བོད། ལྷ་ཀླུ་གཉན་གསུམ།
ང་ཚོ་སྟེ། ཕྱི་རོལ་ཡུལ་གྲུ་ཁག་ན་འཚོ་བཞིན་པའི་བོད་མི་དག་གིས་བོད་ཁུལ་གྱི་རྔ་བ། དེ་རིང་གི་རྔ་བ། རྔ་བའི་མི་མང་གི་གཙོ་བའི་བོད་ཡུལ་གྱི་བོད་མི་དག་དྲན་གྱི་ཡོད་དམ། དེ་དག་གི་ཆེད་དུ་ང་ཚོས་རྐང་ལག་འགུལ་གྱི་ཡོད་དམ། ཁ་འགུལ་གྱི་ཡོད་དམ། སྐད་འབོད་བྱེད་ཀྱི་ཡོད་དམ། འཛམ་གླིང་གི་རོགས་སྐྱོབས་ཁག་ལ་སྙན་ཞུ་འབྲི་བཞིན་ཡོད་དམ། འདི་ལྟར་ང་ཚོས་རང་རང་གི་སེམས་ལ་གསལ་བོ་ཞིག་དྲིས་ཤིག
ལྷག་པར་དུ་དེ་རིང་རྡ་ས་ན། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ། ད་དུང་ཚོགས་པ་གཞན་དག་གིས་ཀྱང་བོད་ཁུལ་གྱི་རྔ་བ་དེ། དེ་རིང་གི་རྔ་བ་གླེང་གི་ཡོད་དམ། སྐད་འབོད་བྱེད་ཀྱི་ཡོད་དམ། རྒྱ་ནག་གཞུང་ཚབ་ཁང་ལ་ཡི་གེ་འབྲི་བཞིན་ཡོད་དམ། གཞུང་ཚང་ཁང་གི་སྒོ་འགྲམ་ན། ང་ཚོའི་བོད་མི་དག་བཀག་རྒྱ་དང་མནར་གཅོད་ལས་གློད་དགོས་ཟེར་ནས་སུ་ལ་བཤད་ཀྱི་ཡོད་དམ།
རེད། དེ་ནས་བཙན་བྱོལ་བོད་གཞུང་གིས་རྔ་ཡུལ་ནས་རང་ཉིད་ཚེ་སྲོག་མཆོད་མེར་སྒྲོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་གཙོ་བའི་བོད་ཡུལ་གྱི་གཤིན་པོ་དག་གི་རྣམ་ཤེས་བདེ་རུ་འབབ་པའི་ཆེད་དུ་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་དམ། བོད་མི་བྱེས་པ་དག་ལ་དེ་དག་གི་སྙིང་སྟོབས་ལས་ང་ཚོ་ལ་ངར་ཤུགས་རྒྱས་དགོས་པ་དང་། དེ་ཡང་བདེན་པ་སྒྲོག་པའི་མགྲིན་ཚབ་པ་ཞིག་བྱེད་པར་སྐུལ་བཞིན་ཡོད་དམ། བསམ་བློ་གཏོང་མཁན་གྱི་ལས་བྱེད་ཅི་ཙམ་ཡོད་དམ། དེ་དག་གླེང་མཁན་གྱི་ལས་བྱེད་ཅི་ཙམ་ཡོད་དམ། དེ་དག་གི་དཀའ་སྡུག་ཤེས་མཁན་གྱི་བྱེས་ཀྱི་བོད་མི་ག་ཚོད་ཡོད་དམ། དེ་དག་གི་ཆེད་དུ་སེམས་ཚོར་ཡོད་མཁན་གྱི་ཕྱི་རྒྱལ་ཡུལ་གྲུ་ཁག་ན་བོད་མི་ཅི་ཙམ་ཡོད་དམ།
བོད་ནང་དེ། དེ་རིང་གི་རྔ་བ་ན་དམྱལ་བ་མི་ཡུལ་གྱི་སྡུག་བསྔལ་མི་ལུས་གསོན་པའི་སྟེང་ན་མྱོང་བཞིན་པ་དེར། མཚམས་འཇོག་མི་བྱེད་ན། ང་ཚོས་འདི་བྱེད་ཀྱི་ཡིན། ང་ཚོར་འདི་དགོས་ཀྱི་ཡོད་ཟེར་ནས་མུ་མཐུད་དུ་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ག་ཚོད་ཡོད་དམ། བོད་མི་ཅི་ཙམ་ཡོད་དམ། བོད་ལ་བོད་མིས་འགན་འཁུར་དགོས་པའི་སྐུལ་བརྡ་གཏོང་བ་དང་རང་ཉིད་ནས་འགོ་རྩོམ་མཁན་གྱི་བྱེས་པ་དང་ཕྱི་རོལ་ལྗོངས་ན་འཚོ་བའི་བོད་མི་ག་ཚོད་ཅིག་ཡོད་དམ། ཡོད་མེད་ཀྱི་བར་མཚམས་དེ་ནས་བོད་ནང་གི་དེ་རིང་གི་རྔ་བའི་མི་མང་ནི་ལྟོག་སྐོམ་དང་སེམས་སྡུག མནར་གཅོད་དང་རང་དབང་བྲལ་བའི་རང་གི་མི་ཁྱིམ་དེ་ན། ཁོང་ཚོས་སུ་ཞིག་ལ་སྒུག་ནས་ཡོད། ཁོང་ཚོ་ག་རེ་དགོས་ཀྱི་ཡོད་དམ། ང་ཚོས་ཁོང་ཚོའི་ཆེད་དུ་གང་བྱེད་དགོས་ཀྱི་ཡོད་དམ།
མདོ་དབུས་མཐོ་སྒང་ན་དམར་པོ་ཀླ་ཀློའི་དཔུང་ཚོགས་ཀྱི་ཤན་ར་ཞིག་ཏུ་གྱུར་བཞིན་འདུག ཕུ་ནུ་མིང་སྲིང་ཚོར་རང་དབང་དང་འདྲ་མཉམ་མེད་ཅིང་ཡོད་ཚད་མུན་ནག་གི་བརྩོན་རྭའི་ནང་དུ་འོད་ཟེར་ལ་རེ་བཞིན་འདུག ངའི་པ་ཡུལ་རྔ་གཡང་ཕྱུག་མོ་ཡོངས་སུ་རྒྱ་དམར་ཀྱི་བསྐོར་འདུག་ལ། བརྡ་རྟགས་དང་ཁ་པར་གྱི་བརྒྱུད་ལམ་བཀག་འདུག དགོན་པ་དང་གྲོང་སྡེའི་འབྲེལ་བ་བཅད་ཕན་ཚུན་འགྲོ་འོང་གི་རང་དབང་མི་འདུག ཕ་ཡུལ་ཡ། ངའི་ཕ་ཡུལ་དྲོན་མོ་རྔ་གཡང་ཕྱུག་མོ།
དེ་རིང་འདིར་རྡ་རམ་ས་ལ་རུ་སློབ་ཕྲུག་མང་པོས་ཟས་བཅད་ངོ་རྒོལ་བྱས་ཏེ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག། ཀིར་ཏི་གྲ་ཚང་གི་ཨ་ཁུ་ཚེ་རིང་ནས་ཀྱང་རྔ་བ་རྫོང་དུ་བྱུང་པའི་དོན་རྐྱེན་ཁག་ངོ་སྤྲོད་བྱས་བྱུང། འོན་ཀྱང་ཁོས་བཤད་སྟངས་དང་དུས་བབ་དྲ་ཚིགས་སོགས་སུ་རྔ་བ་ཁུལ་ཞེས་ཡང་ཡང་བྲིས་འདུག། དོན་དག་ཡིན་ངོ་མ་ནི་རྔ་བ་རྫོང་གཅིག་པུ་ལས་ཁུལ་མ་རེད། རྔ་བ་ཁུལ་ལ་རྫོང་ཁག་མ་འདྲ་བ་བཅུ་ལྷག་ཡོད་པ་རེད། ཉིས་སྟོང་བརྒྱད་ལོར་མི་མང་པོ་གསོད་ས་དང་། ད་ལོ་གྲ་བ་ཕུན་ཚོགས་རང་ལུས་སྲེག་ས་སོགས་ཚང་མ་རྔ་བ་རྫོང་རེད། ཆབ་སྲིད་ཀྱི་དམིགས་ཡུལ་གཞན་ཞིག་ཡོད་པ་མིན་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། རྔ་བ་ཁུལ་ཚང་མའི་འགན་ཀིར་ཏི་གྲ་ཚང་གིས་ཁུར་དགོས་ཀྱི་ཨེ་ཡོད། གཅིག་བྱས་ན་འདི་ལ་ཆབ་སྲིད་ཀྱི་དགོས་པ་གཞན་ཞིག་ཡོད་པ་འདྲ།
རྔ་སྒྲ་ལགས། ཉིད་ནས་དེ་ཁུལ་གྱི་གནས་ཚུལ་དྲ་ཐོག་གི་སྤུན་ཟླ་དག་ལ་གསལ་འདེབས་བྱས་པ་བཀའ་དྲིན་ཆེ་ལགས། དེ་ནི་དངོས་ནས་ང་ཚོས་གོ་དགོས་པ་རང་རེད། དེ་རིང་གི་རྔ་བའི་མནར་གཅོད་ཀྱི་སྐོར་ལ་བསམ་བློ་རེ་བཏང་དུས་དངོས་ནས་ས་ཐག་རིང་གི་ཡུལ་ཞིག་ན་སེམས་པ་མ་སྐྱིད་པར་བསྡད་ཡོད།
ཀི་རྟིའི་སྐྱབས་ལགས། བདག་ལ་ཆབ་སྲིད་ཀྱི་གཡོ་ཇུས་དེ་འདྲ་གང་ཡང་མེད་ལགས། ངེད་ཀྱི་བསམ་པ་ནི་དེ་རིང་གི་རྔ་བ། བོད་ཀྱི་རྔ་བ། མནར་གཅོད་ཁྲོད་དུ་ལུས་པའི་བོད་མི་རིགས་ཀྱི་དབའ་བོ་དབའ་མོ་དེ་དག་གི་བདེ་སྡུག་སྐོར། བོད་གངས་ཅན་པ་གང་ན་སུ་ཡོད་པ་དག་གིས་མུ་མཐུད་དུ་གླེང་བ་ནས། སྒྲོག་པ། འབོད་པ། ཞུ་བ། བདེན་པའི་རྒྱབ་བླངས་ཤིག་བྱུང་ན་བསམ་པ་དེ་ཡིན་ལགས། ལྷག་པར་དུ་དེ་རིང་བོད་ཀྱི་རྔ་བ་ན་རང་གི་ས་ཐོག་ན་རང་གི་སྐད་ཆའི་སྲོག་སྙིང་དང་འབྲེལ་བའི་རིགས་ཀྱི་དོན་ལ་སྐད་ཆ་བཤད་དབང་མེད་པའི་སྡུག་བསྔལ་དེ་ཡི་ཆེད་དུ་སྐད་ཆ་བཤད་མཁན་དང་། བདེན་པ་སྒྲོག་མཁན་དག ཉེས་མེད་དུ་རྒྱ་ནག་པོའི་རྒྱུགས་ཁྱི་དམར་ནག་དེ་དག་གི་རྩེད་ཆས་རུ་གྱུར་བ་དེར་སེམས་པ་སྐྱོ་ནས་ཡོད།
བོད་ལྷ་ཀླུ་ལགས།་ཡག་པོ་བྲིས་འདུག་ཐགས་རྗེ་ཆེ།དགོས་པའི་དོན་མི་གླེང་བ་མི་དགོས་པའི་སྐད་ཆ་བཤད་རྒྱར་ཚང་མ་དགའ་བཞིན་ཡོད་བོད་གཅིག་པོ་མེད་ནུབ་ཕྱོགས་ཁུལ་ན་ཡང་དེ་འདྲ་རེད་རྗེས་མཇལ་ཡོང་།
བོད་པ་ཚང་ལགས། ཕེབས་ནས་བསམ་ཚུལ་གསུངས་པ་དེར་མོས་གུས་ཡོད། རྗེས་སུ་མུ་མཐུད་དུ་བསམ་ཚུལ་ལྷུག་པོར་བཟང་ངན་གང་ཡོད། ཡིད་ལ་གང་ཤར་བ་མ་གསང་བར་བརྗོད་པར་རེ་སྐུལ་ཡོད། འདི་ནི་ང་ཚོའི་དོན་ཡིན། དེ་ནི་ང་ཚོའི་འགན་ཡིན། དེ་ལྟར་བསམ་ནས་ཤོག་ཡ