འཇིགས་མེད།༼ཁེ་ན་ཊ༽
ཞི་བདེའི་དེད་དཔོན་མཆོག་གིས།།
འཚེ་མེད་གཉིས་ཕན་སླད་དུ།།
ཞི་མོལ་སྐུ་ཚབ་ཐེངས་བརྒྱད།།
ཞལ་ཞེ་གཉིས་མེད་བཏང་ཡང༌།།
རྒྱ་ནག་དམར་དཔོན་ཚོ་ནས༌།།
སྐྱག་རྫུན་ཁོ་ན་བཤད་དེ།།
དོན་འབྲས་སོན་རྒྱུ་ཕར་བཞག
དྲང་པོར་སྐྱོན་བརྗོད་བྱས་ཡོད།།
གསེར་དེ་ས་འོག་གནས་ནས།།
འོད་དེ་ནམ་མཁར་ཁྱབ་པས།།
འཛམ་གླིང་མཁས་ལྡན་ཀུན་ནས།།
ཡིད་ཆེས་རྩ་འཛིན་གནང་མཁན།།
སུ་གཅིག་རང་ཡང་མེད་ལགས།།
རྒྱ་ནག་དམར་དཔོན་ཚོ་ནི།།
ཁྱི་ལ་སེང་པགས་གྱོན་ལྟར༌།།
ཕྱི་ལ་རྫིག་མདོག་སྟོན་ཡང༌།།
ནང་སེམས་ཁྲག་དྲི་དྲོ་བ།།
ཤན་པ་ལག་དམར་བྱ་སྤྱོད།།
བོད་མིའི་ཐོག་ལ་སྤེལ་ཏེ།།
མི་ལོ་ལྔ་བཅུ་འཁོར་སོང༌།།
ཤི་ནས་རུས་ཐལ་གྱུར་ཡང༌།།
བརྗེད་མེད་སྙིང་ལ་བཞག་དགོས།།
ནེའུ་ཡོག་གྲོང་ཁྱེར་དུ་སླེབས་ཚེ།།
རང་དབང་ཐོབ་ཐོབ་འདྲ་སྙམ་ཡང་།
རང་ཡུལ་སྤུན་ཟླ་རྣམས་དྲན་དུས།།
སེམས་ལ་རང་དབང་ཞིག་མི་འདུག།
གཞིས་ལུས་རང་རིགས་ཀྱི་སྤུན་ཟླ།
ཐུགས་སེམས་སྐྱོ་སྐྱོ་ཞིག་མ་གནང་།།
རྣམ་དཀར་ལས་བཟང་དང་འཕྲད་དུས།།
སྡུག་བསྔལ་མུན་པ་དེ་ཡལ་འགྲོ།