བསམ་གླིང་ཚེ་རིང་ལྷ་མོ།
གནོན་མི་ཐུབ་པའི་ཚོར་འདུ་དྲག་པོ་ཞིག་དང། སྡོད་མི་ཚུགས་པའི་སེམས་ལས་ལྕི་པོ་ཞིག་གིས། མེ་མདའི་ལྡིར་སྒྲ་ཡི་ཁྲོད་དུ་བྲང་ཁ་ལྡིར་ཞིང་། གློག་དམར་འཁྱུག་འདྲའི་ལྕགས་ཧྲེང་གི་མདུན་དུ་བདེན་པ་བདར། ལུས་ལ་སྐར་མ་ཁྲ་ཐིང་ངེར་ཤར་བར་བྱེད་པའི་གློག་རྒྱུག་འོག་ཏུ་ལ་རྒྱ་རྩོད།
རང་ལུས་མེ་ལྕེ་དམར་པོའི་ཞིམ་ཟས་སུ་གཏོང་བར་ནུས་པའི་བློ་སྟོབས་རྒྱས། དེ་དག་ཚང་མ་གནོན་མི་ཐུབ་པའི་ཚོར་འདུ་ཟབ་མོ་ཞིག་ལས་གཞན་ཅི་ཡིན། དོན་མེད་དུ་གུང་ཁྲན་ལ་བསྟོད་གླུ་དང། ཞེ་མེར་དང་སུན་སྣང་སྐྱེ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ།
ཤི་བ་ལས་མི་འདོད་པ་ཆེ་བའི་༸སྐྱབས་མགོན་གོང་ས་མཆོག་༸ལ་མཚན་སྨོད། དེ་དག་དང་དེ་དག་ནི་རྒྱ་གཞུང་གིས་ང་ཚོར་བཀོལ་བའི་འུ་ཐུག་གི་མཚོན་ཆ། སྙིང་ཁམས་ཕིག་པར་བྱེད་པའི་ལྕགས་ཁབ། འཆི་འདོད་པ་ནི་སུ་ལའང་མེད་ལ། མི་ཡུལ་ནི་ཅི་འདྲའི་འོད་སྣང་ཞིག
ཆུང་བ་གྲོག་མ་ཞིག་གམ། མིག་ཞར་བའི་ཁྱི་རྒན་ཞིག་ཡིན་ཀྱང། འཚོ་བ་ནི་གདམ་ང་ཉག་ཅིག
འོན་ཀྱང་བཙོན་ལས་ལ་མདུན་དུ་ཕྱོགས་ཤིང། ཤི་གསོན་ལ་ཇི་མི་སྙམ་པའི་དཔའ་རྒོད་འདི་དག གསོན་པ་ལ་ཅི་ཕྱིར་གདམ་ང་མི་བྱེད། རང་ཡུལ་གྱི་ཐོན་ཁུངས་ལ་ཇག་པ་རྒྱག་བཞིན། རང་རིགས་ཀྱི་མགོ་བོ་ནས་དྲག་ཏུ་གནོན། ད་དུང་རིག་གཞུང་གི་སྡོང་རྩ་གཅོད་པར་འདོད་པའི་རྒྱ་གཞུང་གི་གདུག་རྩུབ་འདིས། གསོན་པ་ནི་འོད་སྣང་དང། འཆི་བ་ནི་མུན་ནག་ཏུ་མི་བསམ་པར། ཟུངས་ཁྲག་ལ་སྤྱང་ཀི་ལྟར་རྔམས་པའི་རྒྱ་དམར་གྱི་མདུན་དུ་རང་སྲོག་ལེགས་སྐྱེས་སུ་ཕུལ། རེད་ཨང།
སྤུན་ཟླ་ལགས། དུས་དེ་རིང་། ངས་ཅི་ཞིག་དྲན་གསོས་པ་ནི། རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་ཐུགས་ཀློང་ནས་བརྡོལ་བའི་ལེགས་བཤད། འདི་ནའང་དྲག་ཏུ་འཕར་འཕར་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག ཅེས་པ་དེ་ཡིད་ལ་ལྷང་ལྷང་དུ་དྲན་བཞིན། ཁྱེད་རྣམས་ནི་འཕར་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ་ཁོ་ནའོ།།
དེ་ནི་སྤུན་ཟླ་ཁྱེད་རྣམ་པའི་བྱ་འགུལ་དག་མཐོང་ཐོས་མྱོང་གསུམ་བྱུང་བས་ཡིན། དེས་ན།
ངས་གླེང་ན་འདོད་པ་ནི་ཁྱེད་རྣམས་ཡིན་ཞིང། དྲན་པའི་ངོས་སུ་འཆར་བའང་ཁྱེད་རྣམས་ཡིན་ན།
ངས་ཅི་ཕྱིར་འཛེམ་ཟོན་གྱིས་ལག་ཟུང་བསྐུམ་དགོས། ངས་དབུགས་རིང་གཏོང་བཞིན། ཁོག་འདར་རྒྱག་བཞིན། ཁྱེད་རྣམས་ལ་སྨོན་ལམ་འདོན་བཞིན་ཡོད། འོན་ཀྱང། སྤུན་ཟླ་ལགས། ངས་ནི་ཁྱེད་རྣམས་ལ་ཆུ་ཕོར་བ་གང་འདེགས་པའི་ནུས་པ་མེད་ལ། ངས་ནི་སེམས་གསོ་བའི་སྐད་ཆ་ཚིག་ཅིག་བཤད་ག་ལ་ཐུབ། ཐ་ན་ངས་གླེང་ན་འདོད་པའི་འཕྲེད་ཤོར་གྱི་སྙིང་གཏམ་འདི་ཡང་ཁྱེད་རྣམ་པས་ག་ལ་ཐོས་སྲིད། འོན་ཀྱང་ངས་ཁྱེད་རྣམས་དྲན་བཞིན་ཡོད་ལ། ཁྱེད་རྣམས་གླེང་བཞིན་ཡོད།
ངའི་སྙིང་ཆུང་གི་ཚོར་འདུའི་ཟབ་ས་ཞིག་ནས་ངུ་ཟུག་གི་སྒྲ་ཞིག་ང་རང་གིས་ཐོས་རྒྱུ་འདུག
ཚེ་རིང་ལྷ་མོ་ལགས་མུ་མཐུད་ནས་འདི་ལྟ་བུའི་རྩོམ་ཡིག་རེ་ངེད་ཅག་གི་མིག་ཟུང་དུ་སྲིངས་རྒྱུ་ཁོ་བོའི་རེ་བ་ཡིན།ཚོར་བ་ཡིག་ཐོག་ཏུ་བཀོད་ཚུལ་ཧ་ཅང་འགྲིག་
ངས་ཀྱང་། དཔའ་བོ་ ཁྱེད་རྣམས་ དྲན་བཞིན་ ཡོད་ལ། ཁྱེད་རྣམས་ གླེང་བཞིན་ ཡོད་ལགས། བཀའ་དྲིན་ ཆེའོ། །
ངས་ཀྱང་དྲན་བཞིན་ཡོད་ལ་གླེང་བཞིན་ཡང་ཡོད་་་་ང་ཤི་ན་མི་འདོད་ནང་བཞིན་ཁོང་ཚོ་ཡང་ཤི་ན་ག་ལ་འདོད་
ཚེ་རིང་ལྷ་མོ།སྐུ་ཉིད་ཀྱིས་ཚོར་འདུན་བཀོད་པར་ཀུས་བརྩི་ཞུ།དེ་དང་ཆབས་ཅིགབརྗོད་འདོད་པ་ཞིག་ནི།འདང་དགོང་ནས་དེ་རིང་བར་བོད་ཁམས་རྔ་པའི་ཀིརྟི་དགོན་གྱི་དགེ་འདུན་པ་གྲངས་སུམ་བརྒྱ་ཙམ་བཙན་ཁྲིད་བྱས་ཡོད་པའི་བོད་ནས་གནས་ཚུལ་འབྱོར་ཡོད་པ་དང་།སྔར་ཡོད་དམག་མིའི་ཁར་གསར་དུ་དམག་མི་རླངས་འཁོར་ལྔ་བསྣན་ཡོད་པས་གནས་སྟངས་ཉིན་རེར་རྫ་དྲག་ཏུ་འགྱུར་བཞིན་འདུག་པས་གཞུང་དང་ཚོགས་སྡེ།མི་དམངས་བྱངས་ཀྱིས་ཐུགས་བསམ་བཞེས་རན་ལ་སླེབས་འདུག་ཡ།
རྣམས་པ་ལྷན་རྒྱས་ཕེབས་ནས་དགོངས་ཚུལ་རེ་གསུངས་པར་ཐུགས་རྗེ་ཆེ།
སྤྱིར་ཁོ་བོ་སྙན་ངག་ལ་གདུངས་ཤིང་།
ལྷག་པར་དུ་བུད་མེད་དག་གིས་བྲིས་པའི་སྙན་ངག་ལ་དེ་བས་ཀྱང་དགའ་བས།
སྐུ་ཉིད་ནས་མུ་མཐུད་དུ་སྙན་ངག་གི་རིགས་ཅི་མང་སྤེལ་བའི་རེ་བ་ཞུ།
ཚེ་རིང་ལྷ་མོ་ལགས་ཀྱི་རྩོམ་ཡིག་དེ་ཧ་ཀྱང་ཡག་གི་སེམས་ཚོར་དངོས་དེ་དྲྭ་ཐོག་ཏུ་བཀོད་འདུག་ཡ་ ད་དུང་མུ་མཐུད་དེ་འདྲའི་རྩོམ་ཡིག་སྤེལ་གནང་རོགས་