དོལ་སྨྱོན།
རྨོངས་པའི་དྲྭ་བ་དུམ་བུར་གཅོད་པའི་འཇམ་དབྱངས་ཀྱི་རལ་གྲི་ལ་སེམས་པ་གཏད་ནས།
སྲིད་གསུམ་དབྱངས་སུ་གྱེར་བའི་མཚོ་བྱུང་མའི་པི་ཝང་ལ་འདུན་མ་བཅོལ་ནས།
དབྱངས་གསལ་སོ་བཞི་ལ་དུང་བ་ཟབ་པའི་མི་བུ་ང་།
རེ་བའི་རྡོག་ཕྲེས་ཆེན་པོ་ཞིག་འཁུར་ནས།
ཟིན་བྲིས་སུ་ཐོན་ཡོད།
སྙན་ཚིག་གི་རོ་བཅུད་རྒྱས་པའི་སྙན་ངག་གི་འབྲས་བུ་ཟ་འདོད་ཅིག་གིས།
ཤེས་བྱའི་ཡོ་ལང་རྒྱས་པའི་མཛེས་སྡུག་གི་ལྡུམ་རར་འགྲིམས་འདོད་ཅིག་གིས།
ཕ་སྐད་ལ་ལར་ཞེན་མཐུག་པའི་ཉམས་ཆུང་བའི་བུང་བ་ང་།
གཅོང་རོང་གི་ལམ་ཕྲན་དོག་པོ་ཞིག་བརྒལ་ནས།
ཟིན་བྲིས་སུ་ཐོན་ཡོད།
འཛུམ་མདངས་ཀྱིས་འཁྱིལ་བའི་དྲ་གྲོགས་ཚོའི་སེམས་ཁམས་མྱུལ་ཆེད།
སྒྱུ་རྩལ་གྱིས་ཕྱུག་པའི་ཚིག་དོན་རེ་རེའི་བྲོ་བ་མྱོང་ཆེད།
ཡོད་ཚད་ཐོབ་བྱར་འདོད་པའི་བྱིས་པ་ང་།
མེ་ཏོག་གི་འཇིག་རྟེན་ཞིག་ལ་བློ་གཏད་བཅོལ་ནས།
ཟིན་བྲིས་སུ་ཐོན་ཡོད།
མེས་པོས་བཞག་པའི་རིག་གཞུང་གི་རྡོག་ཕྲེས་ལྕི་མོ།
ནུས་ཤུགས་ཡོད་ཚད་ཀྱིས་བླ་ནས་བླ་རུ་འདེགས་ཀྱིན།
ཨ་མས་བསླབ་པའི་གདུང་སེམས་ཀྱི་ལ་གཞས་སྙན་མོ།
འཇགས་སུ་མེད་པའི་སེམས་ཀྱི་དྲན་ཤིང་དུ་བསླངས་ནས།
སྔོན་ཐོན་དང་འདུན་སྐྱོད་ལ་མོས་པའི་བུ་ཆུང་ང་།
མཚར་སྡུག་དང་མཛེས་སྡུག་ཅིག་ལ་འདུན་མ་གཏད་ནས།
ཟིན་བྲིས་སུ་ཐོན་ཡོད།
ཁ་བ་ནག་པོའི་རྨི་ལམ་གྱི་འཇིག་རྟེན་ལ་འགྲིམས་ཞོར།
ཚེ་རིང་སྐྱིད་ཀྱི་ལང་ཚོའི་མཛེས་སྡུག་ལ་བལྟ་ཞོར།
རེ་བ་དང་དུང་བའི་ངར་ཤུགས་རྫོགས་པའི་ཕྱེ་ལེབ་ང་།
འོད་སྟོང་ལྡན་པའི་མར་མེའི་གཟི་འོད་ལ་རེ་འདུན་བཅོལ་ནས།
ཟིན་བྲིས་སུ་ཐོན་ཡོད།
ལམ་ལམ་དུ་འཕྲོ་བའི་སྙན་ཚིག་གི་མེ་ཏོག་མིག་གིས་བསུ་བཞིན།
ཁྲོམ་ཁྲོམ་དུ་འཐོར་བའི་ཚིག་གི་གཟེགས་མས་སེམས་པ་བརླན་བཞིན།
མི་ཚེ་གསུམ་གཉིས་ལ་རྫོགས་ཚིག་བཀོད་པའི་བསམ་མེད་ང་།
ལྗིད་ཏིག་ཏིག་གི་འཁྲེང་སེམས་ཞིག་འཁུར་ནས།
ཟིན་བྲིས་སུ་ཐོན་ཡོད།
ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་རྒྱ་མཚོའི་མཐའ་རུ་བསྐྲད་ནས།
ཕོ་མོ་དང་རིགས་རུས་ཀྱི་དབྱེ་ཞིབ་ས་རིམས་པ་དགུའི་གཏིང་དུ་བསྐུངས་ནས།
རང་དབང་དང་འདྲ་མཉམ་ལ་སྤྲོ་བའི་ཁེར་རྐྱང་ང་།
གནས་ལུགས་དང་རྒྱུ་མཚན་ལ་བྲང་ཤ་བཅོལ་ནས།
ཟིན་བྲིས་སུ་ཐོན་ཡོད།
དོལ་སྨྱོན་ལགས། ཐུགས་རྗེ་ཆེ།