རྫ་ཚེ་རིང་བཀྲ་ཤིས་ཀྱིས་དྲ་ཐོག་ཏུ་ཕུལ།
༼འདི་ནི་ཆོས་རྗེ་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོར་རྒྱལ་མོ་ཚ་བའི་རོང་ནས་མ་ཡུམ་གྱིས་བསྐུར་བའི་ཕྲིན་ཡིག་དང་དེའི་ལན་ཡིན་ཞིང་། ད་བར་བོད་ཀྱི་རྩོམ་རིག་པ་དག་གིས་སྤྱན་ལ་ཡེ་མ་ཐོགས་པ་ལྟ་བུ་ཞིག་བདག་གིས་སྙེད་པར་དགའ་བ་མནོན་མི་ཐུབ་པ་ཞིག་ཀྱང་བྱུང་། འདི་དང་འབྲེལ་ནས་རྗེ་བདག་ཉིད་ཆེན་པོ་ལ་མ་ཡུམ་གྱིས་ཙོང་ཁའི་ཡུལ་ནས་བསྐུར་བའི་ཕྲིན་དང་འཕྲིན་ལན་དག་ཀྱང་དྲན་པར་གྱུར་ཏེ། འདི་དག་གིས་སྔ་མོའི་དུས་སུ་བོད་ཀྱི་མཁས་གྲུབ་ཆེན་པོ་དེ་དག་གིས་ཀྱང་འཇིག་རྟེན་མིའི་མི་ཚེའི་ལུགས་སུ་རང་གི་གཅེས་པའི་ཕ་མ་དང་གཏན་བྲལ་བའི་དཀའ་བ་ཁུར་དུ་འཁྱེར་བའི་ལོ་རྒྱུས་ཀྱི་ཟུར་ངོས་ཡིད་ལ་བཅགས་པ་དེ་དག་དང་། བཀའ་དྲིན་ཅན་གྱིས་ཨ་མ་དེ་དག་གིས་ཐག་རིང་གི་ཡུལ་ནས་ཉི་མ་དབུས་ཀྱི་ཕྱོགས་ལ་རེ་བའི་མིག་གིས་ཡང་ཡང་བཅེར་ཏེ་རྒྱང་རིང་དུ་བཞུད་པའི་སྐྱོ་ཤས་ཅན་གྱི་གཏམ་རྒྱུད་དེ་དག་ང་ཚོར་དྲན་གསོ་བྱེད་ཀྱིན་འདུག མ་གཞི་འདི་ནི་འཕོ་བའི་གདམས་སྐོར་གྱི་ཡིག་ཆ་ཞིག་དང་འབྲེལ་ཆགས་སུ་བཞུགས་མོད། འཕོ་བའི་གཞུང་ཆོག་ཁྲིག་དངོས་ནི་མ་བཀོད། ཀློག་པ་པོ་དག་གིས་ང་ལ་བཀའ་དྲིན་ཆེ་གསུང་དགོས་པ་ཡོད་དོ། ༽
བླ་མ་རྒྱལ་མཚན་པའི་དྲུང་དུ
ཞུ་བ།
ཁྱེད་དབུས་གཙང་དག་པའི་ཞིང་ཁམས་ནས། སྐུ་ཁམས་བཟང་ཞིང་འགྲོ་དོན་རྒྱ་ཆེ། གདུལ་བྱ་ལོངས་སྤྱོད་ནམ་མཁའ་དང་མཉམ་པར་བཞུགས་ནས་ཡོད་ཅིང་ཐོས་པས་སེམས་ཤིན་ཏུ་དགའ། ང་རྒན་མ་ད་ལྟ་འཚམས་པོ་ཡོད་སྐབས་ཞུ། ཁྱེད་དབུས་གཙང་ན་འགྲོ་དོན་ཆེ་ཡང་ང་ལ་མ་ཕན། མ་བུ་འབྲེལ་པ་རྨི་ལམ་ཙམ་དུ་འདུག་གོ། །ང་ནི་རྒས་མི་ཚེ་སྟོང་སར་ཟད། འཆི་བ་མ་དྲན་འཆི་ཁར་ཆོས་མེད་པ་ཁྱེད་མདོ་རྒྱུད་ཡོན་ཏན་ཐམས་ཅད་ལ་མཁས་ཀྱང་། ང་ལ་ལམ་སྟོན་མི་མེད། །ང་རྒན་མོ་ནམ་འཆི་དུས་ཕན་ངེས་ཤེས་པའི་གདམས་པ་ཟབ་མོ་གཅིག་ཞུ་མདོ་ཕྱོགས་ཀྱི་རྒྱུ་མཚན་དགེ་བཤེས་ཡོན་ཏན་རིན་ཆེན་ལ་གསལ། ཞུ་ཡིག་མི་འཁྱལ་བའི་རྟེན་དུ་དངུལ་སྤོ་ཏི་གསུམ་བསྐུར་ཡོད། ཡོས་ལོ་ཟླ་བ་གསུམ་པའི་ཉེར་ལྔ་ལ་ཕུལ།། ༈ །།
ཨ་མ་བྱང་ཆུབ་འབུམ་གྱི་ཡི་གེ་རྟེན་དང་བཅས་པ་འཕྲོད། ཁྱེད་སྐུ་ཁམས་བཟང་པོ་ཡོད་འདུག་པ་ལེགས། ངེད་ཀྱང་དགེ་སྦྱོར་ལ་བརྩོན་པར་ཡོད། ན་ནིང་དགེ་བཤེས་གྲགས་པ་བཟང་པོ་གསུམ་ལ་ཡི་གེ་རྟེན་དང་བཅས་པ་བསྐུར་བ་བྱུང་ཡོད་ལས་ཆེ། ཨ་མ་ཁམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན། དེ་ལས་ཐར་བར་འདོད་ན། རང་དབང་གང་ཡོད་ཀྱི་རྒྱུ་རྣམས་དགེ་ཕྱོགས་སུ་གཏོང་ཞིང་ཆོས་ཟབ་མོ་སྟོན་པའི་བླ་མ་ལ་སྒོམ་ཁྲིད་ཞུས། ཨ་མ་ངེད་ཀྱིས་གསུངས་པའི་ཆོས་ཉམས་སུ་ལེན་པ་དཀའ། ལས་རྒྱུ་འབྲས་འདི་བདེན་པར་གོ་ཞིང་མིག་ཅན་གཡང་ས་ལ་འཆོངས་པ་རྣམས་རང་གི་རང་སླུ་བ་ཡིན་ཏེ། དེ་ལ་སྐྱོན་ཆེན་པོར་ཡོད་པ་ཐེ་ཚོམ་མེད། སྐྱེས་ནས་འཆི་བར་ཐག་ཆོད་པ་ཤེས་བཞིན་དུ་རྣམ་སྨིན་གྱི་དལ་འབྱོར་མི་ལུས་སྟོང་ལོག་བྱས་ནས་འཆི་ཆོས་མི་དྲན་པ་རྣམས་འོ་རེ་བ་རྒྱལ་འགྱོད་དེ་འཆི། །ཚེ་འདིའི་སྒྲིབ་ཤས་ཆུང་ཞིང་། ཚེ་སྔ་མའི་རྣམ་སྨིན་གྱིས་མ་སྒྲིབས་ན། ངེད་རང་མ་བུ་གཉིས་བདེ་འགྲོ་ཐོབ་ངེས་པའི་ལམ་གཅིག་འཚོལ་ཐབས་ཡོད་པས། འདི་བཞིན་ཐུགས་ལ་བཞག་འཚལ།
རྗེ་སངས་རྒྱས་ཀུན་གྱི་ངོ་ངོ་བོ་ཉིད། ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱི་འགྲུབ། ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ།དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །
ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུབ། གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་སྐར་ཁུང་ཐལ་ལེ་བ། །
སྒོམ་འགགས་ཐལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །
ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུགས་ཡུངས་ཀར་ཕུ་བཏབ་བཞིན། དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུག་ཀར་ཐིམ་དུ་ཆུག །
དུས་ད་ནས་བྱང་ཆུབ་མ་ཐོབ་པར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཕཊ།།
༄༅། །རྩོམ་བསྡུའི་གསལ་བརྡ།
བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་༧དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིག་ གནས་ཀུན་ལ་མཁྱེན་རྒྱ་ཡངས་ཞིང་དགའ་ཞེན་ཆེ་བའི་རྩོམ་པ་པོ་རྣམས་ལ་ཞུ་རྒྱུར།
ཐེངས་འདིར་ངེད་རྩོམ་སྒྲིག་པས་མ་སྐུལ་དང་ བླངས་ཀྱི་སྒོ་ནས་རང་མི་རིགས་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་༧དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིག་གནས་ཀུན་ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་ཡོང་ཕྱིར་དུས་དེབ་གཞུ་རོང་གཙང་ཆུའི་རླབས་སྒྲ་ཞེས་པ་འདི་ གཉེར་ཡོད། དེས་ན་རིས་མེད་མཁས་དབང་རྣམ་པས་བོད་སྐད་ཡིག་འཕེལ་རྒྱས་གཏོང་ ཕྱོགས་ཀྱི་སྐོར་དང༌། ནང་ཆོས་དང་ཚན་རིག་བར་གྱི་ཁྱད་པར། རིག་གཞུང་གི་དཔྱད་ གླེང༌། གནའ་ཤུལ་དང་དགོན་སྡེ། ཡུལ་སྐོར་གནས་མཆོགཡུལ་སྲོལ་གོམས་གཤིས། ཀུན་ སྤྱོད་སློབ་གསོ། ཁོར་ཡུག་སྲུང་སྐྱོབ། དངོས་མིན་རིག་གནས་ཤུལ་བཞག་ངོ་ སྤྲོད། ལྷག་པར་དུ་༧དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འདི་ཉིད་དང་ འབྲེལ་བའི་བརྩམས་ཆོས་གང་རུང༌། དེ་དང་ཕྱོགས་མཚུངས་སློབ་གྲྭ་ཆུང་འབྲིང་ དང༌། དགོན་སྡེ་སོ་སོ། སྤྱི་ཚོགས་ལས་རིགས་ཁག་གི་ན་གཞོན་བློ་གསར་རྣམས་ལ་ཆེད་ དུ་བསྐྲུན་པའི་གར་སྟེགས་ཞིག་ཀྱང་ཡིན་པས་ཁྱེད་རྣམས་པས་བོད་ཀྱི་རིག་གནས་འཕེལ་ རྒྱས་བཅས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་བའི་སྙན་ངག ལྷུག་རྩོམ། དཔྱད་གླེང་སོགས་ བརྗོད་བྱ་དོན་གྱིས་ཕྱུག་ལ་རྗོད་བྱེད་ཚིག་སྦྱོར་ལེགས་པའི་བརྩམས་ཆོས་རེ་ཐུགས་ རྗེས་འཛིན་པར་ཞུ།
གསལ་འགྲེལ་ཞུ་རྒྱུ་ཞིག་ལ། མི་སྣ་ཕན་ཚུན་ དམའ་འབེབས། ཆོས་ལུགས་དང་གྲུབ་མཐའི་ཕྱོགས་རིས། ལོ་རྒྱུས་དང་རྣམ་ཐར་རྫུན་ བཟོ། ཆགས་སྡང་དང་རང་འདོད་ཀྱིས་སླད་པའི་བརྩམས་ཆོས་ཁག་བསྡུ་རྒྱུ་མིན།
རྩོམ་གྱི་ནང་དོན་ཆབ་སྲིད་དང་མ་འགལ་བ། ཡིག་གཟུགས་དབུ་ཅན་ཡིན་པ། མ་རྩོམ་རང་གི་ཉར་དགོས།
ལག་འབྱོར་བྱུང་བའི་རྩོམ་རྣམས་ངེད་རྩོམ་སྒྲིག་ཁང་ནས་ལེགས་འདེམས་བྱས་རྗེས་འགོད་རྒྱུ་ཡིན།
འབྲེལ་གཏུགས་ས་གནས་དང་རང་མིང་སོགས་གསལ་པོ་འབྲི་དགོས།
འབྲེལ་གཏུགས་པ། སོག་རུ་མགོན་པོ་རྡོ་རྗེ། དཀོན་མཆོག་དོན་གྲུབ།
འབྲེལ་གཏུགས་ས་གནས། ལྷ་ས་གྲོང་ཁྱེར་གཞུ་རོང་གཙང་ཆུའི་རླབས་སྒྲ་#འདི་སྔོན་གཙོ་ངོས་སུ་འཆར་ངེས།#རྩོམ་སྒྲིག་ཁང༌།
གློག་རྡུལ་ཡིག་སྒམ། gsxrzqlz@163.com
རྫ་ཚེ་རིང་བཀྲིས་ལགས་ལ་བཀྲིན་ཆེ་ཞུ།
རོང་སྟོན་གྱིས་མ་ཡུམ་ལ་གནང་བའི་འཕོ་བ་ཞིག་ཁོང་གི་གསུང་འབུམ་ལས་མཇལ་མྱོང་།
ངོ་མ་ཡག་པོར་འདུག
སྔོན་གྱི་བླ་མ་འདི་ཚོས། ཆོས་ཀྱི་ཆེད་དུ་ཕ་ཡུལ་རྒྱབ་ཏུ་བཞག་ནས་ཐག་རིང་རྒྱངས་དུ་སོང་སྟེ། སློབ་སྦྱོང་ཡུན་རིང་པོར་བྱས་པའི་འབྲས་བུ་མཁས་པར་གྱུར་སྐབས་སུ། ཕལ་ཆེ་བ་ལོ་ལོན་གྱུར་བས་རང་ཡུལ་དུ་ལོག་ཐུབ་མཁན་ཤིན་ཏུ་དཀོན་པར་བརྟེན། བླ་མ་ཚོས་རང་གི་ཨ་མ་ལ་སྙིང་རྗེ་ཡོད་ཀྱང་ཕན་ཚུན་ཞལ་མཇལ་ཐུབ་མཁན་ཉུང་ཤས་རེད། དེ་ལྟར་སྔོན་གྱི་མཁས་གྲུབ་ཚོའི་རྣམ་ཐར་ལ་བསམ་ན་དགའ་བ་དང་སྐྱོ་བའི་མིག་ཆུ་མི་འབྱུང་བ་ཅི་ལ་སྲིད།
སྐྱོ་བོ་འདུག་་་་་་་་་་རྗེ་རིན་པོ་ཆེས་ཨ་མ་དྲན་པའི་སྒྲུང་ཞིག་དགའ་ལྡན་ལ་གནས་སྐོར་འགྲོ་དུས་ཐོས་བྱུང་། སེམས་སྐྱོ་བོ་ཞིག་འདུག
ཆོས་ཀྱི་དོན་ལ་འཇིག་རྟེན་གྱི་བྱ་བ་ཚང་མ་བློས་གཏོང་ཐུབ་མཁན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དེ་ཚོ་ངོ་མ་བོད་ལ་དཀའ་འདྲིན་ཆེན་པོ་རེད། ད་ལྟ་རྒྱལ་བ་ཀརྨ་པ་འདི་པ་ཡང་ཕ་མ་བོད་ལ་ལུས་ནས། ཐུགས་ག་ཚོད་སྐྱོ་བ་མེད་དམ། ལྷག་པར་དུ་རྒྱ་མིས་ཁོང་ཚོར་མནར་གཅོད་གང་གཏོང་མི་ཡོང་སྙམ་པའི་འཇིགས་སྣང་ག་ཚོད་མེད་དམ། སྙིང་མ་རྗེ།
འོ་ཡ་ད་ཡིན་དེ་རིང་རྐུན་མ་ཞིག་ངོས་ཟིན་སོང་། བོན་ཟེར་བ་འདི་་་་་་
འོ་ཡ་ད་ཡིན་ན་དེ་རིང་རྐུན་མ་ཞིག་ངོས་ཟིན་སོང་། བོན་ཟེར་བ་འདི་་་་་་
རྫ་ཚེ་རིང་བཀྲ་ཤིས་ཁྱེད་ཀྱིས་རོང་སྟོན་ཤ་ཀྱ་རྒྱལ་མཚན་གྱི་མ་ཡུམ་རྒྱ་གར་སྨན་ནས་རང་གི་བུ་ལ་བསྐུར་པའི་སྤྲིངས་ཡིག་དྲ་རྒྱར་བཀོད་པ་བཀླགས། ཁྱེད་ཀྱིས་མ་བཅོལ་ཀྱང་། བཀའ་དྲིན་ཆེ་ཞུ་དགོས་པ་ཞིག་ཏུ་མཆིས། ལོ་ངོ་བདུན་བརྒྱ་ཙམ་སོང་ཡང་བོད་ཀྱི་སྐད་ལ་འགྱུར་བ་ཆེར་མེད་པ་ད་ལྟ་ཡང་གོ་ཐུབ་པར་མ་ཟད་རང་རེས་བོད་སྐད་ནུབ་ལ་དྭགས་ནས་ཤར་ཙོང་ཁ་སོགས་སུ་གོ་ཐུབ་པའི་སྐད་ཀྱི་མ་དཔེར་གཞག་དགོས་པ་ཞིག་ཏུ་སྣང་།
དྲི་བ།
ཨ་མ་ངེད་ཀྱིས་གསུངས་པའི་ཆོས་ཉམས་སུ་ལེན་པ་དཀའ། བརྗོད་ཚིག་འདི་རོང་སྟོན་རིན་པོ་ཆེས་མ་ཡུམ་ལ་གསུངས་པ་ཡིན་ནམ། ཡིན་ན་ངེད་ཀྱི་ཚབ་ལ་ཉིད་དང་། ལེན་པ་དཀའ་ལ་ལེན་པར་དཀའ་ཞེས་དགོས་པར་མངོན།
འོ་རེ་བ་རྒྱལ་ཞེས་པར་འོ་རེ་བརྒྱལ་ཞེས་དགོས་པར་འཚལ། སླར་ཁྱེད་ནས་མ་དཔེ་དེར་གཟིགས་ནས་དག་པར་མཛོད་ཅེས་ཞུ་བ་ལགས། བོད་ཀྱི་སྐད་ཀྱི་སྐད་འབྲི་བ་པོ་དག་གིས་བཀྲ་ཤིས་ལ་བཀྲིས་དང་། བཀའ་དྲིན་ལ་བཀྲིན་ཞེས་དང་༏ འོང་བ་ལ་ཡོང་ཞེས་མ་འབྲི་བར་བོད་ཀྱི་གཞུང་དཔེ་དག་བཀླགས་ནས་དེ་དག་གི་ཡི་གེ་དང་མཐུན་པར་འབྲི་ན་བོད་ཡིག་སྲོལ་ཉམས་པར་སོར་ཆུད་དང་། བོད་ཡིག་མི་ཉམས་གོང་འཕེལ་ལ་ཕན་པས་དེ་བཞིན་དགོངས་དབྱིངས་སུ་མངའ་བར་འཚལ།།