་མང་ ༣༠༠ ལྷག་བཅས་མཉམ་འཛོམས་ཀྱིས་དེ་རིང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་མ་བྱས་པར་མི་འགྲོ་ཟེར་ནས་མ་ཎི་བགྲང་བ་དང་མཆོད་མེ་སྒྲོན་ནས་བསྡད་ཅིང། དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་དགེ་སྐུལ་སོགས་ཀྱིས་ས་གནས་རྒྱ་གཞུང་ལ་འབྲེལ་བ་བྱས་ཏེ་དགེ་འདུན་པ་རྣམས་གློད་གྲོལ་གཏོང་རྒྱུ་བྱས་ཡོད་པས། གྲྭ་པ་དང་མི་མང་རྣམས་ཡར་འགྲོ་རོགས་གྱིས་ཞེས་ནན་སྐུལ་བྱས་འདུག་མོད། གྲྭ་པ་དང་མི་མང་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ཐང་དུ་འཛོམས་ནས་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་མ་བྱས་བར་དུ་མི་འགྲོ་ཟེར་ནས་མ་ཎི་བགྲང་བ་དང་མཆོད་མེ་སྒྲོན་ནས་བོད་ནང་གི་མཚན་མོའི་དུས་ཚོད་ ༡༡།༤༠ བར་བསྡད་འདུག་ལ། སྐབས་དེར་དགོན་པའི་དགེ་འདུན་པ་བདུན་གློད་གྲོལ་བྱས་ཏེ་ཁོང་ཚོའི་མདུན་དུ་རླངས་འཁོར་ནང་སླེབས་ཡོད་སྟབས། དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་དགེ་སྐུལ་སོགས་ཀྱིས་རང་རང་སར་འགྲོ་རོགས་གྱིས་ཞེས་བསྐུལ་བ་ལྟར་སོང་ཡོད་འདུག
གོང་གསལ་གློད་གྲོལ་བྱས་པའི་ནང་གི་མི་གསུམ་དེ་རིང་གི་ཁྲོམ་གྱི་དྲ་ཁང་རེའི་ནང་ནས་བཟུང་འདུག་པ་དང་མི་གཞན་པ་བཞི་ཡང་དེ་རིང་བཟུང་བ་ཡིན་འདུག ཡང་དགེ་འདུན་པ་ཁ་ཤས་ཀྱིས་བརྗོད་ན་ད་དུང་དགེ་འདུན་པ་ ༢༠ ཡས་མས་བཀག་ཉར་འོག་ཡོད་ཚུལ་ཡོད་སྐོར་བརྗོད་ཀྱིན་པར་མ་ཟད། ཡང་ཀིརྟི་དགོན་པ་མ་ཡིན་པའི་དགོན་པ་ཁག་གི་དགེ་འདུན་པ་དང་མི་མང་ནང་ནས་འཛིན་བཟུང་བྱས་པ་ཡང་མང་པོ་ཞིག་ཡོད་ཀྱང་གློད་གྲོལ་བཏང་མི་འདུག
གྲྭ་ཚེ་རིང་ལགས་ཀྱིས་དེ་རིང་འདི་ལྟར་ངོ་རྒོལ་སྐད་འབོད་བྱེད་དགོས་དོན་ནི། དེ་རིང་གི་ཉིན་མོ་འདི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་མི་ལོ་ཧྲིལ་བོ་གསུམ་ལོན་པའི་ཉིན་མོ་ཡིན་སྟབས་བོད་མི་ཚོས་ཉིན་མོ་འདི་ལ་རང་འགུལ་གྱིས་རྗེས་དྲན་དང་སྲུང་བརྩི་བྱས་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག
ད་ལྟའི་ཆར་ཀིརྟི་དགོན་པའི་ལྕགས་རིའི་ཕྱི་ལོགས་ཡོངས་རྫོགས་དམག་དཔུང་གིས་སྐོར་ཡོད་པས་ཤིན་ཏུ་ཛ་དྲག་གི་གནས་སྟངས་འོག་ཡོད་འདུག བོད་ནང་གི་གནས་ཚུལ་དེ་བྱུང་རྗེས་རྔ་པའི་ཕྱོགས་ལ་ལྷ་ས་དང་ཁྲིན་ཏུའུ། བལ་ཡུལ། ཨ་རི་རྒྱ་གར་སོགས་ནས་ཁ་པར་ཐེངས་མང་བཏང་ཡང་རེ་ཟུང་ཞིག་མ་གཏོགས་འཕྲོད་ཐུབ་ཀྱི་མེད་པར་རྒྱུན་ལྡན་ལས་ལྷག་པའི་ཁ་པར་གཏོང་ཡོང་གི་བརྒྱུད་ལམ་བཀག་བསྡོམས་བྱས་ཡོད་འདུག
དེ་རིང་དགོང་མོའི་ཆུ་ཚོད་ ༦ སྟེང་བོད་གཞུང་ཟློས་གར་ཁང་དུ་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས་གོ་སྒྲིག་འོག སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་འོས་མི་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་ཞིག་འཚོགས་སྐབས། བགྲོ་གླེང་མགོ་འཛུགས་མ་བྱས་པའི་སྔོན་དེར་འདས་གྲོངས་སུ་སོང་བའི་གྲྭ་ཕུན་ཚོགས་ལགས་ཀྱི་ཆེད་དུ་མྱ་ངན་གུས་དུད་སྐར་མ་གཅིག་རིང་ཞུས་ཡོད།
གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་འདི་ནི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་གསུམ་འཁོར་བ་དང་། རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལོ་གཉིས་ཧྲིལ་བོ་འཁོར་བའི་སྐབས་དང་འཁེལ་ཡོད།
རྒྱལ་གཅེས་དཔའ་བོ་སྐུ་ཞབས་གྲྭ་ཕུན་ཚོགས་མཆོག་ལ་མྱ་ངན་གུས་འདུད་ཞུ་ཞིང་རྔ་བ་ཀིརྟིའི་ཡུལ་དམངས་རྣམ་པས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོར་དྲན་བསྐུལ་བྱས་པ་བསྔགས་བརྗོད་ཀྱི་ཡུལ་དུ་ཆེ།
བོད་མི་ས་ཡ་དྲུག་གི་རྩ་དོན་ཆེད་རང་ལུས་མེ་ལ་སྒྲོན་པས་རྒྱལ་གཅེས་དཔའ་བོ་ཁོང་གཙོ་བཅས་ཤགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ། གཟུངས་སྔགས་ཡིག་གེ་དྲུག་མ་ཞིག་གི་ལེགས་སྐྱེས་ལས་ང་ལ་ཕུལ་རྒྱུ་མེད་པས་ ཨོ་མ་ཎི་པདྨེ་ཧྰོ་ཧྲི། ཞོར་ཏུ་གསལ་འགོད་པ་འདྲི་རྒྱུ་ཞིག་ལ། དཔའ་བོ་ཁོང་གྲོངས་ཟིན་པ་རེད། གྲོངས་ཡོད་པ་མ་རེད། གོང་དུ་བོད་བའི་སྨན་ཁང་ཞིག་དུ་ཡོད་ཚད་དང་གྲོངས་ཡོད་མེད་གསལ་ཆ་མེད་ཚུལ་བཀོད་འདུག། མཇུག་དུ་འདས་གྲོངས་སུ་སོང་བའི་གྲྭ་ཕུན་ཚོགས་ལགས་ལ་མྱ་ངན་གུས་འདུད་སོགས་བཀོད་འདུག་པས་གནས་ཚུལ་གསལ་བོ་ཞིག་གསུང་རོགས་གནང།
དཔའ་རྒོད་མཆོག་ལ་གུས་འདུད་དང་མྱ་ངན་དང་སྦྲགས་ཁོང་གི་གཟི་བརྗིད་ལྡན་པའི་གཅེས་སྲོག་མེ་ལ་བསྒྲོན་པའི་འོད་རླབས་ཀྱིས་ཨེ་ཤ་ཡ་ཤར་མར་རང་དབང་བརྩོན་ལེན་གྱི་མེ་རླབས་མཆེད་པར་ཤོག དཔའ་རྒོད་ཡང་བསྐྱར་བོད་ནས་འཁྲུངས་པར་ཤོག
ཕ་ཡུལ་གྱི་དཔའ་རྒོད་འདི་ཚོའི་སྙིང་སྟོབས་ལ་བལྟས་ན་གཞིས་བྱེས་བོད་མི་ཡོངས་ལ་བདེ་སྐྱིད་ཀྱི་རྒྱལ་ཁ་ཞིག་འཐོབ་ངེས་རེད།
རང་ལུས་ལ་སྒྲོན་མེ་སྤར་ཏེ་འོད་སྟོང་ལམ་སྟོན་གནང་བའི་དཔའ་བོ་རྣམས་ཀྱི་མཛད་རྗེས་ལ་ཡིད་རང་མངགས་བརྗོད་དང་། ང་ཚོ་ཕྱི་ཕྱོགས་སུ་བཙན་བྱོལ་ལ་ཡོད་པའི་མི་མང་དང་ཆབ་སྲིད་པ་དབུ་ཁྲིད་རྣམས་ནས་ཤེས་པ་དགོས་རྒྱུ་ཞིག་ལ་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་རང་སྲོག་ཚུན་བློས་བཏང་ནས་ཐབས་བརྩོད་བྱ་བཞིན་ཡོད་པ་དེའི་ངོ་བོ་དང་ཁོངས་རྣམས་ཀྱི་བློས་གཏོང་ཆེན་པོ་དེ་འདྲ་ཞིག་བྱས་པ་ནི་རྒྱ་དམར་གྱིས་དབང་འོག་ཏུ་སྡོད་འདོད་ཡོད་པ་ཞིག་ཡིན་ནམ། ཡང་ན་རྩ་བ་ནས་སྡོད་འདོད་མེད་པ་ཞིག་ཡིན་ངེས་པར་མཁྱེན་པ་གནང་རོགས། རེ་བ་ཙམ་ཡིན།
འདི་ནི་ཚད་ལས་འདས་པའི་སྙིང་སྟོབས་རེད་ ཡིན་ན་་ཡང་རྣམ་དཔྱོད་ཀྱི་སྒོ་ནས་ཁེ་ཕན་ལ་དཔྱོད་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད་། དེ་ལས་ཀྱང་དུས་དང་སྐབས་ལ་བབ་མིན་་དཔྱོད་དགོས་ ལས་འགུལ་འདིའི་འཇུག་འབྲས་ནི་ རྒྱལ་སྤྱིས་བོད་དོན་ལ་ཤ་ཚས་རྒྱབགཉེར་ཞིག་ཐོབ་རྒྱུའམ་ ཡང་ན་རྒྱ་གཞུང་གིས་སྤྱིར་བོད་རིགས་ ཡང་དགོས་དགེ་འདུས་པའི་སྡེ་ལ་སྡབ་བསིག་ཆེན་པོ་ཞིག་གཏོང་ངེས་དང་ ཁྱད་པར་ཀིར་ཏི་དགོན་པའི་མཇུག་འབྲས་ནི་ཡ་ང་བ་ཞིག་ཡིན་པ་ནི་སྨོས་མ་དགོས་ དེ་ནི་རིག་གཞུང་གི་རྡབ་གསིག་ཤིག་ཀྱང་རེད་། དེ་ལས་ཀྱང་དགེ་འདུན་པའི་སྡེ་འདི་རྒྱ་རིགས་མི་མང་གིས་ གོ་ནོར་ཐེབ་ཏེ་མཐོང་ས་མེད་པ་མེད་པ་ཞིག་ཆག་སྲིད་པས་ དེ་ཡང་བོད་རྒྱུད་ནང་བསྟན་གི་བརྡབ་གསིག་ཤིག་རེད་།
དཔའ་བོའི་སྙིང་སྟོབས་ལ་གུས་བརྩི་ཡོད། འདི་མི་རིགས་ཀྱི་གཟི་བརྗིད་རེད། འོན་ཀྱང་སྲོག་ཤོར་ན་ཧ་ཅང་གི་ཕངས་པོ་རེད། མི་སྙིང་སྟོབས་ཅན་འདི་འདྲ་དཀོན་པོ་རེད། འདི་ལྟར་བུད་ན་མི་རིགས་ཤིག་ལ་གྱོང་གུན་ཆེན་པོ་ཡིན།
དྲ་གྲོགས་ཚོ།སེམས་ཁོངས་རུས་པའི་གཏིང་ནས་ཞུ་རྒྱུར།
དཔའ་རྒོད་བློ་བཟང་ཕུན་ཚོགས་ལགས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་།ཁོང་གདོང་དམར་བོད་མིའི་ལས་དབང་སྐྱོ་པོ་འདིའི་ཆེད་དུ་སྐུ་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་རྒྱུ་དང་སྦྲགས།ང་ཚོས་རྒྱ་དམར་གྱི་ཤན་པ་དེ་ཚོར་རྡོག་རྩ་ཆིག་སྒྲིལ་གྱི་མཚོན་ཆ་དེར་བརྟེན་ནས་ཁ་གཏད་གཅོག་རྒྱུའི་ཆོད་སེམས་བརྟན་དུ་བཏང་སྟེ་རྒྱལ་གཅེས་དཔའ་བོ་ཉིད་ཀྱི་རླབས་ཆེན་གྱི་དགོངས་པ་མངོན་འགྱུར་ཡོང་བ་བྱེད་དགོས་རྒྱུ་ནི་མྱ་ངན་གྱི་བྱེད་སྒོ་ལེགས་ཤོས་དེ་རེད།
ད་ལྟ་རང་ཨ་རིའི་གྲོགས་པོ་ཞིག་གིས་བརྗོད་པ་ལྟར་ན། གྲྭ་ཕུན་ཚོགས་ཁོང་སྐུ་གྲོངས་ཟིན་པར་མ་ཟད། དེ་རིང་ཞོགས་པར་ཁོང་གི་སྐུ་ཕུང་དུར་འཇུག་བྱས་ཟིན་འདུག
བློས་བཏང་གི་དཔའ་བོ་གྲྭ་ཕུན་ཚོགས་ལགས་ལ་མྱ་ངན་གུས་བཏུད་ཞུ།
བོད་ཁམས་ཉི་མས་བཤད་པར་མོས་འདུན་ཡོད།
དེ་ཡི་ཚེ་དེ་ཡི་དུས་་ཤེས་གསུངས་ཡོད།
དཔའ་བོའི་གཅེས་པའི་ལུས་སྲོག་དུས་ལ་མ་བབས་པར་བཏངས་བ་ཡིན་ན་ཤིན་ཏུ་ཕངས།
མྱ་ངན་གྱི་གུས་འདུད་དང་སྐྱེ་བ་ནས་སྐྱེ་བར་བོད་རིགས་སུ་སྐྱེས་ཏེ་རང་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས་ཏེ།
སྐྱེས་པ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ། མའོ་ཙེ་ཏུང་གི་སྐད་ཆ་གྲགས་ཅན་འདི་ངས་ཁྱོད་ལ་འབུལ།
བོད་མི་རིགས་དཔའ་རྒོད་གྲྭ་ཕུན་ཚོགས་ལ་ལགས་ཀྱིས་རང་ལུས་མར་མེར་སྒྲོན་ནས་བོད་མི་རིགས་ཀྱི་ལས་དབང་ལ་འོད་སྣང་ཞིག་བསྐྲུན་པའི་ཆེད་དུ་ཕུལ་ངས་སྙིང་ཐག་ནས་གུས་འདུད་ཞུས་པ་ཡིན།
ད་གང་དྲག ང་ཚོ་མིག་ཆུ་མིད་ནས་སྡོད་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་རྙེད་ཀྱི་མི་འདུག
འདི་ལྟ་བའི་སྙིང་སྟོབས་དང་དཔའ་ངར་ནི་བོད་མི་རིགས་གྱི་གཟི་བརྗིད་ཡིན ་རྒྱལ་སྤྱིའི་དཔའ་བོ་ཁང་ལ་སྙིང་ཁུང་རུས་བའི་སྟེང་ནས་མྱ་ངན་ཞུ་ ཤེས་འབྱོན་ལྡན་བའི་གྲོགས་པོ་རྣམས་བའི་གསར་འགྱུར་འདི་འཛམ་གླིང་གི་གསར་འགྱུར་གལ་ཆེན་ཁག་དུ་གྲམ་རྒྱུ་གལ་ཆེ་
དཔའ་པོར་རྗེས་དྲན་ཞུ། ཨ་རིག་ལགས་གསར་འགོད་ནས་རྡོག་ཐོན་བྱས་པ་མ་རེད་དམ། ད་ཡང་ཕར་འཛུལ་པ་ཡིན་ས་རེད།
ཁུངས་གཞན་དུ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་འདོན་བྱས་ཞེས་འདུག་ཀྱང་ཁོས་མི་གཅིག་གི་མིང་མ་གཏོགས་སྨོས་མི་འདུག། གནད་དོན་མེད་ན་སྐྱོན་ཆེན་པོ་རང་མ་རེད།་
བྱེས་པའི་དངོས་གྲུབ་ལགས་དང་། གཞིས་ཀྱི་ཕུན་ཚོགས་ལགས་གཉིས་ནི། ཤིན་ཏུ་བརྗེད་དཀའ་བའི་བོད་ཀྱི་དཔའ་བོ་གཉིས་ཡིན་ན་ཡང་། འཚེ་མེད་ཞི་བའི་ལས་འགུལ་ནང་ལ། རང་ཉིད་ལ་ཡང་གནོད་ཚབ་གང་ཆུང་ཆུང་ཡོང་བའི་སྒོ་ནས་ལས་འགུལ་ལ་འབད་འབུངས་མི་དགོས་སམ། ཁྱེད་གཉིས་རྒྱལ་ལོ། བོད་རྒྱལ་ལོ། །