རས་པ།
༡
ཕ་ཡུལ་ནས་ལམ་ལ་ཆས་དུས
ཨ་མའི་སྤྱན་ཟུང་གིས་ཡུན་རིང་སྐྱེལ་མ་གནང་བ
ད་ལྟའང་དྲན་བཞིན་འདུག
༢
ཨ་མ་ཁོ་ན་དེ་རིང་དྲན་སྣང་གི་ངོགས་སུ་སླེབས་ཏེ
ཕྱིར་དྲན་གྱིས ཕ་ཡུལ་གྱི་རི་ལུང་ཀུན་ལ་ཞིབ་བལྟ་བྱེད་དུས
ཨ་ཕའི་རྒས་གཉེར་གྱི་རི་མོ་མང་པོ
ངའི་ལོ་ཟླའི་འཕེལ་རིམ་བཞིན་འོངས་ཤིང
ཨ་ཕའི་སྟག་ཤར་གྱི་གཟི་ཉམས་དེའང
སྟོན་ལྗོངས་ཀྱི་སྙེ་མ་བཞིན་སྒུར་འདུག་པ་དྲན་འོངས
༣
ལམ་ལ་ཆས་ནས་དེ་རིང་བར
འཇིག་རྟེན་ལ་སྤྲོ་སྣང་ཉམས་ནས་ད་ལྟའི་བར
རང་སེམས་ཀྱི་སྡུག་སྣང
སུ་ལའང་ཞུས་མྱོང་མེད་ལ
སྐྱོ་སྣང་གི་ཚོར་བ་སུ་ཞིག་གིས་ཀྱང་ཤེས་ཐབས་དཀའ
༤
མི་ཚོགས་མང་ས་ནས
ཧ་ཅང་ཁེར་རྐྱང་ཁེར་རྐྱང་གིས
འཁྲུལ་སྣང་གི་འཇིག་རྟེན་རེ་ལ་བློས་བསླངས་བྱེད་དུས
བགྲོད་དཀའ་བའི་འཁོར་བའི་ཞགས་ཐག
ནམ་ཡང་ངའི་མགྲིན་པར་བསྐོན་ཞིང
རྒྱ་ཆེ་བའི་གཞུང་ལམ་ཡོད་ཚད་དོག་པར་བྱས་འདུག་ཨང
༥
མཚམས་ལན་རེར འཇིག་རྟེན་ནི་དགོས་མེད་ཀྱི་འཁུར་བོར་བསམ་ནའང
ཨ་མའི་མིག་ཟུང་གིས་ཉར་བའི་རེ་སྨོན་དང
ཨ་ཕའི་སེམས་ཁུངས་སུ་གནས་པའི་སྤོབས་པ
ངའི་མགོན་སྐྱབས་ཀྱི་བརྡ་རུ་འོངས་ཏེ་ཅི་ཡང་གསུངས་ཀྱིན་འདུག
༦
མིག་ཆུ་མེད་པའི་སྐྱོ་སྣང་གི་འཚོ་བ་ནི
ཅི་འདྲའི་རྫོགས་མཐའ་མེད་པ་ཞིག་རེད་ཨང
བདག་གིས་བརྩེ་དུང་གི་གླུ་དབྱངས་བོར་ཏེ
ཀྱག་ཀྱོག་གི་རི་ལམ་རེ་ལ་རྐང་རྗེས་འཇོག་དུས
རླུང་ཡན་གྱིས་བཙན་གཏོར་བྱས་པའི་ལྗོན་ཤིང་གི་རྣ་རྒྱན
སྐད་ཅིག་གིས་ལྷུང་བ་མཐོང་སོང
༧
སྤྲང་བོའི་འཚོ་ཐུན་གྱི་ལས་ཀ་གཉེར་ཏེ
མི་ཚོགས་ལ་ཡུན་རིང་ཅེར་ནའང
ཤེས་རབ་ཟབ་མོ་དེ་ཉམས་ནས
རྟོག་པ་གསལ་བོ་དེ་བོར་སོང་བས
སྙུག་ཁ་ལས་ཐོན་པའི་གཏམ་རྒྱུད་ཀྱི་ཡུལ་ལྗོངས་ཡོད་ཚད
བསྐྱར་བཟླས་ཀྱི་རྫོགས་སོང་བ
ང་ཁོ་ན་ལས་སུ་ཞིག་གིས་ཚོར་ཐུབ་ཨང
༨
བུ་མོ་དེ་སོང་བ་ནས
ཤེས་རབ་རྣམས་ཉམས་པ་ནས
ངས་དྲན་བཞིན་པའི་ཨ་མའི་འབོད་པ་དང
ཨ་ཕའི་ཡིད་ཆེས་བྱས་པའི་གསུང་དབྱངས་དེ་ལས
འབར་རྫས་གས་ཤུལ་གྱི་བེམ་པོ་དང
དུར་ཁྲོད་ཀྱི་ཀེང་རུས་དག་ཀྱང་མེད་པར
སྙན་ངག་གི་འཇུག་རྟེན་ཁྲོད་ནས་བཤང་རྫས་ཀྱི་བྲོ་བའང་ཉམས་སོང
༩
ཡིན་ནའང ཡུལ་གྱར་གྱི་འཚོ་བའི་ཁྲོད་ནས
གནས་ལུགས་ཀྱི་དེབ་ཐེར་བཀླགས་ཏེ
འཇིག་རྟེན་ལ་འགྲེལ་བརྗོད་གཞན་ཞིག་རྙེད་དུས
བདག་གི་གྲོགས་པོ་རྣམས་རེ་རེ་བཞིན་གྱེས་སོང་བས
ཁེར་རྐྱང་གི་ཡུལ་གྱར་བ
སྐྱོ་སྣང་གི་དབྱངས་སུ་ཞུགས་ཏེ
ཁོ་ཚོ་ཅི་འདྲའི་དྲན་ཨང
༡༠
མི་ཚེ་ནི་དཀའ་ཁག་གི་གདགས་གཞི་ཁོ་ནར་མ་ངེས་ཀྱང
འཚོ་བ་ནི་སྐྱོ་སྣང་གི་སྐྱེ་རྒྱུན་ཁོངས་སུ་མི་གཏོགས་ཀྱང
ཕྱི་ཡུལ་འདི་ནས ཡང་ན བསམ་བློ་ཅུང་ཙམ་བཏང་བ་ནས
ང་རང་སྐྱོ་དགོས་དོན་ཅི་ཡིན་ནམ ཅི་ཡིན་ནམ
འོན་ཏེ ངའི་སྐྱབས་མགོན་གྱི་བདེན་སྟོབས་ངོས་སུ
སེམས་ཁོང་གི་ཞི་བདེ་ཡོད་ཟེར
ཞི་བདེ་ཡོད་ཟེར
༡༡
མ་གཞི་བདེ་སྐྱིད་ཀྱི་དབང་བོ་ཉམས་པའི་སྐུ་ངོ་ང
རང་ཉིད་ཀྱི་སྲིད་སྟེགས་སྟེང་བསྡད་དེ
ཅི་ཞིག་བསམ་རུང ཡུལ་གྱར་ནི་རྟོག་པ་དང
མཛེས་པ་འཐབ་པའི་གཡུལ་ས་ཞིག་ཏུ་ཡང་ཡང་ཚོར་ཞིང
རང་ཉིད་དེ་ཡི་ཁྲི་དཔོན་དང
འབུམ་དཔོན་ཡིན་པའང་གསལ་བོར་ཚོར་གྱིན་འདུག
༡༢
སློབ་གླིང་ཞིག་གི་སྒོ་ཐེམ་རྒྱུད་ནས་ཕྱིར་འབུད་དུས
རི་རབ་ཀྱི་རྩེ་མོ་ཡོད་ཚད་དུ་སྨུག་པ་ལང་ལོང་རྒྱུ་ཞིང
གྲོགས་པོའི་ཞེ་འདང་གིས་བཞག་པའི་ཁེར་རྐྱང་གི་ལྗོན་པ*་དེའང
རླུང་ཡན་གྱི་ཁྲོད་ན་རྒས་བཞིན་འདུག
ཆུ་སྒྲའི་འཕྱོ་སྟོབས་ཀྱི་ངོགས་ནས
སེམས་པའི་གདུང་དབྱངས་ཀྱི་ཁྲོད་ནས
ལམ་ལ་ཆས་དུས
རང་བྱུང་ཁམས་ནི་འབྲས་བུ་སྨིན་ཐབས་བྲལ་བའི
སྲ་འཁྲེགས་ཀྱི་ནམ་མཁའ་དང་འདྲ་བར
བདག་གི་རྐང་འོག་ཏུ་ཇི་འདྲའི་ལྷུན་ཆགས་ཤིག
༡༣
མེ་ལོང་ལྟ་བུའི་འཚོ་བ་འདི
མེ་རུ་ལྟ་བུའི་སེམས་པ་འདི
ད་དུང གཅེར་གཟུགས་ཀྱི་མཛེས་པ་སྒྲིབ་པའི་ཕུང་བོ་འདི
ཅི་ཞིག་གི་དོན་དུ སུ་ཞིག་གི་ཆེད་དུ
ཡོལ་ངོས་ཀྱི་གྲིབ་རིས་ལྟར་བདག་གིས་རྔུབ་དུས
ཞེ་ཕུག་དོག་མོའི་ནམ་མཁའ་འདིར
དཀོན་མཆོག་གི་དགོངས་པར་འགལ་བའི་སྟོང་བ་ཞིག་དང
མི་ཚེ་ཡི་མཐའ་བསྡོམས་ལྟ་བུའི་དྲི་རྟགས་ཤིག་ལས
ཁྱོད་ལ་ཕུལ་ཆོག་ཆོག་གི་ལེགས་སྐྱེས་ཅི་ཡང་མི་འདུག་ཨང
༡༤
དམྱལ་ཁམས་ཀྱི་མནར་གཅོད་འཆར་ཡན་གྱིས་འགྲེལ་བའི་དེ་རིང
ཕུང་བོ་ཡོད་ཚད་གངས་འཁྱག་ཆེན་པོའི་ཀློང་དུ་ལྷུང་ཞིང
སྨྱུག་ཁར་འཁྱིལ་བའི་སྲིད་པའི་སྐྱེ་རྒྱུན་དེ་ཡང
བུད་མེད་ཀྱི་མངལ་མཁར་ལྟ་བུའི་ཕུན་ཚོགས་ཀྱི་བསྟི་གནས་ཤིག་ཏུ་འཇོག་ཐབས་བྲལ
ཨེ་མ རང་བྱུང་ཁམས་ཀྱི་མྱོས་བུམ
ན་ཆུང་མ་ཞིག་གི་ལང་ཚོ་ལྟར
ངའི་སེམས་ཁོངས་སུ་ཐོན་དུས
ཟ་ཧམ་ཆེ་ལ་གདུག་རྩུབ་ལྡན་པའི་སེན་འདྲལ་ཐེངས་ཤིག་བྱེད་པར
བཟོད་མེད་ཀྱི་སྐྲག་སྣང་སླེབས་པས་ཅི་ཞིག་བྱ
༡༥
ལྷང་ལྷུང་གི་རྫ་ཆུ་བསིོལ་མ་དེ་བཞུར་ཤུལ་དུ
གངས་དཀར་པོའི་མཛེས་པ་དེ་དག་ཀྱང་ཉམས་ཤུལ་དུ
ང་ཁོ་ན རི་ངོས་གཟར་བོ་འདིར
འབུ་རུ་གྱུར་བའི་རྟོགས་བརྗོད་བཀླགས་མཁན་ཐོག་མ་ཡིན
༡༦
ཁ་པར་གྱི་སྐུད་ལམ་ནས
དགོད་སྒྲ་རེ་ཐོས་འོངས་པ་དེ་ནི
འཚོ་བ་ལ་གུ་རེ་བྱས་པའི་རྩེད་མོ་ཞིག་ལས
སྙིང་ཆུང་གི་གས་ཀ་བསྲུབས་པའི་སྐུད་པ་ཞིག་གང་ནས་ཡིན
མ་གཞི ཁ་པར་གྱི་ཨང་གྲངས་བཞིན་མནན་པའི་ལོ་ཟླ་མང་པོ
ཁྱི་སྡོམ་གྱི་རྔ་མར་བཏགས་པའི་རྒྱ་གར་བསྟན་བཅོས་དང་འདྲ་བར
མ་རབས་ཤིག་གི་ཐོན་རྫས་ཡིན་དུ་རུང་ཡང
འདོད་མོས་ཀྱི་ནམ་མཁའ་འདི་ལྟར་རྒྱ་ཆེ་ཨང
༡༧
པང་གདན་ཁྲ་བོས་བུད་མེད་ཀྱི་གནས་ལུགས་ང་ལ་བརྗོད་པ་ནས
སྐྲ་ལོ་སེར་བོས་མཛེས་དཔྱོད་ཀྱི་རིན་ཐང་རྒྱ་མར་མཇལ་བ་ནས
ལྟོས་བཅོས་ཀྱི་འཇིག་རྟེན་འདི་ནི
ང་ལ་མཚོན་ན འདམ་འབག་གིས་བཟོས་པའི་བྱ་དངོས་ཤིག་དང
འཁྲུལ་སྣང་གིས་བཀོད་པའི་རི་མོ་ཞིག་གི་རིན་ཐང་ལས
གང་དུའང་རྟོགས་པ་དཀའ
༡༨
མི་རྣམས་ཀྱི་འཚོ་བ་ཆགས་པ་ནས་ཆག་པའི་བར
བྱིས་དུས་ཀྱི་རྨི་ལམ་རྫོགས་མེད་ཅིང
མི་རྣམས་ཀྱི་འཚོ་བ་ཆག་པ་ནས་འཇིག་པའི་བར་དུ
འཁྲུལ་སྣང་གི་སེམས་ཚོར་རོལ་ཏེ
སྲིད་པའི་སྐྱེ་རྒྱུན་མཐུད་ཡོད་ཨང
༡༩
མི་ལ་རས་པས་ངོ་ཚའི་འདུ་ཤེས་ཀྱི་གཏན་ཚིགས་གཏོར་བ་ནས
ཚངས་དབྱངས་རྒྱ་མཚོས་ལ་གཞས་སྙན་མོར་རང་ཉིད་དྲངས་པ་ནས
བདག་གི་ལང་ཚོའི་གོམ་འགྲོས་ཀྱི་ངོས་སུ་ཡང
མ་སྐྱེས་ཨ་མ་དྲན་པའི་གདུང་སེམས་ཀྱི་གླུ་དབྱངས་འཁོར་ཞིང
ཆུང་འདྲིས་ཆུང་འདྲིས་ཞེས་པའི་རྫུན་ངག་གི་གཏན་ཚིགས་བྱུང
༢༠
ནམ་ཞིག་ཆང་ཁང་གི་དྲི་ཞིམ་སྣ་ཤེས་ཀྱིས་ཟིན་དུས
ཆང་མ་བུ་མོ་མེད་པའི་དགའ་སྐྱིད་ཀྱི་འཚོ་བ་ཞིག
བདག་གིས་ལོངས་སུ་སྤྱོད་པར་འགྱོད་སྣང་ཅིའི་ཕྱིར་འཁོར
འོན་ཏེ ཆང་མཁན་གྱི་གོམ་འགྲོས་འཁྱར་འཁྱོར
འཚོ་བ་ཡི་སྣང་བརྙན་བཞིན
ཁྱོད་ཀྱི་ཕུན་སུམ་ཚོགས་པའི་དེབ་ཐེར་དུ་འགྱུར་བར་ཤོག
འཁྲུལ་སྣང་གི་རྨི་ལམ་ཡོད་ཚད
ས་ཆེན་པོའི་ཟུངས་ཁྲག་ཏུ་བསྟིམས་ཏེ
པོ་ཏྰ་ལའི་དབུ་རྩེ་ནས་སྐྱོན་པའི་རླུང་རྟ་དེ་ཡིན་པར་སྨོན
ཕྱི་ལོ་༢༠༠༧ཟླ་༡ ཚེས་༢༠།༢༢།༢༣བཅས་སུ་བྲིས།
རས་པ་ཡུམ་ངར་པ་ཞིག་མ་རེད་ན། ཁ་སང་ཁྱོད་ཀྱི་སྙན་ངག་ལ་རོལ་མྱོང་བྱས་ཤིང་། དེ་རིང་མཆན་བུ་འདི་འབྲི་འགོ་བརྩམས། ཡུན་རིང་ཡུན་རིང་ཞིག་ནས་ཞེ་ལ་བརྣག་པའི་གཅེར་གཟུགས་ཀྱི་ཕུང་བོ་དེ་ཁྱེད་ཀྱི་མིག་མདུན་དུ་རྒྱུ་དུས། ཁྱེད་ཀྱི་མིག་ཤེས་ཀྱིས་འཛིན་དུས། ཁྱེད་ཀྱི་ཚོར་ཤེས་ལ་འཁྱིད་དུས། ཁྱེད་ནི་ལ་གཞས་ཤིག ཁྱེད་ནི་སྙན་ངག་ཅིག ཁ་སང་དང་དེ་རིང་བྱུང་དང་འབྱུང་བཞིན་པའི་མི་ཡུལ་གྱི་ཚོར་བ་ཞིག་སྟེ། འདོད་ཆགས་དང་རེ་འབྲས་ལ་གཏད་པའི་འཁོར་བའི་སྙིང་བོ་དེ་ཡིན་པར་འདོད
ཡིག་ནོར་རེ་ཟུང་ཡོད་ཀྱང་དེས་ནང་དོན་ལ་ཅི་ཡང་གནོད་ཀྱི་མི་འདུག སྙན་ངག་ལེགས་པོ་ཞིག་ཏུ་མཐོང་སོང་། སྤེལ་གིན་སྡོད།
རྣམ་པ་གཉིས་ཕེབས་ནས་གཟིགས་ཞིབ་གནང་བར་ཧ་ཅང་སྤྲོ་བོ་བྱུང་།
མ་ཡི་ལང་ཚོ་བྱམས་བརྩེ།
ཕ་ཡི་ལང་ཚོ་གཉེར་མ།
གྲོགས་ཀྱི་ལང་ཚོ་བརྩེ་གདུང་།
རང་གི་ལང་ཚོ་མེ་ལོང་།
ལང་ཚོ་ཕར་བརྟེན་ཚུར་བརྟེན།
ལང་ཚོས་ལང་ཚོ་དར་རྒྱས།
ལང་ཚོའི་ཚིག་དེ་སྙན་ལ།
ལང་ཚོས་བདེ་བ་སྟེར་བགྱིད།
དྲ་གྲོགས་རས་པ་ལགས་ཀྱི་སྙན་ངག་དེར་བཟི་ཧ་ཅང་བཙན་ཀི
ཐུགས་རྗེ་ཆེ། ……… ཞེས་སྤྱན་ཆབ་ཀྱིས།
གྲོགས་རས་པ་ལགས། ཡག་པོ་ཞིག་ཀློག་ཡིན། རང་གི་ཚོད་ཀྱིས་གོ་བ་འདྲ་ཞིག་ལེན་ཁུལ་བྱས་ནས་བུད་སོང་། མི་མཐུད་དུ་སྙན་ངག་རེ་ཀློག་མཁན་ང་དང་ང་འདྲ་བའི་མགོ་སྐལ་དུ་བྱོན་པར་ཞུ།
ཀརྡོ་རབ་འབྱམས་པ་ལགས་ཀྱི་ལང་ཚོའི་འགྲེལ་བཤད་སྙན་མོར་ཉན་ཟིན།
སྤྱན་ཆབ་ལགས་ཀྱིས་རོལ་བར་དགའ་བོ་བྱུང་།
རས་པ་ལགས།
སྙན་ངག་སྙན་མོ་ཞིག་བྲིས་འདུག ངོ་མ་ཐུགས་རྗེ། མུ་འཐུད་ནས་སྤེལ་རོགས་གནང་།
སྙན་ལ་གདུངས་བའི་མི་བུ་ང་དང་ང་འདྲ་བ་དག་ལ་ཕན་ཐོགས་ཆེན་པོ་བྱུང་ངེས་རེད།
ཨ་འབྲུག་ལགས་ཀྱི་ཁ་བརྡ་སྙན་པོ་བྱུང་།
དོ་རི་བས། ཕ་ཡུལ་རེབ་གོང་ནས་བཀླགས་ཟིན།
ཡུན་རིང་མ་མཇལ་བས་དྲན་སྣང་ཤིན་ཏུ་ཟབ་འདུག
ཞོར་ནས་དྲ་བའི་རྩོམ་སྒྲིག་པ་རིག་འབྱུང་ལགས་ལའང་བཀྲ་ཤིས་བདེ་ལགས་ཞུ་རྒྱུ་ཡིན།