རྔ་སྒྲ
ལ་ལས་སྙན་འཇེབས་ཚིག་གི་སྡེབ་རིས་རྩོལ།།
ལ་ལས་དོན་ཟབ་རྒྱ་མཚོའི་ཀློང་ཏུ་མྱུལ།།
མ་བཅོས་དལ་འབབ་སེམས་གཏམ་རྣལ་མ་འདི། །
གངས་དཀར་ལྷ་མོའི་ཕྱོགས་སུ་ཝ་ལེར་བསྲིངས།།
ཕྱི་རོལ་འཇིག་རྟེན་བྲག་ཆར་རླུང་འཚུབ་རྒོད།།
ནང་གི་སེམས་པ་དྲན་གདུང་གློག་ལྟར་འཁྱུག །
འཁོར་བའི་ལས་ལམ་སྐྱིད་སྡུག་སྣ་ཚོགས་ཤིག །
སྐྱེས་བུའི་ཐོད་པའི་ཁ་ཡི་རི་མོ་ལྟར། །
སྔོན་བསགས་ལས་དབང་བཙན་པོའི་ཁུགས་སོ་ན།།
ཕྱི་ཡུལ་ཤེས་རིག་ཚལ་ནས་ལྷན་ཏུ་འཚར།།
ཁྱེད་ཀྱི་ཕུགས་རེ་མངོན་མེད་ཀུན་གསལ་བཞིན།།
ངེད་གཉིས་ལས་སྨོན་རི་ལུང་སྟོང་གི་བར།།
ཁེར་རྐྱང་སེམས་ཀྱི་རྟ་ཕོའི་བང་རྩལ་ལས།།
བྲལ་བས་ཡིད་ཀྱི་གདུངས་བ་རབ་ཏུ་བཟི།།
འདས་ཟིན་ལོ་ཟླ་མིག་ཆུའི་ཀློང་དུ་འཐིམས།།
མི་ལྡོག་ཆོས་ཉིད་བསམས་ཚེ་ཡིད་ཐང་ཆད།།
ཡ་རབས་གཤིས་བཟང་གཞུང་རྒྱུད་མདའ་ལས་དྲང་།།
ཞལ་རས་ཆུ་ཤེལ་ཟླ་བའི་དཔལ་ལ་འགྲན། །
འཇོ་སྒེག་ལང་ཚོའི་རང་མདངས་མཛེས་སྡུག
མ་བཅོས་ཡིད་ཀྱི་མཚོ་མོ་ངང་གི་སྐྱོམ།།
གློ་བུར་གྱེས་བྲལ་མི་འདོད་ཐོག་ཏུ་བབས།།
རེ་བའི་རྨི་ལམ་འཇའ་ཚོན་བཞིན་དུ་ཡལ།།
རྩིས་འཁོར་མདུན་ཏུ་ཡུན་རིང་རེ་སྒུག་ངང་།།
སེམས་ཀྱི་དབུས་ན་ཟོལ་མེད་རྨ་ཁ་ཞིག །
དགོད་སྒྲ་སྟོང་གིས་ཕྱུག་པའི་སྨིན་ལེགས་མ།།
དྲན་པའི་གདུངས་བས་མནར་བའི་ཁེར་རྐྱང་ངས།།
མི་ལྡོག་ཆོས་ཉིད་བཙན་པོར་འཁང་ར་ཤོར།།
ལྷད་མེད་སེམས་ཀྱི་རི་མོ་ཡིག་ཐོག་བཀོད།།
འདི་ནི་རྟོག་བཏགས་རི་མོའི་མཛེས་རིས་མིན།།
འདི་ནི་རབ་བཏགས་རྫུན་བཟོའི་འཁྱུག་བྲིས་མིན།།
འདི་ནི་བཅོས་མིན་སེམས་ཀྱི་སྙིང་གཏམ་ཡིན།།
འདི་ནིི་མ་འོངས་མཇལ་འཛོམས་རེ་སྨོན་ཡིན།།
འདོད་ཀྱང་ལག་ཏུ་མི་འོང་དང་པོའི་སྡུག།
འོངས་ཀྱང་ཉར་ཚགས་ཁག་པོ་གཉིས་པའི་སྡུག།།
ཟིན་ཀྱང་མཐའ་མི་བརྟན་པ་ཐ་མའི་སྡུག།
སྡུག་གསུམ་འཁོར་ལོ་འཁོར་པའི་ཆོས་ཉིད་འདྲ།།
གློག་ཀླད་ནང་ནས་མཛེས་མ་དམར་ཧྲེང་འགའ།།
ཁོ་བོས་མཐོང་ཡང་མཐོང་ལ་དྲན་ཡང་དྲན།།
དངོས་ཡོད་འཚོ་བའི་ནང་གི་མཛེས་མ་འགའ།།
ཁོ་བོས་མཇལ་ཡང་མཇལ་ལ་མྱངས་ཀྱང་མྱངས།།
དང་པོ་རང་གི་སེམས་པ་ལྷོད་ལ་ཕོབས།།
གཉིས་པ་དམིགས་ཡུལ་ཡོད་པའི་ཇུས་ཤིག་སོམས།།
ཐ་མ་ཏན་ཏན་ཏིག་ཏིག་ལག་ལེན་གྱིས།།
མ་རེག་ན་ནི་ཁོ་བོས་མྱིག་རྡོ་སྤྲོད།།
རྔ་སྒྲ་སྙན་པོ་དྲ་ཚིགས་ངོས་སུ་སྒྲོགས།།
རྔ་གཡང་ཕྱུག་མོའི་ལ་རྒྱ་ཐོད་ལ་ཆོངས།།
རྔ་ཡབ་གླིང་གི་སྲིན་མོ་འདྲ་པ་ལ།།
ལྷ་མོ་འདྲ་པའི་རིན་ཐང་འཇོག་དོན་མེད།།
བརྕེ་བ་ཡོད་ན་ནམ་ཞིག་གསལ་ལེ་རེད།།
གནས་སྐབས་ཡ་མ་བྱས་པར་ལྟ་རྒྱུ་མེད།།
དུས་ནས་དུས་སུ་ཉམས་ཚོད་ནན་པོ་ལོངས།།
འདོད་པའི་བསྟན་བཅོས་མ་འཛགས་སྔོན་ནས་སྦྱོངས།།