ལུང་རྟོགས་རྒྱལ་མཚན།
གཤམ་གྱི་སྒྱུར་རྩོམ་འདི་ནི་པདྨའི་རང་མདངས་ཞེས་པའི་དུས་དེབ་ལས་དྲང་བ་ཡིན་ལ། འདིའི་རྩོམ་པ་པོའི་མིང་མི་གསལ་ཞིང་། སྒྱུར་བ་པོ་ནི་དགེ་བ་བཟང་པོ་ཞུ་བ་ཁོང་རེད། རྩོམ་ཡིག་འདི་འདིར་དྲངས་དགོས་དོན་ནི། གཅིག་ནས་ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཞེས་པའི་དཔེ་ལྟར། རྩོམ་ཡིག་འདིའི་ནང་གི་ཨ་མ་ལགས་དེས་རང་གི་བུ་ལ་བཅང་བའི་ལྷད་མེད་ཀྱི་བརྩེ་སེམས་དང་རྣམ་པར་དག་པའི་ལྷག་བསམ་བཅས་དང་། བུས་རང་གི་ཨ་མར་འཛིན་པའི་མཐོང་ཆུང་དང་ཁྱད་གསོད་ཀྱི་ལྟ་བའི་དབར་གྱི་འགལ་འདུའི་རང་བཞིན་དེས་སེམས་ཚོར་སྐྱུར་མོ་ཞིག་སྤྲད་པ་དང་། ལྷག་པར་མཇུག་མཐའི་ཨ་མ་ལགས་ཀྱིི་སེམས་འཕྲིན་དེས་ང་ལ་རྒྱུན་རིང་བྱུངས་མ་མྱོང་བའི་བརྗོད་དཀའི་ཚོར་བ་དྲག་པོ་ཞིག་གིས་མིག་ཆུ་ཆར་རྒྱུན་ལྟར་ཤུར་ཤུར་འབབ་པ་མ་ཟད། སྐད་ཤུགས་ཆེན་པོས་ངུ་ཤོར་བའི་གནས་སྟངས་ཁྱད་མཚར་ཞིག་བྱུང་བ་ནི་ཨ་མ་ལགས་དེའི་བྱམས་བརྩེའི་ནུས་སྟོབས་ལས་གཞན་ཅི། དེས་ན་ང་ལ་རྩོམ་ཡིག་འདི་ཀློག་པ་པོ་གང་མང་གི་སྤྱན་སྔར་བསྟར་འདོད་ཀྱི་འདུན་པ་ལྡོག་ཏུ་མེད་པ་ཞིག་བྱུང་བ་དང་། གཉིས་ནས་ང་ཚོའི་སྤྱི་ཚོགས་ཁྲོད་མི་འདི་ལྟ་བུའམ་འདི་དང་ཆ་འདྲ་བ་མི་ཉུང་བ་ཞིག་ཡོད་ངེས་པས་དེ་ཚོ་ལ་འགྱུར་བ་ཅུང་ཟད་རེ་འགྲོ་རྒྱུའི་རེ་བ་བཅང་ཡོད།
༼རྩོམ་ཡིག་དངོས།༽
ངའི་ཨ་མར་མིག་ཡ་གཅིག་མ་གཏོགས་མེད་པས་ང་ནི་ཨ་མར་སྣང་བ་ཁྱོན་ནས་འགྲོ་ཡི་མེད། མོ་དངོས་གནས་ངོ་ཚ་དགོས་པ་དང་སྐྱུག་བྲོ་བ་ཞིག་རེད། ནམ་རྒྱུན་ཨ་མ་ཕི་ལི་ཁྲོམ་གྱི་འགྲམ་དུ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་རྩྭ་ལྡུམ་གྱི་རིགས་རྣམས་བཙོངས་ནས་དངུལ་བསྡུ་རུབ་བྱེད། དུས་རབས་འདིར་དངུལ་ནི་ཧ་ཅང་མཁོ་བས་དངུལ་གསོག་སྒྲུབ་ཀྱི་ཆད་ཅི་ཡང་བྱེད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་ང་ཚོར་དངུལ་དགོས་པས་རེད།
དེ་དུས་ང་གཞི་རིམ་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་ལ་རེད། ད་དུང་ཡང་བརྗེད་མེད། ཉིན་ཞིག་སློབ་གྲྭའི་རྩེད་ཐང་དུ་རྩེད་རོགས་འགའ་ཞིག་དང་འགྲོགས་ནས་རྡོ་དང་བྱེ་མའི་ཁང་པ་བརྩིགས་བཤིག་གི་རྩེད་མོར་གཡེང་བཞིན་པའི་སྐབས་གློ་བུར་དུ་ཨ་མ་སླེབས་བྱུང་། དེ་དུས་གྲོགས་པོ་ཚོས་ཨ་མའི་གདོང་པ་མཐོང་བ་དང་ཚང་མས་སྐྱུག་བྲོ་བའི་རྣམ་འགྱུར་བསྟན། གཡས་གཡོན་དུ་རྩེད་མོ་རྩེ་བཞིན་པའི་བུ་མོ་རྣམས་ཀྱང་རྩེད་མཚམས་བཞག་ནས་ལྐོག་ཏུ་ལབ་གླེང་བྱེད།
ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་ནས་གྲོགས་པོ་ཚོར་ངོ་གནོང་སྟེ་ཨ་མར་འཚིག་པ་ཟ་བཞིན་གདོང་ལ་བལྟ་མ་འདོད་པར་རང་ལམ་དུ་བུད། ཉིན་ཕྱི་མར་སློབ་ཕྲུག་རོགས་པ་འགས། མིག་ཡ་གཅིག་ལས་མེད་པ་དེ་ཁྱོད་ཀྱི་ཨ་མ་ཨེ་ཡིན། མིག་གཅིག་ལས་མེད་དོན་ཅི། ཁྱོད་ཀྱི་ཨ་མ་འདྲེ་མོ་འདྲ་བ་ལ་ཨང། ཧ་ཧ་སོགས་རྣ་བར་ཚེར་མ་བས་ཀྱང་གཟན་པའི་སྨོད་ཚིག་སྣ་ཚོགས་བརྗོད་ཅིང་བརྙས་བཅོས་དང་དམའ་འབེབས་ཚད་མེད་ཅིག་བཏང་བྱུང་། དེ་དུས་ངའི་ཕུགས་ཀྱི་རེ་སྨོན་ནི་ཨ་མ་འདི་སའི་གོ་ལ་འདི་ལས་མི་སྣང་བར་གྱུར་ན་ཅི་མ་རུང་སྙམ་པ་དེ་རེད། ཉིན་ཞིག་གོ་སྐབས་ཤིག་ལ་ཁ་གཡར་ནས། ངས། ཨ་མ་ལགས་ཁྱོད་ལ་མིག་ཡ་གཅིག་ལས་མེད་པའི་རྒྱུ་མཚན་ཅི། ཁྱོད་ཀྱིས་ང་གཞན་གྱི་ཐུབ་ཚོད་དང་དམའ་འབེབས་མཐོང་ཆུང་བྱ་ཡུལ་དུ་བཙས་པ་ཡིན་ནམ། ཁྱོད་མྱུར་དུ་མ་ཤི་བར་ཅིའི་ཕྱིར་སྡོད། ཅེས་སྨྲས་པར་ད་དུང་ཨ་མས་ལན་ཅི་ཡང་མི་འདེབས་པར་འཇམ་ཐིང་ངེར་སྡོད། རྗེས་སུ་རང་ཉིད་ཅུང་ཟད་མི་བདེ་བའི་ཚོར་བ་ཞིག་གིས་མནར་བ་དང་དུས་མཚུངས་སུ་ཉིན་མང་པོ་ཞིག་གི་སྔོན་ནས་བརྗོད་པར་འདོད་པའི་དོན་རྣམས་དེ་རིང་གསལ་པོར་བརྗོད་ཐུབ་པས་དགའ་སྐྱོའི་ཚོར་བ་གཉིས་འདྲེས་ཡོང་།
དྲང་པོར་བཤད་ན་དེ་དུས་ངས་བརྗོད་པའི་དོན་རྣམས་འོས་སམ་མི་འོས། ཨ་མར་ན་ཟུག་གི་རྒྱུ་རུ་སོང་ཡོད་མེད་ཐོག་དོ་སྣང་གཏན་ནས་མ་བྱུང་། ཁུ་སིམ་པའི་མཚན་མོའི་འཇིག་རྟེན་དེར་གློ་བུར་རྐྱེན་འགས་གཉིད་ལས་སད་པ་དང་ཐབ་ཚང་དུ་ཆུ་འཐུང་བར་འགྲོ་དུས་དེར་མི་ཞིག་མར་བསྡད་ནས་ངུ་བཞིན་པ་མཐོང་། མིག་བགྲད་ནས་བལྟས་པས་དེ་ནི་ངའི་ཨ་མ་རེད་འདུག
དེ་ལྟར་ངས་ཨ་མར་ཡུད་ཙམ་བལྟས་རྗེས་རང་གི་ཉལ་ཁྲིར་བསྐྱར་ལོག་བྱས་ནས་གཉིད་དུ་ཡུར། དེའི་སྐབས་ངས་ཨ་མར་བརྗོད་པའི་ཚིག་རྩུབ་དེ་དག་ཤོད་འོས་སམ་མི་འོས་ནོར་བ་ཡིན་ནམ་སོགས་རྣམ་རྟོག་གི་རྦ་རླབས་ཀུན་ནས་འཁྲུགས་པས་ཟུར་ནས་སེན་ཐོག་བརྒྱབ་པ་ལྟར་ཤེས་པ་རྣལ་དུ་གནས་མ་ཐུབ་པ་ཡང་ཉུང་ཉུང་ག་ལ་ཡིན། ཡིན་ན་ཡང་བློར་མི་འབབ་པ་ནི་མིག་ཡ་གཅིག་གི་ཨ་མ་ངུ་བ་དེ་རེད། དེ་དུས་ངས་ཐབས་ཤེས་གང་དྲག་གིས་དམིགས་ཡུལ་གཅིག་ལ་བཟུང་ནས་སློབ་སྦྱོང་མཐར་སྐྱེལ་བྱ་རྒྱུ་བློ་ཐག་རྦད་ཀྱིས་བཅད། དེ་ལྟར་དགོས་དོན་ཡང་ཨ་མའི་ཐབས་རྡུགས་ཀྱི་གནས་སྟངས་དང་ཐབས་ཟད་འུ་ཐུག་དབུལ་ཕོངས་ཀྱི་མི་ཚེ་དེས་ང་ལ་ཤིན་ཏུ་སུན་པོ་བཟོས་པས་རེད། དེ་ནས་ང་ནང་དུ་མ་བསྡད་པར་རང་ནུས་གང་ལྕོགས་ཀྱིས་སློབ་སྦྱོང་ལ་དཀའ་སྡུག་ཅི་བྱུང་གཉའ་མི་འཁུམ་པར་བརྩོན་པས་མདུན་ནས་མདུན་དུ་བསྐྱོད་ཅིང་མཐོ་སློབ་ཆེན་མོ་ཞིག་ཏུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་དེ་འཇུས་ནས་མཐའ་ལེགས་པར་བསྐྱལ་བ་ཡིན། རྗེས་སུ་གཞུང་གི་གོ་གནས་དང་ལས་ཀ་ཡང་མི་དམན་པ་ཞིག་རྙེད་པ་དང་སྟབས་སྟུན་ནས་སྙིང་ལ་བབ་པའི་བུ་མོ་ཞིག་དང་གཉེན་བསྒྲིགས་བྱས། དེ་ལ་བརྟེན་ནས་དངུལ་ཅུང་ཟད་བསགས་ཏེ་ཁང་པ་ཞིག་ཀྱང་ཉོ་ཐུབ་པ་བྱུང་། དེ་བས་ཀྱང་དགའ་འོས་པ་ནི་ངའི་མི་ཚེར་ཡབ་མེས་ཀྱི་ཁྲག་རྒྱུན་སྐྱོང་བའི་སྙིང་ གི་བུ་མོ་ཞིག་བཙས་པ་དེ་རེད། དབུལ་ཕོངས་ཀྱི་སྡུག་བསྔལ་ལས་ཆེས་རྒྱང་དུ་བུད་ཟིན་པའི་མི་ཚེ་དང་རང་ལ་དཔགས་པའི་འདོད་ཡོན་གྱི་དཔལ་ལ་སྤྱོད་ཅིང་ངའི་དུས་རྣམས་གཅིག་རྗེས་གཅིག་འདའ་བཞིན་མཆིས།
དེ་ནས་འདོད་ཡོན་གྱི་བསླུ་བྲིད་དང་རྨོངས་སེམས་འདིས་ཨ་མ་དྲན་པའི་གོ་སྐབས་གཏན་ནས་ཡལ་བོར་སོང་བའི་སྐབས་ཞིག་ལ་རྒྱུས་མེད་ཀྱི་མི་ཞིག་གློ་བུར་དུ་ནང་ལ་འཛུལ་ཡོང་། ང་ཧང་སང་ཞིང་དེའི་ཐད་དུ་ཕྱིན་ནས་བལྟས་པ་ན། དེ་ནི་ངའི་ཨ་མ་རེད་འདུག ད་དུང་མིག་ཡ་གཅིག་དེ་མཐོང་བས་རྩེད་མོར་གཡེང་བཞིན་པའི་ངའི་བུ་མོ་ཡང་ཁང་མིག་ ནང་དུ་བྲོས། དེ་དུས་ནམ་མཁའ་དུམ་བུར་གས་ནས་ངའི་སྟེང་དུ་ལྷུང་ཡོང་བའི་ཚོར་སྣང་ཞིག་ཀྱང་ངང་ གིས་བྱུང་།
ངས་ ཧ་མ་གོ་མདོག་མདོག་གི་ངང་ཨ་མར་འདི་ལྟར་དྲིས། ཁྱོད་སུ་ཡིན། ངེས་ཁྱོད་རང་ངོ་ཤེས་ཀྱི་མེད། ཅེས་བརྗོད་མཚམས་སུ་ཨ་མས་ངོ་ཤེས་ཡོང་སྙམ་ནས་སྐྲག་སྣང་ཡང་སྐྱེས། ཡང་བསྐྱར་སྐད་གསང་མཐོན་པོའི་ངང་། འདྲེ་མོ་ཁྱོད་ངའི་ནང་དུ་ཇི་ལྟར་ཡོང་། ངའི་བུ་མོར་འཇིགས་སྣང་བསྐུལ་དོན་ཅི། ད་ལྟ་རང་ཕྱིར་རྒྱུགས། ཞེས་བརྗོད་པས་ཨ་མས་མགོ་བོ་དུད་དེ་སྐད་གསང་ཤིན་ཏུ་དམའ་བོའི་ངང་། དགོངས་པ་མ་འཚོམས་རོགས་གནང་། ཁ་བྱང་ནོར་བ་ཐེབས་འདུག་ཅེས་བརྗོད་ནས་མི་སྣང་བར་གྱུར། དཀོན་མཆོག་མཁྱེན། ཨ་མས་ང་ངོས་ཟིན་ཐུབ་མ་སོང་སྙམ་པ་དང་། ཡང་བསྐྱར་ངོས་འཛིན་པར་མི་འོང་ངམ་སྙམ་པའི་དངངས་སྐྲག་ཀྱང་སྐྱེས།
ངས་ མྱོང་བཞིན་པའི་འཇིག་རྟེན་པའི་བདེ་བ་དང་། འདས་དོན་རྣམས་ཕྱིར་དྲན་མི་བྱ་རྒྱུའི་དམ་བཅའ་ནན་མོ་ཞིག་ཀྱང་བྱས། བདེ་སྡུག་ཆ་མི་སྙོམས་པའི་རྦ་རླབས་དེ་དག་ངའི་སྟེང་དུ་གཡོ་བཞིན་པའི་སྐབས། སློབ་གྲྭའི་ཚོགས་མི་འགའ་ལས་དོན་འགའ་ཞིག་གི་ཆེད་ངའི་ཁྱིམ་ཕྱོགས་སུ་ཡོང་བཞིན་ པ་རིག་བྱུང་བས། གལ་སྲིད་སྐྱུག་བྲོ་བའི་ཨ་མ་དེ་ཡང་བསྐྱར་ལོག་ཡོང་ན་དེ་དག་གི་ཁྲོད་ངོ་ཚ་པོ་བཟོ་ངེས་རེད་སྙམ་ནས་བཟའ་ཟླར་ང་ཚོང་འབྲེལ་འགའ་ཞིག་གི་ཆེད་ཕྱིར་བུད་ཟིན་པའི་རྫུན་གཏམ་བཤད་རྒྱུའི་སྐུལ་མ་བྱས་ནས་ཁང་འོག་གི་ཕྱུགས་ཚང་ནང་ཡིབ་ཏུ་ཕྱིན།
རྗེས་སུ་ཚོགས་མི་དེ་དག་ཕྱིར་ལོག་ཟིན་པའི་བརྡ་འབྱོར་རྗེས་ཕྱུགས་ཚང་གི་སྒོ་ཁ་ནས་མགྲིན་པ་བསྲིངས་ནས་རྒྱང་བལྟ་ཞིག་བྱེད་སྐབས་ཕྱུགས་ཁང་གི་མདུན་དུ་མི་ཞིག་སར་ལྷུངས་ཡོད་པ་རིག མྱུར་དུ་དབུགས་ཧར་ཧར་གྱི་ངང་དེའི་ཐད་དུ་ཕྱིན་ནས་བལྟས་པ་ན་དེ་ནི་ངའི་ཨ་མ་རེད། མིག་ཡ་གཅིག་ནས་འཆི་མ་དང་ལྷན་གན་རྐྱལ་དུ་མར་འགྱེལ་བ་དང་། ལག་པར་ཤོག་གུ་ཞིག་བཟུང་འདུག ངའི་སེམས་པ་ཡམ་ཡོམ་གྱིས་ཤོག་གུ་དེ་ཧོབ་ཀྱིས་བླངས་པས་འདི་ནི་ང་ལ་བྲིས་པའི་ ཡི་གེ་ཞིག་རེད། དེ་དུས་ང་ཅི་བྱ་གཏོལ་མེད་དུ་གྱུར་པའི་ངང་མྱུར་དུ་ཡི་གེ་ཁ་ཕྱེས་ནས་བལྟས་པ་ན།
ཨ་མས་བྲིས་དོན་ནི། ངའི་མི་ཚེ་ནི་ཧ་ཅང་རིང་སོང་བས་ད་ནི་འདོད་པ་ཁེངས། ངའི་རྣམ་ཤེས་དེ་ཡང་བསྐྱར་མྱ་ངན་གྱི་ཐང་ན་དེད་ན་མི་འདོད། དྲང་པོར་བཤད་ན་ངའི་སྙིང་ཁོང་གི་ནོར་བུ། ཁྱོད་དང་ཐུག་རྒྱུའི་རེ་འདུན་གྱིས་མནར་བས་ཡུད་ཙམ་གཅིག་ཀྱང་ཁྱོད་དང་འཕྲད་རྒྱུ་བྱུང་ན་ཚེ་འདིར་སྙིང་ལ་འཆང་བའི་རེ་སྨོན་འགྲུབ་ངེས་ཡིན། ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། བུ་ང་གཉིས་མ་ཤི་གསོན་བྲལ་གྱི་བར་ཆད་བྱུང་ནས་ལོ་ངོ་ཉི་ཤུ་ཙམ་འདས། སྙིང་ཁོང་གི་བུ་ཁྱོད་དྲན་པའི་ན་ཟུག་རྒྱས་པས་བཟོད་ཐབས་མིའདུག
ལོ་ཤས་སྔོན་སློབ་གྲྭའི་ཚོགས་པ་སྐོང་བའི་སྐབས་ཁྱོད་ཡོང་བའི་གཏམ་ཐོས་པས་དགའ་བ་ཚད་མེད་སྐྱེས་མྱོང་ན་ཡང་ང་དེར་མི་འགྲོ་བའི་དམ་བཅས་པ་ཡིན། འདི་ནི་གཅེས་པའི་བུ་ཁྱོད་ཀྱི་ཆེད། ཁྱོད་ཉིད་ཀྱི་ཆེད། གལ་སྲིད་ང་དེར་ཡོང་བའི་དབང་དུ་བཏང་ན་ཡང་། ངའི་བྱད་ངན་དེས་བུ་ཁྱོད་མི་གཞན་ལ་ངོ་གནོང་དགོས་པ་དང་སྐྱེངས་པའི་རྒྱུ་ཞིག་ཏུ་འགྱུར་ངེས་བསམས་པས་རེད།
ངས་ མི་ཚེ་འདིར་སྦས་སྐུངས་བྱས་པའི་དོན་གཅིག་དེ་རིང་ཁྱོད་ལ་བཤད་རྒྱུ་ཡིན། ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། ཁྱོད་བྱིས་པའི་སྐབས་སུ་རླངས་འཁོར་གདོང་ཐུག་བརྒྱབ་པའི་རྐྱེན་གྱིས་ཁྱོད་རང་གི་མིག་ཡ་གཅིག་མེད་པར་ཆགས་པ་རེད། མ་རྒན་ངའི་སྙིང་ཁོང་གི་བུ་ཁྱོད་མིག་ཡ་གཅིག་སྟེང་འཚར་ལོངས་འབྱུང་བཞིན་པ་བལྟ་མ་ནུས་པར་ངའི་མིག་ཡ་གཅིག་ཁྱོད་ལ་བྱིན་པ་ཡིན།
དེ་དུས་ཁྱོད་ཀྱིས་མིག་གསར་པ་དེས་འཛམ་གླིང་གསར་པ་གསལ་ལེར་མཐོང་ཐུབ་པ་དེ་ལ་མ་རྒན་ང་དགའ་ཚོར་གྱིས་མྱོས་ཏེ་གླུ་ལེན་གར་འཁྲབ་ཀྱང་བྱས་མྱོང་། དངོས་གནས་བུ་ཁྱོད་དྲན་པའི་ན་ཟུག་ཆེར་རྒྱས་པས་བཟོད་ཐབས་མི་འདུག
ཁྱོད་རང་བྱིས་པའི་སྐབས་ངའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་འདས་དོན་གྱི་གཟུགས་བརྙན་དེ་དག་ཕྱིར་དྲན་ཞིག་བྱེད་དུས་དངོས་སུ་ཁྱོད་རང་ངའི་ཡིད་ཀྱི་མེ་ལོང་དུ་གསལ་པོར་འཆར་ཞིང་ཡིད་ཅུང་ཟད་ངལ་གསོ་བས་དཀའ་སྡུག་ཞི་བའི་སྨན་ཞིག་ཏུ་ཡང་གྱུར།
སྙིང་ཁོང་གི་སྒྲོན་མེ་ཁྱོད་ལ་སེམས་གཏིང་ནས་བརྩེ་བ་དང་སྨོན་ལམ་ཡོད། ད་མ་རྒན་ང་ཡུན་རིང་གསོན་ཡང་བུ་ཁྱོད་ལ་གནོད་རྒྱུ་ལས་ཅི་ཕན། ད་ནི་ང་ཡི་འཇིག་རྟེན་ཡང་འཐོར་སོང་བས་ཚེ་འཕོས་ནས་སྐྱེ་བ་གཞན་དུ་མིག་ཡ་གཅིག་ཡང་བསྐྱར་རྙེད་པའི་རེ་སྨོན་བརྟས་ཡོད།
ཅེས་བྲིས་པའི་ཡི་གེ་དེ་དག་ཚིག་འབྲུ་རེ་རེ་ནས་ཀླགས་པ་དང་མིག་ཟུང་ནས་མཆི་མའི་རྡོག་ཕྲེང་རྣམས་རིམ་པར་ཁེངས་ཡོང་བས་ཤོག་ངོས་ལ་ཡོད་པའི་ཡིག་ཕྲེང་དེ་དག་རབ་བ་ཙམ་ལས་གསལ་པོ་མཐོང་མི་ཐུབ་པར་གྱུར།།
དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་དུ་བརྩམས་སྒྲུང་འདི་ལྟ་བུའི་བརྗོད་བྱར་བརྩི་མཐོང་བྱེད་མཁན་ཧ་ཅང་དཀོན་པོ་རེད། གང་ལྟར། ང་རང་ལ་བརྩམས་སྒྲུང་འདིས་མིག་མཐར་མཆི་མ་འཁོར་དུ་བཅུགས་སོང་། དྲིན་ཆེན་མ་ལོའི་བརྩེ་བ་དང་ཁྲེལ་གཞུང་མེད་པའི་བུ་ཞིག་གི་རང་གི་སྐྱེ་བའི་མ་ལ་ལྟ་སྟངས་དེ་འདྲ་འཛིན་གྱི་དངོས་བྱུང་གི་སྒྲུང་ལྟ་བུ་འདིས། བདག་གིས་འཚོ་བ་དངོས་ཀྱི་ནང་དུ་བུ་སྡུག་དེ་འདྲ་མཐོང་མྱོང་ཡོད། དངོས་ནས་དེ་ཡི་རིགས་ནི་བྱ་བཙོག་གི་ཡ་ དཀོན་མཆོག་མཁྱེན།
ངོ་མ་ཡིད་སྐྱོ་ནི་ཞིག་རེད། སྒྲུང་འདི་ད་ལྟའི་ང་ཚོའི་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་བསླབས་བྱ་ཞིག་ཏུ་འགྱུར་བར་སྨོན། དང་སང་ན་གཞོན་མང་པོ་ཞིག་གིས་སོ་སོའི་ཕ་མ་དགུང་ལོ་བགྲེས་བོ་ཆགས་ཚེ་རྒས་གསོ་ཁང་ལ་བསྐྱལ་བ་དང་ཡང་ན་ཕ་མ་བསྐྱུར་ནས་རང་ཉིད་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་འཁྱམས་ནས་ཕ་མ་ལ་གཉོར་སྐྱོངས་མི་བྱེད་མཁན་མང་པོ་མཐོང་གྱིན་འདུག་ ཕ་མ་དེ་དག་གི་རང་ཉིད་ཀྱི་བུ་ཕྲུག་བཅང་བའི་བརྩེ་སེམས་དེ་ཅི་འདྲ་ཞིག་ཡིན་ནམ་བུ་ཕྲུག་དེ་ཚོའི་ཕ་མ་ལ་དུང་སེམས་གང་འདྲ་བཅིངས་ཡོད་མེད་གོང་གི་སྒྲུང་འདི་དང་གཅིག་མཚུངས་རད། གོ་མི་ཆོད་པའི་བུ་ཕྲུག་གཉིང་སྐྱ་ཟེར་བའི་དཔེ་རེད།
པད་མའི་རང་མདངས་ཟེར་བ་དེ་རྣམ་གྲོལ་གླིང་གི་དུས་དེབ་གཅིག་རེད་ད།
པད་མའི་རང་མདངས་ཟེར་བའི་དུས་དེབ་དེ་རྣམ་གྲོལ་གླིང་གི་དུས་དེབ་དེ་རེད་པས། །
མ་རེད། པདྨའི་རང་མདངས་ཟེར་བ་དེ་སྨིན་གྲོལ་གླིང་གིས་རྙིང་མ་པའི་རྩོམ་པ་པོ་ཁང་ཟེར་བའི་དུས་དེབ་ཅིག་རེད།
པདྨའི་རང་མདངས་ནི་རྣམ་གྲོལ་གླིང་གི་དུས་དེབ་རེད།
དུས་དེབ་པདྨའི་རང་མདངས་ནི།
རྣམ་གྲོལ་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་ཆེན་མོ་ནས།
ལོ་རེར་དུས་དེབ་གཉིས་རེ་འདོན་བཞིན་ཡོད་པ་དེ་རེད།
ད་ལྟ་སྤྱིའི་འདོན་ཐེངས་བཅུ་བཞི་བཅོ་ལྔ་ཙམ་ལ་སླེབས་ཡོད་ཚོད་རེད།
ལ ལལལ ལལལལ ལལལ ལལལལ ལལལ ལལལ ལལ
ཤཤཤཤཤ ཤཤཤཤཤྭཤ ཤཤཤཤཤཤཤཤཤ
སྨིན་གྲོལ་གླིང་གི་དུས་དེར་ཤར་ཕྱོགས་ཀྱི་ཉི་མ་ཟེར།
ཡིན་ནའང་རྒྱུན་ལྡན་འདོན་གྱི་ཡོན་མེད་མི་ཤེས།
༼དུས་དེབ༽
མིག་ཡ་གཅིག་ལས་མེད་པའི་སྒྱུར་རྩོམ་དེ་དངོས་གནས་ཡག་པོ་འདུག གྲོགས་པོ་ལགས་ཁྱེད་ཀྱིས་མུ་འཐུད་རྩོམ་རིགས་གང་མང་ཀློགས་པ་པོའི་མིག་སྔར་འབུལ་རོགས།
བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ཀུན་སྤྱོད་དང་
མིག་ཡ་མེད་པའི་ཨ་མའི་བུ་རྣམས་བསམ་བློའི་ཁྱེར་ཕྱོགས་
བར་ཐག་ཉེ་བོ་སླེབས་ཀྱི་མི་འདུག་གམ་ ཧེ་ཧེ་ཧེ་
བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ཀུན་སྤྱོད་ཟེར་ན་ཅི་རེད། བོད་ནས་རྐུ་བྱས་མི་བསད་རྗེས་རྒྱ་གར་དུ་བྲོས་ནས་ཆབ་སྲིད་བཙོན་པ་ཡིན་ཟེར། ཟླ་ཤས་རྗེས་ནུབ་ཕྱོགས་ལུང་པར་བྱ་རྒོད་རྙི་ལས་ཐར་བ་བཞིན་་འགྲོ་མཁན་གཞོན་སྐྱེས་དེ་ཚོའི་སྤྱོད་པ་དེ་གང་རེད། ལར་ནས་དེང་དུས་མཁས་མདོག་དང་འཇོན་མདོག་སྟོན་མཁན་ཁག་ཅིག་གིས་བཙན་བྱོལ་བོད་མིའི་མ་འཇོན་པ་དང་མ་འགྲིག་པ་རྐྱང་བཤད་སྡད་གིན་འདུག