གནའ་ནས་ད་ལྟའི་བར་དུ་ཆོས་ལུགས་ཀྱི་ཁ་གཏད་དུ་ལངས་པའི་བུད་མེད་ཅིག་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མཐོང་དཀོན་པ་དང་། ལྷག་པར་ཁ་ཆེའི་སྤྱི་ཚོགས་སུ་ཁ་ཆེའི་ཆོས་ལུགས་ཀྱི་ཁ་གཏད་དུ་འགྲེངས་པའི་ཁ་ཆེའི་བུད་མེད་ཅིག་སྐྱེས་རྒྱུ་དེ་ནི་མི་སྲིད་པའི་རྨི་ལམ་ཞིག་ཏུ་སྣང་། ཡིན་ན་ཡང་། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་སྔར་ལས་འགྱུར་བ་རབས་དང་རིམ་པ་ཞིག་ཕྱིན་པ་དང་། ཆོས་ལུགས་ལས་བསྟན་པའི་ཕོ་མཆོག་མོ་དམན་གྱི་ལྟ་བ་ལ་ཡིད་ཆད་པའི་མི་མོ་འགའ་རེ་རིམ་བཞིན་འཇིག་རྟེན་འདིའི་ཁུག་ཀྱོག་རེ་ནས་སྐྱེས་བྱུང་། ཁྲ་སི་ལི་ན་ན་ས་རེན་Taslina Nasreenནི་དེ་དག་གི་ཁྲོད་ཀྱི་དཔེ་མཚོན་ཞིག་ཡིན་པ་དང་། མོའི་ལོ་རྒྱུས་མདོར་བསྡུས་ནི། མོ་རང་སྤྱི་ལོ་༡༩༦༢ལོའི་ཟླ་བརྒྱད་པའི་ནང་སྔོན་ཆད་ཀྱི་ཤར་པ་ཀི་སི་ཐན་དང་ད་ལྟའི་ཆར་བྷང་ལ་རྡེ་ཤིར་འབོད་པའི་ཁ་ཆེའི་རྒྱལ་ཁབ་ཀྱི་མ་ཡེ་མེན་སིང་ཞེས་པའི་གྲོང་གསེབ་ཀྱི་ཁ་ཆེའི་ཁྱིམ་ཚང་ཞིག་ཏུ་སྐྱེས།
སྔ་ཕྱིར་སློབ་གྲུ་ཆུང་འབྲིང་ཆེ་གསུམ་འགྲིམས་ནས་SSC, MBBSསོགས་ཀྱི་ཡོན་ཚད་བླངས། ཆེད་ལས་གསོ་རིག་ཡིན་པས་རྒྱལ་ཁབ་གཞུང་གི་སྨན་ཁང་ཞིག་ཏུ་ཡང་སྨན་པའི་བྱ་བ་བསྒྲུབས། ཆུང་དུས་ནས་ལྷ་ཨ་ལ་དང་གཞུང་ཀུ་རན་ལ་ཡིད་ཆེས་དང་དད་པ་མེད་པའི་བག་ཆགས་ཤིག་གིས་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་ཐེབས། རང་ལོ་བཅུ་གསུམ་ནས་བཟུང་སྟེ་སྙན་ངག་སོགས་བརྩམས་ཆོས་སྣ་མང་བྲིས་ཤིང་། ཁྱད་པར་དུ་ཁ་ཆེའི་ཆོས་ལུགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་ལ་རྡོག་རྫིས་གཏོང་བའི་སྐོར་ཤུགས་ཆེན་བྲིས་པས་ཐེངས་བརྒྱ་ཕྲག་མང་པོར་ཚེ་སྲོག་ལ་ཉེན་བརྡ་འབྱོར། ཧྥ་རན་སི་དང་སུའུ་སྒྲིན་རྒྱ་གར་བཅས་སུ་འགྲུལ་བཞུད་དང་རྒྱ་གར་གཞུང་ལ་ཀ་ལི་ཀ་ཏ་རུ་སྡོད་ཆོག་པའི་སྙན་སེང་ཐེངས་གཉིས་ལ་ཞུས།
རང་ཡུལ་གྱི་ཁ་ཆེ་ཚོས་མོ་དང་མོའི་དེབ་ལ་ངོ་རྒོལ་བྱེད་བཞིན་པའི་པར།
སྤྱི་ལོ་༢༠༠༨བར་དུ་སྙན་ངག་དང་སྒྲུང་རིང་དང་སྒྲུང་ཐུང་། མཉམ་འབྲེལ་དེབ་རང་རྣམ་གྱི་བདག་ཉིད་ཅན་གྱི་འདོད་པའི་བསྟན་བཅོས། ངའི་རུ་ངར་བའི་གཞོན་དུས། ངོ་ཚ། ཆ་ཚང་བུད་མེད་ཀྱི་སྐོར། ཉི་མ་ནག་པོ་དེ་ཚོ། གྲལ་གཏན་ལ་ཕབ་པ། རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་རླུང་ཡན་དེབ་བཞི་དང་ངའི་བྱིས་པའི་དུས་སོགས་རྩོམ་དེབ་སུམ་ཅུ་བརྒལ་བ་པར་སྐྲུན་བྱས་ཤིང་། རང་རྣམ་དེབ་དེ་དག་བྷང་གཞུང་གིས་བཀག་སྡོམ་བྱས། སྔ་ཕྱིར་སྙན་ངག་པ་རུད་ར་མོ་ཧ་མན་སོགས་དང་མཉམ་དུ་གཉེན་སྒྲིག་ཐེངས་བཞི་ལ་བྱས། རྒྱལ་ཁོངས་བྷང་ལ་རྡེ་ཤི་དང་སུའུ་སྒྲན་གཉིས་ལ་གཏོགས། བྷང་ལ་རྡེ་ཤིའི་ནང་གི་བུད་མེད་ཀྱི་ཐོབ་ཐང་ལ་བརྩོན་ལེན་བྱས་པའི་རྐྱེན་གྱིས་སྙན་གྲགས་རྒྱས་ཏེ་རྒྱལ་སྤྱིའི་གསར་ལམ་གྲགས་ཅན་སྦེ་སྦེ་སི་སོགས་ཀྱིས་ཀྱང་བཅར་འདྲི་བྱས། བྷང་གཞུང་གིས་བཀག་སྡོམ་དང་མི་མང་གིས་མེས་བསྲེགས་བཏང་བའི་ཁོ་མོའི་དེབ་དག་ནི།
ཨ་རོ་ཀླུ་སྨྱོན་ལགས།
རྩོམ་འདི་ཡང་དམིགས་བསལ་ཞིག་རེད། ཐུགས་རྗེ་ཆེ། བུ་མོ་འདི་ཉེ་ཆར་ང་སྡོད་སའི་སློབ་གྲྭ་ཆེན་མོ་ལ་སླེབས་སོང་། གཏམ་བཤད་ཅིག་ཀྱང་བྱས་པ་ལ་ང་ཡང་ཉན་དུ་ཕྱིན་པ་ཡིན། ཁ་ཆེ་ཙམ་མ་ཡིན་པར་ཆོས་ལུགས་གཞན་དག་གི་མི་སྣས་ཀྱང་བུད་མེད་ལ་ཐུབ་ཚོད་གཏོང་ལུགས་ཤུགས་ཆེར་བརྗོད་ཀྱི་འདུག ཨོ། ད་དུང་མོ་རྒྱ་གར་གྱི་ཀ་ལི་ཀ་ཏའི་ཕྱོགས་སུ་ཕྱིན་ནས་ཀྱང་སྐྱབས་བཅོལ་བ་བྱས་ཏེ་དུས་ཡུན་རིང་ཙམ་ལ་བསྡད་འདུག མོས་དེ་དུས་རྒྱ་གར་གཞུང་གིས་མགོན་རོགས་བྱས་མ་སོང་ཞེས་སྡུག་ཡུས་བརྗོད་ཀྱིན་འདུག དྲི་བ་ཞིག་ལ། “མི་རྣམས་ཀྱི་བསམ་པའི་གོ་རྟོགས་སྔར་ལས་མཐོ་རུ་ཕྱིན་པ་” ཞེས་པའི་ཉིད་ཀྱི་ཚིག་འདི་ཏོག་ཙམ་ཁ་བསྒྱུར་གནང་འོས་སམ། དེ་མིན་ང་ནི་རྣམ་རྟོག་ཆེ་དྲགས་ནས་ཚིག་འདི་འདྲ་མཐོང་སྐབས་མའོའི་གསུང་བཏུས་ཀྱི་ཚོར་བ་ཞིག་ཡོང་གི་འདུག གཅིག་བྱས་ན་འདི་ནི་ངའི་རྣམ་རྟོག་ཉག་ཅིག་ཡིན་སྲིད། གཙོ་བོར་བརྗོད་གཞི་གསར་པ་ཞིག་བོད་ཡིག་གི་ལམ་དུ་དྲངས་པ་ལ་ཐུགས་རྗེ་ཆེ།
དགོངས་འཆར་བཏོན་པར་ཐུགས་རྗེ་ཆེ། བོད་ལ་མཚོན་ན་ཡང་བུད་མེད་ཀྱི་ཐོབ་ཐང་ཐད་འཇམ་དབྱངས་སྐྱིད་ཀྱི་ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར་རྗེས་སུ་གླེང་བར་བྱ། ད་དུང་དགེ་བསྐོས་བཙན་པོའི་རྒྱུགས་པ་དང་གྲྭ་རྐྱང་རྣམ་པའི་རང་དབང་སོགས་དཔྱིད་ཉི་རིང་མོ་ཤར་ན་གླེང་།
ངས་དྲ་རྒྱ་བརྒྱུད་དེ་མོའི་གཏམ་བཤད་ལ་ལན་མང་ཉན་པ་ཡིན། མོས་ཁ་ཆེ་དང་རྗུའུ་ཆོས། ཡེ་ཤུ་དང་ཧིན་རྡུ་བཞི་ནི་བུད་མེད་ཚོའི་དགྲ་བོ་ལྟ་བུ་ཞིག་ཏུ་བརྗོད་སོང་། ཡིན་ན་ཡང་ནང་པ་ལ་ཅང་བརྗོད་པ་མ་ཐོས། མོ་རང་ཆོས་ལུགས་འདི་བཞིའི་དགྲ་བོ་ཡིན་ཡང་ལབ་ཀྱིན་འདུག
ཆོས་ལུགས་མི་ཤེས་བཞིན་རྨོངས་དད་བྱེད་པ་ལས་དང་པོ་ཆོས་ལུགས་ལ་རྟོག་དཔྱོད་ཀྱིས་དགག་པ་བརྒྱགས་པ་བཟང་བར་མཐོང་གི་ཡོད། ང་ཚོའི་སྤྱི་ཚོགས་ནང་ཆོས་ལུགས་ཤེས་མཁན་ཤིན་ཏུ་དཀོན་ཡང་མི་ཤེས་བཞིན་ཆོས་ལུགས་ལ་རྨོངས་དད་བྱེད་མཁན་ཤིན་ཏུ་མང་། ང་ཚོ་ཆོས་ལུགས་ཀྱིས་འཕོངས་མི་སྲིད་ཀྱང་རྨོངས་དད་ཀྱིས་འཕོངས་པའི་ཉེན་ཁ་ཤིན་ཏུ་ཆེ་བར་མཐོང་། ཀླུ་སྨྱོན་ཁྱོད་ཀྱིས་བལྟས་ན་དེ་ཨེ་རེད། རྨོངས་དད་འདི་མི་རིགས་དང་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བའི་དུག་ཆུ་ངོ་མ་ཞིག་རེད་སྙམ། མའོ་ཙེ་ཏུང་གིས་ཆོས་ལུགས་དུག་རེད་ཟེར་བ་ལས། རྨོངས་དད་དུག་རེད་ཟེར་ན་ངས་ཁོའི་ལྟ་ཚུལ་རྒྱབ་སྐྱོར་བྱེད་ངེས་ཡིན།
ང་ཚོའི་སྤྱི་ཚོགས་ནང་བཟང་ངན་གཉིས་ཐད་ནས་སྤྱིར་བཏང་བ་ཞིག་ལས་ཁྱད་དུ་ཐོན་པའི་བུད་མེད་ཅིག་ཡོང་མི་ཐུབ་པ་འདི་གང་གིས་ལེན་པ་རེད།
རེད་ཡ། ཆོས་ལུགས་ངོ་མའི་ནང་དུ་ཡང་དྲང་དོན་དང་ངེས་དོན་ཟེར་ནས་ཁ་ཐུག་གོ་བ་བླངས་ན་འགྲིག་པ་ཞིག་དང་གོ་བ་རྒྱབ་ལོགས་ནས་ལེན་དགོས་པ་ཞིག ད་དུང་ཐེག་དམན་གྱི་རང་དོན་ཡིད་བྱེད་ཀྱིས་བསྡུས་པའི་ཆོས་སྤྱོད་དག་ཐེག་ཆེན་པར་གྱུར་དུས་ཡོངས་སུ་འདོར་དགོས་པ། ཐེག་ཆེན་ཐེག་དམན་གཉིས་ཀས་སྡུག་བསྔལ་དུ་གསུངས་པའི་འཁོར་བའི་སྣོད་བཅུད་གཉིས་ལ་དག་པ་རབ་འབྱམས་འབའ་ཞིག་ཏུ་སྒོམ་དགོས་པའི་རྡོ་རྗེ་ཐེག་པའི་སྤྱི་ལུགས་སོགས་ཆོས་ལ་སློབ་སྦྱོང་གཏིང་ཟབ་དང་སྐྱེ་བ་སྔ་མའི་བག་ཆགས་མཐུག་པོ་རེ་མེད་ན་ངོ་མ་བཟུང་ན་ལག་པ་འཚིག་པ་དང་ལྷོད་ན་རྫ་མ་འཆག་པ་གང་མང་ཞིག་ཡོད་པ་རེད། རྨོངས་དད་ཀྱི་ཕྱོགས་སུ་རྨོངས་དད་ཡིན་མིན་ནི་ནང་པའི་ལུགས་ཀྱི་དང་། ཁ་ཆེའི་ལུགས་ཀྱི། ཡེ་ཤུའི་ལུགས་ཀྱི། དེ་བཞིན་ཧིན་རྡུའི་ལུགས་ཀྱི། རྗུའུ་ཆོས་ལུགས་ཀྱི་རྨོངས་དད་སོགས་ཆོས་ལུགས་གཅིག་ལ་དད་པ་རྣམ་དག་ཡིན་དུས་ཆོས་ལུགས་གཞན་དེར་མཐའ་གཅིག་ཏུ་རྨོངས་དད་དུ་འགྲོ་བ་དཔེར་ན། དཔེར་ན་ནང་པས་སྐུ་གསུང་ཐུགས་རྟེན་ལ་ཕྱག་འཚལ་བ་དང་ཆོས་ལུགས་གཞན་པ་ཁ་ཆེ་ལྟ་བུས་དེ་ནི་རྨོངས་དད་ནག་པོ་ནག་རྐྱང་ཞིག་ཏུ་ངོས་འཛིན་བྱེད་པ་དང་། ཐེག་ཆེན་པ་སྤྱི་དང་རྡོ་རྗེ་ཐེག་པའི་རིང་ལུགས་ལ་དམ་ཚིག་པ་ལ་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་འདུ་ཤེས་ཀྱིས་ཡི་དམ་ལྷ་ཡི་སྐུ་བརྙན་ལ་ཕྱག་འཚལ་བ་དང་། ཐེག་དམན་པ་ཚོས་དམ་ཚིག་པའི་སྐུ་འདྲ་དང་དེ་ལ་དབབ་རྒྱུའི་ཡེ་ཤེས་པའི་ལྷ་ཚོགས་གཉིས་ཀ་རྫུན་མ་རྫུན་རྐྱང་དུ་འདོད་པས། རང་རང་ལུགས་ལ་རང་དབུ་མ་བ་མི་བྱེད་ཐབས་མེད་ཡིན་པ་འདྲ།
འདི་ད་སྐད་ཆ་དྲང་མོ་རེད།
འདི་ད་སྐད་ཆ་དྲང་མོ་རེད།