ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།
ཡིད་ཆེས་དང་བློ་གཏད་མི་ཐུབ་པའི་སྲིད་དབང་སྒེར་གཅོད་པ་དག་གི་དབང་བསྒྱུར་གནས་བབ་འོག་འདུག་འདོད་མེད་པའི་མི་རྣམས་ཀྱིས་མང་གཙོ་དང་རང་དབང་གི་ཆེད་དུ་གྱེན་ལང་ངོ་རྒོལ་གྱིས་སྲིད་གཞུང་མགོ་སྟེང་སློག་པ་དང་། རྒྱལ་ཁབ་གྱི་གཙོ་འཛིན་གནས་དབྱུང་གཏོང་བ་སོགས་ཀྱི་གནས་ཚུལ་ཞིག་གིས་འཛམ་གླིང་སྤྱི་དང་ལྷག་པར་དཀྱུལ་ཤར་ཡུལ་གྲུ་ཁག་གི་ཆབ་སྲིད་ཐོག་ཤུགས་རྐྱེན་ཐེབས་པ་དང་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར། རི་བོ་གངས་ཅན་པ་རྣམས་ཀྱིས་ཡིད་ཆེས་དང་རེ་བའི་མཐར་ཐུག་བྱེད་ས། “བསམ་པའི་དབུ་ཁྲིད་དང་།
མི་རིགས་དང་རྒྱལ་ཁབ་ཀྱི་མཚོན་རྟགས་”སུ་གྱུར་ཞིང་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་མི་རྣམས་ཀྱིས་མང་གཙོ་མཚན་ཉིད་ཚང་བ་ཞིག་ལོངས་སུ་སྤྱོད་ཐུབ་པའམ། “མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམས་པས་མི་མང་གི་འགན་ཆ་ཚང་འཁྱེར་ཐུབ་པ་བྱེད་རྒྱུའི་ཆེད།” ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་ཙམ་མ་ཡིན་པར་“ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་”སྟེ།
མདོར་ན་མི་ལོ་བཞི་བརྒྱར་ཉེ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་༸རྒྱལ་བ་རིན་པོ་ཆེའི་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་པའི་སྲོལ་རྒྱུན་ཡོངས་སུ་རྫོགས་པ་མཇུག་བསྡུ་བྱེད་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ནས་འགྱུར་བ་བཏང་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་བཞིན་ཡུལ་མིའི་རྒྱལ་ཁབ་ཞིག་ཏུ་བསྒྱུར་རྒྱུའི་བླ་ན་མེད་པའི་དགོངས་བཞེད་དངོས་སུ་ལག་བསྟར་གནང་དགོས་པར་ཐག་གཅོད་གནང་བའི་གསུང་འཕྲིན་རིན་པོ་ཆེ་སྤྱི་བོར་བསྩལ་ཡོད་པ་རེད་ལ། འདིས་ནི་གནམ་འོག་ན་གནས་པའི་རྒྱལ་ཁབ་དང་མི་རིགས་རྣམས་ཀྱི་དབུ་ཁྲིད་དག་གི་ཁྲོད་ན་༸གོང་ས་མཆོག་གི་མངོན་པར་མཐོ་ཞིང་བླ་ན་མེད་པའི་རིན་ཐང་དང་། རྨད་དུ་བྱུང་བའི་གཟི་བརྗིད་དེ་མངོན་པར་བྱས་ཡོད་པ་དང་། དེ་ཡང་༸རྒྱལ་བ་རིན་པོ་ཆེས་གོ་སྒྲིག་དང་གོ་རིམ་ལྡན་པའི་ཐོག་ནས་འདས་མ་ད་གསུམ་དང་། འཕྲལ་ཕུག་རྒྱང་གསུམ་ཀྱི་བོད་དང་བོད་མིའི་རྒྱལ་ཁབ་ཀྱི་གནས་བབ་དང་མདུན་ལམ་ཀྱི་ཆེད་དུ་སྙིང་ནས་བརྩེ་ཞིང་། རིང་ནས་བརྣག་པའི་དགོངས་བཞེད་ཉག་གཅིག་ཡིན་པར་སུ་ཞིག་སོམ་ཉི་བྱེད། ཡིན་ནའང་། གསུང་འཕྲིན་རིན་པོ་ཆེ་འདིའི་སྔ་བར་མཇུག་གསུམ་དུ་བོད་མི་རྣམས་ཀྱིས་བློ་འཚབ་དང་དངངས་སྐྲགས་བྱས་ཡོད་པ་དང་།
ཡང་ནས་ཡང་དུ་གཞུང་སྒེར་ཚང་མས་དེ་ལྟར་བཀའ་གསུང་མི་གནང་བའི་སྐྱབས་འཇུག་མཐའ་གཅིག་ཏུ་བྱས་པ་ནི་གཅིག་ནས་བོད་མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེར་ཡིད་ཆེས་བློ་གཏད་དང་དད་དམ་འགྱུར་བ་མེད་པས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་གནས་ཚུལ་འདིའི་འགན་ཁུར་བྱེད་རྒྱུར་མི་མང་དང་མི་མང་གི་མགྲིན་ཚབ་པ་དང་། འགོ་ཁྲིད་གཙོ་འཛིན་པ་ཚོའི་སྙིང་སྟོབས་དང་སྤོབས་པས་མ་འདངས་བ་ཞིག་ཀྱང་ཡིན་པར་མངོན། གང་ལྟར་བོད་དང་བོད་རྒྱལ་ཁབ་མི་རིགས་དང་བཅས་པའི་མདུན་ལམ་དང་ལས་དབང་ལ་བསམ་ན་བཀའ་དགོངས་འདི་ལྡོག་ཏུ་མེད་པར་ངེས་པར་དང་ལེན་བྱེད་དགོས་པའི་གནས་ཚུལ་ཞིག་ཡིན་པའང་སྔ་ས་ནས་ཤེས་ཀྱི་ཡོད་པ་ལྟར། གནས་ཚུལ་གང་ལ་ཐུག་ཀྱང་། དོན་རྐྱེན་ཅི་ཞིག་བྱུང་ཡང་། སུ་ཞིག་གིས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་འདོད་ཡོད་པ་དང་། སུ་ཞིག་༸རྒྱལ་བ་རིན་པོ་ཆེར་ཡིད་ཆེས་བློ་གཏད་ཡོད་པ་དང་། སུ་ཞིག་གིས་བོད་དང་བོད་མིའི་མ་འོངས་པའི་མདུན་ལམ་ལ་མིག་རྒྱང་རིང་པོ་བྱེད་ཀྱི་ཡོད་ན།དེས་༸རྒྱལ་བ་རིན་པོ་ཆེའི་བླ་ན་མེད་པ་དང་མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་འོག་ཡིད་གཉིས་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱེད་དགོས་པ་ཞིག་རེད་ལ།
དེ་ཡང་ཀ་ཀོར་མེད་པ་དང་”ཉིན་འགྱང་ཞག་འཕུལ་དུ་མ་བཞག་པར་”༸རྒྱལ་བའི་ལམ་སྟོན་འཛུབ་ཁྲིད་ལྟར་འདས་པའི་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ད་ལྟའི་གནས་བབ་བཅས་ཀྱི་ཉམས་མྱོང་གཞི་ལ་བཞག་ནས་གྲ་སྒྲིགས་ཨང་གསར་བྱེད་དགོས་པ་ནི་སྐབས་སུ་བབ་བའི་བོད་མི་མང་སྤྱི་འཐུས་གཙོ་བོར་གྱུར་བའི་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་མི་རེ་ངོ་རེའི་འགན་འཁྲི་ཡིན་པར་འདོད། དེ་མིན་གནས་སྟངས་འདི་འདྲ་ལ་སླེབས་ཀྱང་ད་དུང་རང་ཉིད་ཀྱི་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་པའི་སྨྲ་བརྗོད་པ་ཚོར་དམིགས་པའི་གླེང་བརྗོད་འདྲ་མིན་ཆེད་སྤེལ་བྱེད་པ་དང་། ཡག་ཡག་དད་དད་ཀྱིས་མིས་ཆུ་གཏོང་བའི་ཚུལ་འཆོས་དང་རྒྱུད་པ་འདར་འདར་བྱེད་ཁུལ་བྱེད་པའི་དུས་ཚོད་མེད་ལ་དེ་ལྟར་བྱེད་པ་ལ་ནམ་ཡང་དོན་སྙིང་མེད་པར་མཐོང་། གང་ལྟར་གནད་དོན་འདི་ལས་སླ་པོ་དང་སྟབས་བདེ་པོ་མེད་པ་ཤེས་གསལ་རེད་ལ།
འགན་ཁུར་ཆེན་པོ་དང་འཕོ་འགྱུར་སྟོབས་ལྡན་ཞིག་ཡིན་པའང་བཤད་མི་དགོས་པ་ཞིག་རེད་མོད། བོད་དང་བོད་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་དང་ལས་དབང་བཅས་ཀྱི་གནད་དོན་ལ་ཐུག་ཡོད་པར་བརྟེན། ལྡོག་ཏུ་མེད་པའི་ལས་དབང་འདིར་འཇུག་དགོས་པ་དང་།
ཞུགས་ནས་རྣམས་དཔྱོད་དང་སྙིང་སྟོབས། སྤོབས་པ་བཅས་ཀྱིས་བོད་དང་བོད་རྒྱལ་ཁབ་མི་རིགས་ཀྱི་ཆེད་དུ་ནུས་ཤུགས་ཡོད་ཚད་དང་། ལྷག་བསམ་ཡོད་ཚད་འདོན་དགོས་པའི་དུས་ལ་བབ་ཡོད་དོ།
རྒྱབ་བསྐྱོར་དང་ཡི་རངས་ཡོད།
རྒྱབ་བསྐྱོར་ བརྒྱ་ཆ་ ༡༠༠ ཡོད་
སྤྱི་འཐུས་ཀྱི་ཚོགས་ཐེང་འདི་ཐོག་སྤྱི་འཐུས་མི་རེ་ངོ་རེ་ནས་མི་མང་གི་འཐུས་མི་མཚོན་ཐུབ་པའི་དོན་གནད་འདི་ཐད་ མཉམ་བཞུགས་དང་ ཆ་ཤས་ འགན་ཁུར་ཇི་འདྲ་ལེན་མིན་མང་ཚོགས་ནས་ཤེས་ཆེད་གཟུགས་མཐོང་རླུང་འཕྲིན་ཐོག་སྙན་དཔར་ཆ་ཚང་བ་ཞིག་བསྟོན་ཐུབ་ན་ཚང་མར་ཕན་ཐོག་ཡོད་ཞི་བདའ་།
རྒྱབ་བསྐྱོར་ བརྒྱ་ཆ་ བརྒྱ་ཡོད།
སྤྱི་ཐུ་མི་ངན་དེ་ཚོ་རྒྱ་དམར་ནས་ཉོས་ཚར་བ་མིན་ནམ།
ཞོན་ནུ་རྣམས་ནས་ཞིབ་འཇུག་གནང་གལ་ཆེ།
དེ་འདྲ་མི་སྲིད་པ་མ་རེད་དེ་སྔོན་ཐེ་ཐན་བོད་སོག་ལས་ཁུང་ནས་ཉོ་མྱོང་བ་རེད