རྔ་བ་རྒྱལ་ཁམས་པ།
དྲུང་ཡིག་ཨ་ཁུ་ཆོས་འཕེལ་གྱི་གསུང་འབུམ་ལས་བཤུས།
དེ་ཡང་རབ་ཡིད་ལྕགས་ཕོ་སྤྲེལ་གྱི་ལོ(༡༨༦༠)དཔྱིད་ཀར་༧སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་དཀོན་མཆོག་བསྟན་པ་རྒྱ་མཚོ་མཆོག་གི་དགུང་ཞལ་བཅུ་གཉིས་བཞེས་སྐབས། ས་དབང་ཆེན་པོ་རྨེའུ་དཔོན་ཚང་གིས་གདན་དྲངས། སྐྱེ་དགུའི་མ་མ་ཆེན་མོ་ཨ་སྐྱོང་བཟའ་དཔོན་མོ་བདེ་སྒྲོན་དང་། བློན་ཆེན་རྨེའུ་དཀོན་མཆོག་གཉིས་གཙོས་མྰ་བློན་སྡེ་འབངས་རྒན་རབས་ཀུན་བསམ་པ་གཅིག་དྲིལ་སྒོས། རང་རེ་རྔ་ཡུལ་འདིར་ཤི་བོའི་སྔས་གཏོད་ས་གསོན་པོས་སྐྱབས་བཅོལ་ཡུལ་མྰ་བློན་སྤྱི་དགོན་ཕྱག་འདེབས་མཛད་དགོས་ཚུལ་ཡང་ཡང་གསོལ་བ་བཏབ་པར། ཞལ་ནས་ཡ་ཡ་ངས་ཀྱང་དེ་འདྲ་རེ་བསམ་ཡོད་རྗེས་སོར་རང་ཅག་གྲོས་མོལ་བགྱིད་ཆོག་ཅེས་གསུངས། སྤྱིར་ཆོས་སྡེ་འདི་ཉིད་ཞོ་ཆགས་ཀྱི་རུ་རྩི་ལྟ་བུ་ནི་ལྡོང་ཁུ་དགོན་གཡུལ་རྒྱལ་བསམ་གཏན་གླིང་ཞེས་པ་ཡིན། འདི་ཆགས་འདེབས་བགྱིད་པ་པོ་ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་དམ་པ་བླ་མ་ཕུན་ཚོགས་ཚང་ཡིན། བླ་མ་ཕུན་ཚོགས་ཚང་འདི་བ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་སྲས། བསེ་ངག་དབང་བཀྲ་ཤིས་ཀྱི་ཞབས་པད་བསྟེན་ཏེ་བཀྲ་ཤིས་འཁྱིལ་ནས་ཐུགས་གཉེར་མཛད། སྐབས་ཤིག་བླའི་བཀས་རང་ཡུལ་དུ་སོང་ལ་དགོན་པ་ཐོབས་གསུངས། དེ་བཞིན་རབ་ཉི་ཆུ་ཡོས་༡༧༢༣ལོར་ལྡོང་ཁའི་སྒང་ལ་དགོན་པ་གསར་འདེབས་མཛད། དེ་སྐབས་ཞྭ་སེར་བ་ཁོང་གཅིག་པུ་ལས་མེད་པས་གཞན་ཚོའི་གྱོད་འདྲ་གསུང་སྐབས་གྲྭ་རྒྱུན་རེ་གཟུ་བཙས་ལ་བླངས། འགའ་རེ་ལ་རྟ་སོགས་གནང་སྦྱིན་བྱས་ནས་གྲྭ་རྒྱུན་ཉོས་ཏེ་དགོན་པ་བསྐྱངས། བྱམས་ཆེན་དང་ཆོས་རྒྱལ་གྱི་སྐུ་བརྙན་བཞེངས། དེ་གྲུབ་ཉིན་ཨ་མཆོག་བླ་མ་རྒྱ་བོས་རྟ་དཀར་པོ་ཞིག་ལ་ཙག་ཤ་བུབ་བཀལ་ཏེ་བྱོན་ནས་སྟོན་མོ་བཀྱག རྔ་བའི་ཁྱི་ལུང་ནང་དུ་མེ་ཏོག་སྐྱེས་ཞེས་སྙན་པ་ཐོས་ནས་འོངས་པ་ཡིན། སླན་ཆད་རོགས་རམ་བྱེད་ཆེས་ཞུས། དེའི་ཕྱི་མ་ལྡོང་ཁུ་ཆོས་འཛིན་ཚང་གིས་བསྐྱངས། དེའི་ཡང་སྤྲུལ་ལྡོང་ཁུ་དཀོན་མཆོག་རྒྱ་མཚོ་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་བྱས འདི་བས་ཀིརྟི་རིན་པོ་ཆེ་ལ་རྔ་ཡུལ་དུ་ཆོས་སྡེ་ཞིག་འཛུགས་པའི་ཐུགས་སྨོན་ཡོད་ན། ལྡོང་ཁུ་དགོན་འདིའི་གཞི་རྐང་བྱེད་དམ་སྤོས་གང་འགབ་སྒོས་ཞྭ་སེར་ཅོད་པན་འཆང་བའི་རང་ལུགས་དྲི་མ་མེད་པའི་ཆོས་སྡེ་དཔག་བསམ་གྱི་ལྗོན་པ་ལྟ་བུ་ཞིག་གནང་བའི་རྗེས་འཛིན་དགོངས་བསྣམས་ཞུ་ཞེས་ཞུས། ཐུགས་དགྱེས་པས་ཞལ་ལན་ཡིད་ཚིམ་པ་གནང་། ལྡོང་ཁུ་དཀོན་མཆོག་རྒྱ་མཚོའི་ཡང་སྤྲུལ་བློ་བཟང་ཆོས་འཛིན་ཚང་སྡེ་འདིའི་གྲྭ་ས་བ་ཡིན། དེའི་ཡང་སྤྲུལ་བློ་བཟང་འཇམ་དཔལ་རྒྱ་མཚོ་ནི་ད་ལྟ་ཞལ་འཚོ་ཞིང་བཞེས་པའི་སྐབས་སོ།། མཛེས་བྱེད་ཅེས་པ་རབ་ཉི་ཆུ་ཡོས་སྤྱི་ལོ༡༧༢༣པ་ལ་ལྡོང་ཁུ་དགོན་པ་བཏབ་ནས་ལོ་འདི༡༤༧སོང་བའི་ལྕགས་ཕོ་རྟ་དང་སྤྱི་ལོ༡༨༧༠ལ་སྐྱབས་རྗེ་དགུང་ཞལ་ཉེར་གཉིས་ཐོག་སླར་རྔ་ཁོག་ཏུ་ཕེབས་ནས་མེ་ལོང་ཆྰ་ཞེས་པར་སྡར་བཏབ། རྨེའུ་རྒྱལ་བློན་རྣམས་ཀྱིས་སྔར་ནས་གསོལ་བ་བཏབ་པ་བཞིན། སྐབས་འདིར་དགོན་པ་གསར་འདེབས་ཀྱི་ས་འཚོལ་བར་ཕེབས་ཚེ། ཆིབས་ཁ་བ་ལ་ད་སོང་གསུངས། ཆིབས་ཁ་བས་དགོན་པ་འདེབས་ཡུལ་མ་བསྟན་ན་གར་འགྲོ་མི་ཤེས་ཚུལ་ཞུས་པ་ལ། ཡར་སོང་དང་དེ་ཡིན་གསུངས་པ་བཞིན་ཕེབས་པས། བློན་ཚང་ཆྰ་ཐོག་ཟེར་བ་དེར་སླེབས་ཚེ། ཞབས་ཕྱི་ཞིག་གིས་དཀྱིལ་འཁོར་བྲིས་ཐང་འགའ་ཞིག་ཁུར་ཡོད་པ་ས་ལ་ལྷུང་སོང་བར། ད་སྡོད་དང་ཡིན་གསུངས་ནས་ཆིབས་ལས་བཤོལ་བ་གནང་། དེར་ཕྱུགས་རྫི་ཞིག་ལ་ས་འདིའི་མིང་ལ་གང་ཟེར་ཞེས་དྲིས་ཚེ། རྫི་བོས་རྟེན་འབྲེལ་ལོག་པར་བརྗོད་རྩིས་ཀྱིས་དགོན་ཆགས་ཐང་ཟེར་ཞུས་པས་གྲ་ཇེ་འགྲིག་ཏུ་སོང་། འཐོར་འབྲུ་ཞིག་ཁྱེར་ཡོང་བ་ཡང་འབྲུ་རིགས་སྣ་མང་ཞིག་ཡིན་པས། ཞལ་ནས་ངའི་དགོན་པ་འདིར་ཕྱི་འབྲོག་གླིང་གསུམ་རྒྱ་བོད་ཧོར་གསུམ་སོགས་ཀྱི་གྲྭ་རྒྱུན་འདྲ་མིན་འདུས་ཆེ་བའི་རྟེན་འབྲེལ་ལེགས་གསུངས། གནས་འདིར་སྔོན་གྲུབ་དབང་གོང་མ་བསྟན་པའི་རྒྱལ་མཚན་གྱིས་རྡེའུ་འབུམ་ཞིག་འཇོག་གནང་མཛད་འདུག་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་སྐུ་ན་ཕྲ་དུས་རྔ་ཁོག་ཏུ་ཕེབས་སྐབས་གནས་འདིར་ཅུང་ཟད་བཞུགས་ནས་གང་སེར་མ་གསུངས་ཏེ་ཕྱག་ནས་འཐོར་བ་མཛད་པས་ཡུལ་མི་རྣམས་ཀྱིས་ས་སྟོང་ལ་ཕྱག་ནས་འཐོར་བ་འདི་ལ་རྗེས་སོར་བརྟག་རྒྱུ་ཞིག་ཡོད་ཅེས་གླེང་བརྗོད་བྱུང་བ་དང་། ངེས་དོན་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་རྡོལ་ཞིང་གཉིས་འཛིན་འཁྲུལ་བ་ནང་ནས་ཞིག་ཡོད་པའི་རྡོ་གྲུབ་རྒན་ནས་ཀྱང་།༼རྔ་ཡི་ཕྱོགས་སུ་བློ་ཡི་མིང་ཅན་གྱིས།། གྲུབ་སྡེ་གསར་འཛུགས་གཞན་ཕན་རྒྱ་ཆེན་འབྱུང་།༽ཞེས་གསལ་བར་ལུང་བསྟན་ཅིང་། དེའི་བུ་སློབ་བདུད་འདུལ་གྲུབ་རྒན་ཐེངས་ཤིག་གནས་འདིར་ཞག་མལ་བཞུགས་ཚེ་འཁོར་རྣམས་ལ་ཉོན་དང་ཆོས་སྒྲ་འུ་རུ་རུ་སྒྲོག་གིན་འདུག་པ་ཁྱེད་ཚོས་ཐོས་སམ་གསུངས་པ་དང་། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་བཞིན་ཁ་ཤིའི་རུ་རུ་ཐང་ལ་དགོན་པ་ཞིག་བཏབ་པ། རེ་གཉིས་ཀྱི་བྱེད་ལས་ཀྱིས་ཡུན་རིང་དུ་མ་གནས་ཚེ། རྗེ་འཇིགས་མེད་ཞབས་ཀྱི་རྨེའུ་ཨ་འབོས་བཟའ་ལ་རྗེས་སོར་ཁྱེད་ཀྱི་སྡེ་དཀྱིལ་དུ་འཇོལ་ཨུ་ལིས་མི་བརྟན་པའི་དགོན་སྡེ་ཞིག་འདེབས་རྒྱུ་ཡིན་ཞེས་གསུངས་པ་རྒན་རབས་ཚོའི་ངག་སྒྲོས་ནས་གསལ་བ་ལྟར། ལུང་བསྟན་པའམ་བླ་མ་རྣམས་ཐུགས་རྒྱུན་གཅིག་པ་ཡིན་པ་ཆ་མ་ཚལ་ཡང་། ཕྱིས་སུ་རོང་ཆེན་ཀིརྟི་རིན་པོ་ཆེས་ཆོས་གྲྭ་ཆེན་པོ་འདི་ཉིད་ཕྱག་འདེབས་གནང་སྟེ་ལུང་རྟོགས་བསྟན་པའི་གདུགས་དཀར་སྲིད་རྩེའི་བར་དུ་བསྒྲེང་བར་འགྱུར་བ་དེ་དུས་ནས་དམ་པ་དེ་དང་གིས་ཆགས་ཐོགས་མེད་པར་གཟིགས་པ་གོར་མ་ཆག གནས་འདིར་ཕེབས་འཕྲལ་བླ་བྲང་སྐུ་ཕྱོགས་ཀྱི་ཞབས་ཕྱི་བ་བྱང་ཆུབ་ཟེར་བས་ཀློང་རྡོལ་ཕྱག་ཚྰ་སྒྲོལ་མའི་སྐུ་བརྙན་ཁྱད་མཚར་དང་། གཞན་དད་ལྡན་ཞིག་གིས་རྗེ་རིན་པོ་ཆེའི་སྐུ་བརྙན་ཞིག་ཕུལ་བས་རྟེན་འབྲེལ་རང་འགྲིག་ཏུ་བྱུང་། མདོ་རྒྱུད་ཀྱི་དགོངས་དོན་དང་མཐུན་པར་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་གང་རྒྱས་དང་། ས་བརྟག་བསླང་སྦྱངས་པ་ལྟོ་འཕྱེའི་ཐིག་གདབ་པ་སོགས་མཛད་ནས་ས་མིག་བརྐོས་པའི་སྐབས་མེ་ཏོག་གི་ཆར་བབས། དབལ་ཤུལ་རྨེའུ་ཚང་གི་སྲས་དོད་དུ་བླངས་པ་རྨེའུ་རྒྱལ་ལྕགས་ཐར་འབུམ་གྱིས་འདི་དུས་སུ་དུང་དཀར་ཆ་གཅིག་ཕུལ་བར། ཡོངས་འཛིན་མཆོག་ནས་སྔོན་ཐུབ་པའི་དབང་པོར་བརྒྱ་བྱིན་གྱིས་དུང་གཡས་འཁྱིས་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་བཞིན་རྟེན་འབྲེལ་ཤིན་ཏུ་ལེགས་ཚུལ་གསུངས། དེ་དང་དུས་མཚུངས་སུ་རྒྱབ་རིའི་རྩེ་ནས་འབྲུག་གྲགས་པ་སོགས་སྔ་ཕྱི་རྟེན་འབྲེལ་ཡ་མཚན་པ་མང་པོ་མ་བསྒྲིགས་བཞིན་དུ་ལྷུན་གྱིས་གྲུབ་པ་བྱུང་། རྨེའུ་ལྕགས་ཐར་འབུམ་འདི་ནི། རྡོ་སྟོད་ཀྱི་གདུང་རྒྱུད་ལ་སྐྱབས་ཡག་ཅེས་བྱ་བ། རྡོ་གྲུབ་རྒན་རིན་པོ་ཆེས། རྡོ་ཡུལ་སྟོད་དུ་མི་ཆེན་འབུམ་གྱི་མིང་།། གཤེགས་མ་ཐག་ཏུ་རྨེའུ་རྒྱལ་འཁོར་དུ་སྐྱེ།། ཞེས་ལུང་བསྟན་པ་ལྟར་དཔའ་རྩལ་འགྲན་ཟླ་དང་བྲལ་བ་མདའ་སྐྱེན་པོའི་རང་དབང་ཐོབ་པ་གཞོན་ནུ་སྲིད་སྒྲུབ་ལྟ་བུ་ཡིན་ལ། དེ་ལས་མི་རབས་གསུམ་པ་དཀའ་ཐུབ་བུ་རྡོ་སྨད་དཔོན་པོའི་ཐོབ་འོག་ཏུ་བསྡད་ནས། ཨ་སྐྱོང་དཔལ་ཆེན་མགོན་གྱི་སྲིང་མོ་བླ་ཚས་པའི་བུ་གསུམ་གྱི་ཆུང་བ་ལྕགས་ཐར་རྒྱལ་ཡིན། དེ་རྨེའུ་ཚང་གི་སྲས་དོད་དུ་ཡོང་ནས་ཚ་རོང་མཆོག་རྩེ་རྒྱལ་བོའི་སྲས་མོ་ཚེ་རིང་སྒྲོལ་མ་བླངས། དེའི་སྲས་མགོན་པོ་བསོད་རྣམས་ཡིན་ཞིང་། དེས་ཨ་སྐྱོང་ཁང་སར་བཟའ་བླངས་པའི་སྲས་མོ་དཔལ་ཆེན་ཀརྨ་དོན་གྲུབ་འཚོ་ཡིན་ལ། དེས་མགོ་ལོག་དབང་ཆེན་འབུམ་གྱི་མི་རྒྱུད་ལས། སྟོབས་རྒྱལ། དེའི་བུ་ཆེ་བ་ཚེ་རྒྱལ། འབྲིང་བ་འཕྲིན་ལས་རྒྱ་མཚོ། ཆུང་བ་པན་ཆེན་སྐྱབས་གསུམ་བྱུང་། དགེ་བཟའི་བུ་ཆེ་བ་ཞིང་སྐྱོང་བཀྲ་ཤིས་དང་། ཆུང་བ་སྐྱ་ཆེ་གཉིས་བྱུང་། ཞིང་སྐྱོང་བཀྲ་ཤིས་རྨེའུ་རྒྱལ་བོའི་ཐོབ་ཐོག་ཏུ་བསྡད། དེའི་སྲས་ས་དབང་ཆོས་རྒྱལ་ཆེན་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་ཡིན། དེས་མྱི་རྩའི་སྲས་མོ་བཀྲ་ཤིས་སྒྲོལ་མ་བླངས་པ་ཡིན། དེ་རྒྱལ་རོང་མཆོག་རྩེ་རྒྱལ་པོའི་བློན་མཁར་དགུ་ཚང་འདི་རྒྱལ་པོ་དང་རུས་གཅིག་ཅིང་། རིགས་སྤྲ་ཡིན་དེ་ལས་པདྨ་ཨ་འབུམ་རྡོ་རྗེ་ཞེས་པ་རྔ་སྟོད་དུ་སོང་ནས་མིག་ཞར་བས་རྡོ་ཞར་དུ་གྲགས་པའི་རྒྱུད་ལས་རྡོར་རྣམ་ཟེར་བའི་བུ་སྟོབས་ལྡན་མགོན་པོས་རྔ་སྟོད་གོང་མའི་དཔོན་ས་བཟུང་ཞིང་། དེ་བུ་བདུན་བྱུང་བའི་འབྲིང་བོ་མཐུ་སྟོབས་རྡོ་རྗེ་ནི། ཀིརྟི་སྐུ་གོང་ངག་གི་དབང་བོ་དང་། སྐུ་ལྕམ་བཀྲ་ཤིས་སྒྲོལ་མའི་ཡབ་ཡིན། སྐྱེད་ཡུམ་ནི་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཨ་སྤོ་ལྡོང་གི་རྒྱུད་ལས། རྗེ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་མྱི་རྩ་བསོད་ནམས་བཀྲ་ཤིས་སུ་གྲགས་པས་ཁྱིམ་གཞི་བཟུང་བ་ལས་རིམ་གྱིས་དབོན་རྒན་དཀོན་མཆོག་འཇིགས་མེད་བྱ་བ་བྱུང་བའི་ཚ་མོ་ལ། མིང་སྲིང་གསུམ་བྱུང་བའི་ནང་ཚན་ཀླུ་དབང་སྐྱིད་ནི། སྐུ་གོང་མ་ངག་གི་དབང་བོ་དང་། ལྕམ་སྲིང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་སྐྲུན་ཡུམ་ཡིན་ནོ།། དེ་ཡང་རོང་ཆེན་དགེ་འདུན་རྒྱལ་མཚན་ལ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ལུང་བསྟན་ལས། སྦྱིན་བདག་སྟོབས་ལྡན་རྒྱལ་བོས་རྟག་ཏུ་མཆོད།། ཅེས་ལུང་གིས་ཟིན་པའི་རྨེའུ་རྒྱལ་རབས་རིམ་བྱོན་རྣམས་དང་། ཁྱད་པར་ཆོས་རྒྱལ་དཔལ་མགོན་འཕྲིན་ལས་རབ་བསྟན་གྱིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་སྡེ་འདི་ཉིད་འདི་ཕྱིའི་སྐྱབས་གནས་གཅིག་ཆོག་དང་མཆོད་བཀུར་གྱི་ཞིང་དམ་པར་བཟུང་ནས་ཐུན་མོང་མ་ཡིན་པའི་སྦྱིན་བདག་གི་མཐིལ་དུ་སོང་གཤིས་བཀའ་དྲིན་འགྲན་ཟླ་མེད་པའི་ཚད་མཐའ་སུ་ཞིག་གིས་དཔག་པར་ནུས། དེ་སྐབས་དགོན་པ་འདིའི་ཆོས་སྲིད་བགྱི་བ་འགྲིག་ལམ་གྱི་རྟིང་གནོན་དང་འགལ་སྤོང་མཐུན་སྒྲུབ་ཀྱི་ཞབས་འདེགས། རྨེའུ་རྒྱལ་བོ། ཚ་ཁོ་མཆོག་རྩེ་རྒྱལ་པོ། མགོ་ལོག་ཨ་སྐྱོང་དཔོན་པོ། ཝ་ཤུལ་གསེར་ཐལ་ཚང་བཅས་རྒྱལ་ཁག་བཞིས་མདུན་པ་ཆིག་དྲིལ་གྱིས་ཞུ་ངེ་ཡིན་ཞེས་སྙན་སྒྲོན་དུ་ཕུལ། དགོན་པ་གསར་འདེབས་ཀྱི་རིམ་གྲོར་དྲུག་ཅུ་བ་དང་། འཇིགས་བྱེད་ཞི་སྦྱིན་སོགས་གསུངས། འདུ་ཁང་གི་རྨང་བཏིང་བའི་ནང་དུ་སེར་སྐྱ་མང་བོར་འཇིགས་བྱེད་བཅུ་གསུམ་མ་དང་། གདུགས་དཀར་ཐུགས་རྗེ་ཆེན་པོ་རྣམས་ཀྱི་དབང་གནང་ཞིང་། ལམ་རིམ་ཆེན་མོ། མངོན་རྟོགས་རྒྱན། དབུ་མ་འཇུག་པ་བཅས་ཀྱི་གཟབ་བཤད་རྒྱས་པའི་དབུ་འཛུགས་པ་གནང་། དབང་གི་ལྷ་མོའི་སྦྱིན་སྲེག་མཛད། དེ་ནས་བླ་བྲང་དང་འདུ་ཁང་ཀ་བ་སོ་དྲུག་ཅན་གྱི་རྨིང་བཏིངས་ཤིང་རྡོ་རྩིག་གྱང་རྡུང་ཤིང་ཆ་འདྲེན་རྒྱུ་སོགས་དང་། ལྡོང་ཁུའི་སྒར་སྤོར་རྒྱུ་བཅས་ལ་སེར་སྐྱ་རྒན་རབས་ཐུན་མོང་ནས་གྲོས་མོལ་བྱས། ལྕགས་ལུག་ནས་བྱ་བ་ལས་ཀྱི་འཁོར་ལོའི་འགོ་བཟུང་། ལོ་སྔ་ཕྱིར་ལས་མི་རྣམས་ཀྱི་བྲོ་ཆས་དང་ལག་ཡོན་ཚང་མ་ཀིརྟིའི་བླ་བྲང་གིས་འགྲོ་སོང་བྱས། ཆུ་བྱའི་ལོ་གཟིམ་ཁང་དང་འདུ་ཁང་གྲྭ་ཤག་ཁ་ཤས་བཅས་ལེགས་གྲུབ་བྱུང་བ་ཡིན་ནོ།། དགེ་ལེགས་རིག་པའི་རྫ་རྔ་བརྡུངས་མཁས་པ།། འདུན་ལྡན་དྲན་དབང་བྱེ་བ་རོལ་བའི་གནས།། ལེགས་བཤད་རླབས་ཕྲེང་ཕྱོགས་མཐར་གཡོ་བའི་གླིང་།། གསར་དུ་བསྐྲུན་པའི་མཛད་བཟང་ཡིད་ཀྱི་གསོས།། དགེ་བཅུའི་དཔལ་ལྡན་རྔ་ཡུལ་ཆོས་ཀྱི་ཞིང་། ལེགས་བཤད་ལུང་རིག་རྩིབས་སྟོང་སྣང་བའི་མཛོད།། འགྲོ་ཁམས་གླིང་བཞི་གསལ་བའི་འོད་རླབས་ཅན།། བསོད་ནམས་རྟ་བདུན་ཤུགས་ཀྱིས་དྲངས་འདི་རྨད།། ཁོར་ཡུག་རིན་ཆེན་རི་བོ་ཚར་དུ་དངར།། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་ཀྱི།། དགེ་མཚན་རི་མོ་གསལ་བའི་འགྱིང་ལེགས་པའི།། ཟོལ་གྱི་སྡེ་འདི་ཕྱོགས་ལས་རྒྱལ་བར་མཚོན།། སྔོན་ཆད་འཇིག་རྟེན་བྱེད་པོས་མ་འོངས་ན། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་འབྱུང་བ་ནི།། མངོན་པར་ཤེས་པས་གཟིགས་ཏེ་བསམ་བཞིན་དུ།། གནས་རི་འདི་དང་ཆེད་དུ་བཟོས་མིན་ནམ།། དེ་ལྟར་སྡེ་འདིའི་ཆགས་རིམ་ནོར།། དགེ་ལེགས་སྤེལ་བ་ཚིག་གི་ཕྲེང་། རྒྱན་དུ་ལེན་འདོད་གཞོན་ནུའི་མགྲིན།། མཛེས་པའི་དཔལ་ལ་ལྷ་ཡང་སྨོན།།
དགེ་མཚན་དཔལ་གྱིས་སྒེགས་པའི་གང་གཱ་མ།།
ལེགས་ལྡན་གླང་བོའི་གཙུག་གི་ཡུལ་ཞིག་ན།།
བཤད་བསྒྲུབ་བྱེ་བའི་རྒྱན་གྱིས་མཛེས་བྱས་པས།།
ཤར་གླིང་ཕྱོགས་ཀྱི་བུ་མོའི་རྒྱན་དུ་གྱུར།།
xxxxxxxxxxxxxxxxxxxxx
བོད་པ་ཚང་ཟེར་བའི་ངོ་རྫོགས་རྒྱུ་བོ། ཁ་སང་དེ་རིང་ཛ་དྲག་ཆེ་བ་འདི་འདྲའི་སྐབས་དོན་མེད་ཀྱི་རྩོད་པ་འདི་འདྲ་བྱེད་པ་ངོ་ཚ་དགོས་པའི་གནས་མ་རེད་དམ།
ཨ་རོ་གྲོགས་ཀིརྟིའི་མིང་ཅན་འཛམ་བུ་གླིང་གི་ཁོར་ཡུག་གང་དུ་སོང་ཛ་དྲག་ཆེ་བའི་སྐབས་སུ་རྩོད་རྒྱུ་མང་པས་དེ་ལ་སྐྱོན་གང་མི་འདུག་ལགས་་་་་རང་ཉིད་ལ་བློ་བཀོད་གསར་བ་རེ་ཡོད་ན་གསུངས་རོགས་ཞུ་་་་་
ཨ་རོ་གྲོགས་ཀིརྟིའི་མིང་ཅན་འཛམ་བུ་གླིང་གི་ཁོར་ཡུག་གང་དུ་སོང་ན་ཛ་དྲག་ཆེ་བའི་སྐབས་སུ་རྩོད་རྒྱུ་མང་པས་དེ་ལ་སྐྱོན་གང་་ཡང་མི་འདུག་ལགས་་་་་རང་ཉིད་ལ་བློ་བཀོད་གསར་བ་རེ་ཡོད་ན་གསུངས་རོགས་ཞུ་་་་་
ལོ་རྒྱུས་དྲང་མོ་བྲིས་ན་སུ་ཡིན་ཡང་བཀུར་འོས་ད་ལྟའི་ཀིརྟི་དགོན་གྲོང་ཚང་མ་དུང་སེམས་ཡོད་ལགས།
ནམ་ཡིན་ན་ཁྱབ་སྒྲོག་དྲང་མོ་བཤད་རྒྱུ་སེམས་ལ་ཟུངས་ཤིག་དེ་མ་གཏོགས་བཤད་ཡ་མེད།
རྔ་བ་རྒྱལ་ཁམས་པ་ཞེས་པ་འདི་དངོས་གནས་རྒྱལ་ཁམས་པའི་ལྟ་བ་དང་བསམ་བློ་ཡོད་མཁན་ཞིག་རེད་བསམ་ཡང་དེ་རིང་ཁ་སང་རྒྱལ་ཁམས་པ་གྲོང་གསེབ་པ་རང་དུ་ཆགས་འདུག་གཱ
ཕྱོགས་གཅིག་ནས་ཤེས་རྒྱ་མཐོང་རྒྱ་ཡོད་མདོག་གིས་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བ་སྦོམ་ལྟ་ཁུལ་བྱེད་ཀྱི་འདུག་ཏེ་ཁ་ཉིན་ཞིག་ལ་ཀིརྟི་རིན་པོ་ཆེ་ཡིན་ན་ཅིག་གི་ལོ་རྒྱུས་འབྲི་སྟངས་ལ་ཅིག་ལྟོས་དང་ཡིད་ཆད་ཀི་ཡཱ
དེ་རིང་ཁ་སང་རྔ་བའི་བདེ་སྡུག་ལ་ཆབ་སྲིད་ཀྱི་སྒང་ནས་དོ་སྣང་བྱེད་བཞིན་པའི་སྐབས་སུ་ཁྱེད་ཀྱིས་བླ་མ་བྱེ་བྲག་པ་དང་དགོན་པ་བྱེ་བྲག་པ་ཞིག་ཁྱབ་བསྒྲགས་བྱེད་སྟངས་ཀྱི་བསམ་སྤྱོད་རྩོག་པ་པོའི་རྒྱབ་ན་ཁྱེད་དང་ཁྱེད་འདྲ་བའི་མི་བཙོག་པོ་སྐོར་ཞིག་གིས་བང་བསྒྲིག་ཡོད་རྒྱུད་རེད། དེ་རིང་ཁ་སང་ཁྱེད་ཤེས་ཡོན་ཅན་ཞིག་དང་རྒྱལ་ཁམས་པ་ཞིག་གི་སྤྱོད་ཚུལ་ལས་འདས་པ་རྐྱང་རྐྱང་བྱས་པས་ང་ངོ་མ་ཡིད་ཆད་ཀ་འཇུག་གི་ཡཱ
ཀིརྟིའི་་མགོན་གྲོང་གཉིས་རྒྱ་གཞུང་གི་འཇིགས་པ་ལས་མྱུར་དུ་་ཐོབ་པར་ཤོག
རྔ་བ་རྫོང་ཁོངས་ཀྱི་ས་དགེ་ཇོ་ནང་བོན་སོགས་ཀྱི་དགོན་ཁག་ཞེ་གཉིས་ལ་བཀག་སྡོམ་ཤུགས་ཆེ་བྱུང་ཡང་། དགོན་ཁག་གཞན་ཚོའི་དཀའ་སྡུག་གི་གནས་སྟངས་གསར་འགྱུར་བརྒྱུད་ལམ་ནང་ཟུར་ཙམ་ཡང་མ་ཐོན་པར་བློ་ཕམ་བྱུང་། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ནང་ཁུངས་ལུང་མེད་པའི་སྐད་ཅོར་ཀིཏི་སྤྲུལ་སྐུ་ལ་རྔ་བའི་དབུ་བླ་ཟེར་བ་དང་། ད་དུང་རྔ་བ་རྗོང་ལ་ཀིཏི་རྫོང་ཞེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བར་མགོ་རྙོག་ཆེན་པོ་བྱུང་། ད་དུང་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་རྔ་བ་ཀིཏི་དགོན་པ་ནས་གྲྭ་༣༠༠་ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་འགོད་སྐབས། རྒྱ་གཞུང་གིས་ཀིཏི་བྱིས་པ་གྲྭ་ཚང་གྲྭ་ཤག་རེ་རེ་བསྔོགས་ཏེ་གྲྭ་༣༠༠་ལྷག་བཟུང་ཚུལ་བཀོད་འདུག
ཨ་ཁ་མཚོ་བྱང་བསམ་བློ་བ་ནས་ག་རེས་ལབ་གི་ཡོད་རེད་་་་ད་ལྟ་ཀིརྟི་དགོན་པ་ལ་དཀའ་ངར་འཕྲད་ཡོད་དུས་དེ་དང་དེའི་བདག་པོ་མི་གླེང་བར་གཞན་ག་རེས་གླེང་དགོས་རེད་་་ཨ་ཁ་་ཕྱགས་སུ་ལྷུང་བ་མང་འདུག་ཡ་