འཇིགས་མེད་ཀྱིས། བྷེལ་ལྗམ་ནས།
ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་རྒྱབ། བྷེལ་ལྗམ་གྱི་གྲོང་ཁྱེར་ཆེན་པོ་བྷི་རོལ་སིལ་གྱི་ཡོ་རོབ་གྲོས་ཚོགས་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་ལྔ་གཉིས་པ་དང་བོད་རྒྱའི་རྩོད་རྙོག་ཅེས་པའི་བརྗོད་གཞིའི་འོག་བོད་རྒྱའི་དཀའ་རྙོག་དང་བོད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཡོད། སྐུ་མགྲོན་གཙོ་བོ་༸གོང་ས་མཆོག་དམིགས་བསལ་སྐུ་ཚབ་དང་སིད་སུ་དོན་གཅོད། བྷི་རོལ་སིལ་བོད་ཀྱི་དོན་གཅོད་ཀྱི་ལས་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཕེབས་ནས་བོད་རྒྱའི་གྲོས་མོལ་གྱི་རྒྱུད་རིམ་ཐོག་གསུང་བཤད་གནང་བ་དང༌། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ Thomas Mann ལགས་ནས་གསུང་བཤད་གནང་རྗེས། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་་Edward Mcmillan མཆོག་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲིའི་སྐོར་ལ་གསུང་བཤད་གནང་ཡོད། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ Kristiina Ojuland་ ལགས་ནས་ག་རེ་བྱས་ནས་ཨེ་སི་ཏོ་ནེ་ཡས་Estonia བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཐོག་གསུང་བཤད་གནང༌། ཡོ་རོབ་གྲོས་ཚོགས་འཐུས་མི་Csaba Sogor ལགས་ནས་བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་སྟངས་ཀྱི་སྐོར་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཆབ་སྲིད་ཐད་ཀྱི་འགན་འཛིན་ Vincent Metten ལགས་ནས་བཙན་བྱོལ་བོད་མིའི་མང་གཙོའི་མྱོང་ཚོར་གསལ་འགྲེལ་གནང༌། བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པོ་པོ་ Roy Strider ལགས་ནས་འཛམ་གླིང་འདིར་བོད་ཇི་ལྟར་གལ་གནད་ཆེན་པོ་ཡིན་སྐོར་གསུང་བཤད་གནང་རྗེས། དྲི་བ་དྲིས་ལན་སོགས་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་གནང་འདུག
ཚོགས་འདུ་འདིར་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གལ་གནད་སྐོར་དང༌། ༸གོང་ས་མཆོག་གིས་ཉེ་ལམ་གནང་བའི་གསུང་འཕྲིན་ཐོག་གླེང་སློང༌། ལྷག་པར་ད་ལོའི་གསུམ་བཅུའི་དུས་དྲན་ཐོག་གི་བལ་ཡུལ་ཉེན་རྟོག་པ་རྣམས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ བྱས་པ་མ་ཟད། ཉིན་དེར་ཨ་མདོ་རྔ་བ་ཁུལ་དུ་གྲྭ་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་བཏང་བའི་སྐོར་ལ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དག་དང་ཚོགས་བཅར་བ་རྣམས་ཀྱིས་རྒྱབ་སྐྱོར་ཐོག་གླེང་སློང་ཤུགས་ཆེན་བྱས། རྒྱ་ནག་གི་དབང་འཛིན་པའི་དམ་དྲག་དང་གདུག་རྩུབ་ལ་ཡི་མ་རངས་པའི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག
བགྲོ་གླེང་ཚོགས་འདུ་འདིར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་གཙོས་འཐུས་མི་མང་པོ་ཕེབས་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་དང༌། ༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང༌། བྷི་རོལ་སིལ་བོད་ཀྱི་དོན་གཅོད་ལས་བྱེད། བྷེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་པ་ཁག་གི་ལས་བྱེད་སོགས་ཚོགས་ཞུགས་པ་བརྒྱ་ལྷག་ལྷན་འཛོམས་ཀྱིས་བགྲོ་གླེང་གི་ཆ་ཤས་བླངས་འདུག
ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་ནི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་་Edward Mcmillan དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་་ Kristiina Ojuland སོགས་ཡོ་རོབ་གྲོགས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་གནང་མཁན་དག་ཡིན་འདུག
ངོ་མ་ཡག་པོ་འདུག ད་བོད་དོན་ཞུ་གཏུགས་དང་རྒྱབ་སྐྱོར་གྱི་ཁ་ཕྱོགས་བྷེལ་ཇམ་ཡུ་རོབ་གྲོས་ཚོགས་ལ་འཁོར་འདུག གནད་དོན་གལ་ཆེན་ཏག་ཏག་གི་སྐོར་ལ་བགྲོ་གླེང་གནང་འདུག་ག
གཞིས་བྱེས་བོད་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡོད།
མཁས་དབང་བློ་བཟང་སེངྒ་ལགས་འཀབ་ཁྲི་ལ་ཕེབས་པ་མཚམས་འབྲི་ཡོད།