ཟླ་ཀླུང་གིས་ཕུལ།
སྙིང་ནས་བརྩེ་བའི་བུ་མོ་ཀར་སྒྲོན་ལགས། ངས་ཁྱོད་རང༌། གདོང་པ་མཛེས་ལ། གཟུགས་པོ་སྙིང་རྗེ་བོ། སྤྱོད་པ་བཟང་པོ། རིག་པ་གྲུང་པོ། ཕུག་བསམ་ཆེན་པོ། མིག་རྒྱང་རིང་པོ། སྙིང་སྟོབས་ཆེན་པོ་ཅན་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ངའི་རེ་བ་ནང་བཞིན། ཁྱོད་རང་སྐྱིད་ཁྱག་སྡུག་ཁྱག་གི་བློ་རྒྱས། སོ་སོས་སོ་སོ་ལ་མཐོང་ཆེན་དང་ཡིད་ཆེས་བྱས་ཏེ། སྤྱོད་པ་བཟང་ཕྱོགས་དང༌། ཤེས་འབྱོར་གོང་སྤེལ་ལ་ཤུགས་སྣོན་རྒྱག་རོགས་གྱིས། འདི་ནི་ཁོ་བོ་སྐྱིད་སྡུག་དང་འཆི་གསོན་གང་ལྟར་ཡང་སྙིང་ན་ཡོད་པའི་རེ་བ་ཆེ་ཤོས་དེ་ཡིན།
མཛའ་གྲོགས་ལགས། ད་དུང་གསོན་དང༌། ང་ཚོ་འཇིག་རྟེན་འདིར་ཐོག་མར་ཡོང་བ་ན། ཨ་མའི་དྲོད་བཅུད་ཀྱིས་གསོས་ཏེ། གཟུགས་པོའི་སྟོབས་རྫོགས་ནའང༌། བཟང་ངན་གྱི་སྣང་བ་སྣ་ཚོགས་པ་འདིས། སྐབས་རེ་དགའ་ནས་བགད་དགོས་པ་དང༌། སྐབས་རེ་སྡུག་ནས་ངུ་དགོས་པ་སྟེ། དགའ་སྡུག་རེས་མོས་ཀྱི་རྦ་ལ་གཡེང་གིན་ལོ་ཟླའི་ཕྲེང་བ་ཟད་ཡོད་ལ། ད་དུང་མི་ཚེའི་ལྷག་མ་ཇི་ཡོད་ཀྱང་འདི་བཞིན་འགྲོ་ངེས་ལགས་པས། སྣང་བ་གང་ལ་ཡང་བདེན་ཞེན་ཤུགས་མི་ཆེ་བར། རྨི་ལམ་གྱི་སྣང་བ་ལྟ་བུར་ལྟ་ཐུབ་ན། བདེ་སྡུག་གི་ཚོར་ཤུགས་ཆུང་དུ་སོང་སྟེ། ཅུང་གུ་ཡངས་ཀྱི་རྣམ་པ་ཡོང་གི་ཡོད།
གྲོགས་མོ་ལགས། ཐ་མའི་སྙིང་གཏམ་འདི་ལ། སེམས་ལྷོད་དུ་ཕབས་ནས་གསོན་དང༌། ང་ཚོའི་སེམས་འདི་སྣང་བ་སྣ་ཚོགས་པའི་རྗེས་སུ་རྒྱུག་ཐག་ཆོད་ནས། ངལ་དུབ་ཀྱི་གནས་སུ་གྱར་ཏེ། སེམས་སྐྱོན་ལྟ་བུ་ཡོང་གི་ཡོད་པ་སེལ་ཆེད་དང༌། ཚེ་རབས་གཏན་གྱི་བདེ་བ་འཐོབ་ཐབས་སུ་དམིགས་ཏེ། སྒོམ་ཁྲིད་ཀྱི་གདམས་པ་ཡང་དག་པ་འདྲ་ཐོབ་སོང་ནའང་ཚུལ་བཞིན་ཞུས་ནས། དུས་རྒྱུན་སྒོམ་རིམ་ལ་འབད་བརྩོན་བྱེད་རྒྱུ་ཡང་མ་འཕྱུགས།
སྙིང་གྲོགས་ལགས། ང་ཁྱོད་རང་ལ་ཐུག་འདོད་ཧ་ཅང་ཆེན་པོ་ཡོད། ཡིན་ནའང༌། རང་གཞན་དུ་མའི་ལས་ཀའི་ཁོལ་པོར་གྱུར་ནས། དུས་ཚོད་ཁོམ་ལྕོགས་ཁྱོན་ནས་མི་འདུག་པས། ཐུགས་ཕམ་རྩ་བ་ནས་མི་བྱེད་རོགས་སྐུ་ཆེ། གལ་ཏེ་ཁོམ་སྐབས་འདྲ་བྱུང་སོང་ན། མཐོང་ཐོས་མྱོང་བའི་བྱུང་བ་དང༌། སྐྱིད་སྡུག་གི་ཚོར་སྣང་བཤད་དུ་ངེས་པར་ཡོང་གི་ཡིན། ཤེས་སོང་ངམ། གཏན་གྲོགས།