ཁྲག་ཐིགས།
མཚན་མོ་ནི་སུས་ཀྱང་ཉན་མ་མྱོང་བའི་ལྷ་སྒྲུང་རྙིང་པ་ཞིག་གམ
དྲན་གདུང་གི་མིག་ཆུ་བྲང་བསྙལ་བའི་ན་ཆུང་མ་ཞིག་ལྟར
ཡོད་ཚད་ཀྱི་ཡོད་ཚད་སྔུན་ན
འཇམ་ཅག་གེར་སུ་ཞིག་གི་གོམ་སྒྲ་ལ་ཉན་ཡོད
མཚན་མོ ཕྱི་གཙང་ནང་གཙང་གི་ཁ་དོག་ཅིག་གམ
ཐམས་ཅད་རོ་མཉམ་དུ་གྲུབ་པའི་དུས་ཚིགས་འདིར
ཁ་རླངས་ཀྱིས་མ་གོས་པའི་སྨན་ཆུང་ཚོས་ཀྱང་
ཁྱེད་ཀྱི་མདུན་ནས་རང་ཉིད་ཀྱི་གསང་བ་དག་བརྗོད་ཐུབ
མཚོ་མོ་བྲུལ་ཤུལ་དང་
ཉི་ཟླའི་འཕེལ་རིམ་གྱི་ཁྲོད
ཁྱེད་ཉིད་མུན་པ་ལས་ཐར་མེད་ནའང
དེ་ནི་ཁྱེད་ཀྱི་རང་གཤིས་མིན་པར
ཁྱེད་ཀྱིིས་དགོས་མཁོ་ཞིག་ཏུ་གྲུབ་ཡོད
གྲམ་གཞུང་གི་རྡོ་བའི་ཚོགས་གཉིད་དུ་ཡུར་ཟིན་ལ
སྔུར་སྒྲ་ཡང་མོ་ཞིག་གིས་རྨི་ལམ་རེ་དེད་ནས་བུད་སོང
བསྐྱར་བཟློས་ཀྱི་མཚན་ལྗོངས་འདིི་དག་ལ
ཁྱེད་ཀྱིས་མེ་ཏོག་རྐང་གཅིག་གི་འདབ་ལོའང་སྒུལ་མ་སྤོབས
མི་ལ་རས་པ་དང་འབྲུག་པ་ཀུན་ལེགས་ལྟ་བའི་རྟོགས་ལྡན་དག་གིས
ད་གཟོད་ཁྱེད་རང་འོད་དུ་མཐོང་ཐུབ་ལ
ཁོ་ཚོ་བཞུད་མྱོང་བའི་མཚན་མོ་རེ་རེ་ཡང
ད་དུང་འོད་དུ་གྲུབ་འདུག་སྐད
གནའ་ནས་ད་བར་དུ
མང་པོ་ཞིག་གིས་མཚན་མོའི་ཟབ་ཚད་འཇལ་མྱོང་མེད་ལ
མཚན་མོའི་ཁྲོད་དུ་བསམ་གཞིག་ཞིག་ཀྱང་བཏང་ཡོད་མི་སྲིད
དེའི་ཕྱིར ཁོང་ཚོས་མཚན་མོ་ནི
རྨི་ལམ་གཏོང་སའི་དུས་ཚིགས་སྟབས་བདེ་ཞིག་ཏུ་བསམ་ཡོད