ན་མོ་གུ་རུ་རཏྣ་བྷྱ།
ཤར་སྐྱ་བའི་སྐྱ་རེངས་དང་པོའི་སྐབས། །
བྱ་སྐྱ་ཀའི་ཀ་ཀ་མ་སྒྲོག་གོང་། །
གཉིད་སད་རྨི་གཉིས་ཀྱི་བར་མཚམས་ནས། །
ཤར་མཛེས་ལྗོངས་རུ་དམ་ལུང་བ་མཇལ། །
རྗེ་བླ་མ་གྲུབ་དབང་རིན་པོ་ཆེས། །
གསེར་སེར་པོའི་སྒོང་ང་རྣམ་གསུམ་ཞིག །
ཐུགས་དགྱེས་བཞིན་བདག་ལ་གནང་བར་རྨིས། །
ངས་རྒྱལ་བ་སྲས་བཅས་མཆོད་པར་ཕུལ། །
དཔལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དབང་། །
བཀའ་ཡོངས་རྫོགས་བདག་ལ་ཐོབ་པར་རྨིས། །
དགའ་དྲག་ནས་རིག་པའི་ངོ་བོ་སྐྱོང་། །
བསྟན་འགྲོ་བར་ཕན་བདེས་བསྔོ་སྨོན་བྱས། །
དེས་སྐབས་སུ་དག་པའི་སྣང་བ་ལ།
མཆོག་གི་སྤྲུལ་སྐུ་ཨ་འགྱུར་རིན་པོ་ཆེས། །
གཟུངས་པོ་ཏི་བསྟན་པ་བུ་གཅིག་རྒྱུད། །
བྱམས་བརྩེ་བས་བདག་ལ་གནང་བར་རྨིས། །
ཨ་ལ་ལ་རྨི་ལམ་འོད་གསལ་ལས། །
རྒྱུད་བཀླག་འདོན་ཚར་གཅིག་བྱས་པ་དང་། །
སེམས་བདེ་གསལ་མི་རྟོག་རིག་པའི་ངང་། །
དུས་ནམ་ཡང་མ་འདས་སྣང་བར་ཤར། །
རྗེ་བླ་མ་ཡིད་བཞིན་ནོར་བུ་དང་། །
སེམས་རིག་པའི་སྣང་ཆ་འགགས་མེད་གཉིས། །
དབྱེར་མེད་པའི་ཀ་དག་རིག་པ་ལ། །
རྩལ་རང་བཞིན་རོལ་བ་ལྷུན་གྱིས་གྲུབ། །
དཔེ་བཞག་ན་མན་ཤེལ་ཉི་འོད་འདྲ། །
དོན་སྟོང་བ་ནམ་མཁའི་གཟུགས་བརྙན་འདྲ། །
རང་མྱོང་བ་ཆང་བཟིའི་ཚོར་བ་འདྲ། །
དགའ་དྲག་པ་རྒྱལ་སྲིད་ཐོབ་དང་མཚུངས། །
ཡུན་མ་རིང་རླུང་སེམས་ཟིང་ཟིངས་ལྡིང་། །
གྲོགས་རྫོགས་ཆེན་བསྟན་འཛིན་དར་རྒྱས་ཀྱིས། །
ཁྱོད་རོགས་པ་ཅི་དགོས་སྒྲུབ་ཆོག་ཅེས། །
བཞིན་འཛུམ་པའི་མདངས་བཅས་མཇལ་བ་རྨིས། །
ངའི་སྣང་བར་ཨེ་ཝྃ་ཆོས་སྨན་ཁང་། །
གཞི་གསར་འཛུགས་སྨན་བླའི་ལྷ་ཁང་ཞིག །
བཞེངས་དགོས་པའི་བཀའ་མོལ་ཞུས་པའི་ཚེ། །
སྨན་གཡང་གི་གཏེར་སྒོ་ཕྱེ་བ་རྨིས། །
གོང་མའི་ཉི་མའི་འོད་ཟེར་ཤར་ནས་ཤར། །
གནམ་རྒྱལ་སྒོར་འཛམ་གླིང་ཀུན་འཛོམས་ནས། །
དཔལ་སྒྱུ་འཕྲུལ་ལོངས་སྤྱོད་རྫོགས་པ་ཆེའི། །
ཆོས་ཟབ་མོའི་སྐལ་བཟང་བསྩལ་བ་རྨིས། །
རྒྱ་དགའ་བའི་རྒྱལ་ཁབ་ཟིན་པ་རྨིས། །
བོད་དགྱེས་པའི་གཞི་བྱེས་ཐུག་པ་རྨིས། །
ཀུན་དགའ་བའི་དགའ་སྟོན་ཚེས་པ་རྨིས། །
བཟང་རྨི་ལམ་འདི་འདྲ་ཨེ་མ་ཧོ། །
གསེར་སྒོང་ང་དང་པོ་རིག་པའི་གནས། །
གསེར་སྒོང་ང་གཉིས་པ་མཐུན་པའི་དཔལ། །
གསེར་སྒོང་ང་གསུམ་པ་དམ་པའི་ཆོས། །
དར་སྨིན་གྲོལ་ནམ་མཁའ་གང་བར་ཤོག །
ལྷ་རྩ་གསུམ་རྒྱལ་བ་སྲས་བཅས་དང་། །
གྲོགས་ཆོས་སྐྱོང་སྲུང་མ་ལས་ལ་བསྐུལ། །
དོན་རྨི་ལམ་ལུང་བསྟན་མཐོང་བར་ཤོག །
ཕན་བདེ་བས་རྒྱལ་ཁམས་གང་བར་ཤོག །
ཅེས་པའང་རབ་རྒྱན་ལྕགས་ཡོས་དབོ་ཟླའི་ཡར་ངོའི་ཚེས་པ་བཅུའི་ཉིན་ལ་རྨི་ལམ་ཡ་མཚན་ཅན་ཞིག་རྨིས་ནས་སད་མ་ཐག་རང་སྣང་གང་དྲན་བཅོས་བསྒྱུར་མེད་པར་ཤྲྰི་སྨྱོན་པས་སུག་ ལས་སུ་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག་གུ། ཤྲྰི་སརྦ་ལོ་ཀ་མངྒ་ལཾ་བི་ཛ་ཡནྟུ། །
xxxxxxxxxxxxxxxxxx
མཁན་རིན་པོ་ཆེ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཐུགས་ཀྱི་བཞེད་དོན་ཡིད་བཞིན་དུ་འགྲུབ་པར་སྨོན།
ང་ལ་ནི།
རང་བཙན་རྩོད་པའི་རྨི་ལམ་རྨིས། །
གཉིས་སྨན་ཕན་པའི་རྨི་ལམ་རྨིས། །
བོད་རྒྱ་མཐུན་པའི་རྨི་ལམ་རྨིས། །
རང་གཞན་དགའ་བའི་རྨི་ལམ་རྨིས། །
ཉིན་གྱི་རྨི་ལམ་ལས་ལྷག་ཤོག །
ལགས་སོ། ཁྱེད་ཚོ་ལ་བཟང་ངན་གང་ལྟར་སྨྲས་ཀྱང་མི་ཆོས་བླ་མའི་རྨི་ལམ་ཞིག་རྨིས་པ་རེད། ཡིན་ན་ཡང་རྫུན་མིན་པར་དངོས་སུ་བདག་རང་ལ་རྨིས་པ་ཞིག་ཡིན། གལ་ཆེན་པོ་རེད་བསམ་ནས་འདིར་བཀོད་པ་ཡིན། རུ་དམ་ལུང་གི་བུ་ལགས་སྐད་འདི་བསྟན་ཁོ་ལ་ཤོད་ཨ། རྟེན་འབྲེལ་ཉེས་སེལ་གྱི་རིམ་འགྲོ་ཚོ་མཁན་པོ་འོད་གསལ་གྱི་ངག་ལ་ཡོད་ལགས། དེ་ཙམ་ཡིན།
རྨི་ལམ་མི་ངན་རྨི་ལམ་བཟང་།
གསེར་གསེར་སྒོང་ང་སྤུན་གསུམ་དེ།
བོད་ཆོལ་ཁ་གསུམ་པོ་ཡིན་པའི་རྟགས།
ཐུགས་དགྱེས་བཞིན་ཁྱེད་ལ་གནང་བ་དེ།
གུ་ཤྲི་གཉིས་པ་རིང་མིན་བྱོན་པའི་རྟགས།
ཆོལ་གསུམ་སླར་ཡང་འཕུལ་བའི་རྟགས།
དགྲ་ཕྱོགས་ལ་ངན་པའི་རྨི་ལམ་རེད།
རྒྱ་ཞིང་ཆེན་བཅོ་བརྒྱད་ཉམས་རྒུད་འགྲོ་བའི་རྟགས།
བོད་ཕྱོགས་ལ་བཟང་བའི་རྨི་ལམ་རེད།
བོད་མགོ་ནག་བདེ་སྐྱིད་འབྱུང་བའི་རྟགས།
ཨ་ལ་ལ་རྨི་ལམ་དེ་འདྲའི་མཚར།
བོད་རྒྱལ་ལོ་རྨི་ལམ་དངོན་འགྱུརཡོང་ཤོག།
རྨི་ལམ་ནི་འཁྲུལ་བའི་་དཔེ་ཡིན་མོད། །སྐབས་རེ་ལ་ཡག་པོ་ཐུག་ནས་འགྲོ། །དགྱེས་རྡོར་ཀྱི་རྨི་ལམ་བཟང་པོ་རེད། །ཚན་རིག་གིས་དཔྱད་པ་བྱེད་རན་འདུག །རང་དོན་དུ་དབང་ལུང་ཞུ་བ་བཟང ། །གཞན་དོན་ཏུ་སྨན་ཁང་བརྩེགས་པ་བཟང་། །རྒྱ་བོད་གཉིས་རང་ཡུལ་སྡོད་པ་ལེགས། །མཚཪ་སྒོང་ང་སྤུན་གསུམ་རྡོལ་བ་ལེགས། །