འདོན་སྤེལ། ༢༠༡༡/༠༤/༠༢
ཕྱི་ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་ནང་། རང་ལོ་ ༢༧ ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་ཚེ་དཔག་ལགས་འཛིན་བཟུང་བྱས་འདུག འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། འཛིན་བཟུང་བྱས་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ།
ཕྱི་ཚེས་ ༣༠ ཉིན་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་ཆོས་འཕེལ། རང་ལོ་ ༢༤ ཡིན་པ་ཁོང་དགོན་པའི་གླིང་བར་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
ཡང་གོང་ཚེས་ཡས་མས་ཤིག་ལ་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་གོང་མ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་དངོས་གྲུབ། རང་ལོ་ ༣༢ ཙམ་ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེའི་གོང་འཛིན་བཟུང་བྱས་པའི་གྲྭ་བསམ་འགྲུབ་དང་བློ་བཟང་བསྟན་འཛིན། ཕུན་ཚོགས་སོགས་མུ་མཐུད་བཀག་ཉར་བྱེད་མུས་ཡིན་འདུག།
དེ་རིང་གནས་ཚུལ་ཐོན་པ་ལྟར་ན། རྔ་པ་ཀིརྟིའི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་ཇེ་མང་དུ་བཏང་ཡོད་འདུག་ལ། དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་བསླེབས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག་ལ། དེ་སྔོན་དགོན་པའི་གྲྭ་རྒན་བླ་རྒན་རྣམས་གླིང་སྐོར་ལ་གཏོང་གི་ཡོད་པ་དེ་ཡང་བཀག་འགོག་བྱས་ཡོད་ཅིང་། ད་ཆར་ཕྱི་ནང་གི་འགྲུལ་བཞུད་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། དགེ་འདུན་པ་རྣམས་ལ་འཚོ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁར་ཐུག་ཡོད་འདུག
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་
དངོས་གནས་ཅི་ཞིག་བྱེད་དགོས་པ་རེད།ཨ་མདོ་རྔ་བ་རྫོང་ནས་ད་བར་གྲྭ་བ་གཉིས་ཀྱིས་རང་ལུས་མེར་བསྒྲོན་ཏེ་བོད་མིའི་དཀའ་སྡུག་འགྲེལ་བརྗོད་བྱས་སོང་།རྒྱ་གཞུང་གིས་རྔ་བ་རྫོང་དམ་དྲག་བྱེད་སྟངས་དེ་ད་སྔ་བྱེད་མྱོང་བའི་ཚད་ལ་བསླེབས་འདུག་ཟེར་།བོད་མི་རྣམས་ཡར་མར་གང་དུ་འགྲོ་མ་བཅུག་པར་བཀག་ཡོད་འདུག།
ང་ཚོས་བཙན་བྱོལ་ནང་ཁ་བདེའི་སྐད་ཆ་ཇི་ལྟར་བཤད་ཀྱང་སྲོག་ལ་ཉེན་ཁ་མེད། སུམ་དུས་མཛད་འགོ་གལ་ཆེའི་སྐབས་སུའང་བཀའ་ཤག་རྒྱ་དམར་ལ་འཇིགས་ནས་སྐད་འབོད་ལ་ཕེབས་མྱོང་མེད། གཙུག་ལག་ཁང་དུ་བཀའ་སློབ་རེ་བཤད་བཞིན་དུ་དེ་མ་ཐག་རང་གི་གཟིག་ཤག་ཏུ་ལོག་ནས་ཕེབས།