ཤར་ཕྱོགས་ཁུག་རྟ།
ས་དང་གནམ་གྱི་མཚམས་ལ་མ་ཤོངས་པའི།།
ཀརྨ་བཅུ་བདུན་འཕྲིན་ལས་རྡོ་རྗེ་པས།།
གནའ་དེང་རིག་པའི་གནས་ལ་སྦྱངས་དང་ནོ།།
ན་མཉམ་སྐུ་ལོས་ངོ་ཡ་མི་ལོན་ཀྱང་།།
ཀརྨ་ཀརྨའི་ཚད་ཀྱི་ལངས་སྟངས་ཤིག།
ད་བར་མ་མཐོང་སྙིང་ལ་ནད་དུ་ཆེ།།
དགའ་ཁྲི་ཡོངས་འཛིན་ཕྲེང་བ་འཛིན་པ་མོ།།
གླིང་སྤྲུལ་འབྲས་སྤུངས་གླིང་དུ་བཞུགས་མོད་ཀྱང་།།
ཐལ་ལྕགས་གློག་དམར་འཁྱུག་པའི་ངར་ཞགས་དེ།།
ད་དུང་མ་གོ་སྙིང་ལ་ནད་དུ་ཆེ།།
ཀུན་བདེ་གླིང་བ་ཕྱི་ཉམས་དོད་པའི་ཁར།།
སྒམ་ཚུགས་ང་རྒྱལ་གཤོག་པ་ཐོགས་མོད་ཀྱང་།།
ཆོས་སྲིད་གནམ་ས་འབྱེད་པའི་རང་ཚུགས་ཤིག།
ད་དུང་མ་རྙེད་སྙིང་ལ་ནད་དུ་ཆེ།།
རྡོ་སྦིས་དགེ་བཤེས་ཉི་ཟླ་ཁ་སྦྱོར་ཅན།།
རྒྱ་བོད་གཉིས་ཀྱི་ས་ལ་མ་ཤོངས་མོད།།
ཕྲེང་བ་འཛིན་པ་ཕྱི་ལ་མ་ཐར་ནས།།
དཀའ་ལས་ཁེགས་ཚོད་ཐོས་འདི་ཞེ་རེ་སྐྱོ།།
ཙོང་ཁ་པ་ལ་སྤྲུལ་སྐུ་མེད་བཞིན་དུ།།
དེ་ཡི་ཕ་མར་སྤྲུལ་སྐུ་མི་མཛའ་མོད།།
སྤྲུལ་སྐུའི་ཕྲེང་བ་བརྩེགས་མའི་མཛད་འཕྲིན་གྱིས།།
ཙོང་ཁ་པ་ལ་ངོ་ཡང་ཚ་ཚོད་ཡིན།།
ན་མཉམ་སྤྲུལ་སྐུར་གྲགས་པ་རེ་ཤོས་ལ།།
ཀུ་རེ་དོན་གཏམ་འདུས་པའི་སྡེབ་སྦྱོར་འདི།།
ཆོས་སྲིད་མཁྱེན་རྒྱུར་སྐུལ་མ་བྱེད་ཕྱིར་དང་།།
ཆོས་སྲིད་མཛད་པར་ཅོ་ཡང་འདྲི་ཕྱིར་ཡིན།།
༧གོང་ས་ཆེན་པོས་སྲིད་འགན་མ་བཞེས་དུས།།
ཁྱེད་ཅག་སྒམ་མདོག་བསྡད་པས་མི་ཕན་ལ།།
མི་རབས་གསར་བས་ཆོས་སྲིད་མཁྱེན་དུས་སུ།།
ཁྱེད་ཅག་ཁྲི་ནས་འགྱིང་ཡང་གཟབ་གཟབ་བྱོས།།
གལ་སྲིད་ཁོམ་ལོང་འདྲ་ཞིག་བྱུང་གྱུར་ན།།
སོར་མོའི་འདུ་འགོད་འཁྱུག་པོའི་རྩེད་མཚར་གྱིས།།
ཆོས་སྲིད་རིག་གནས་ཐང་མར་བརྡལ་བ་ཡི།།
ངལ་བའི་ལས་ཤིག་བསྟན་རྒྱུའི་དང་ག་རྒོད།།
ཕ་ཡུལ་རྔ་བར་དམག་ཆར་ཕབས་དུས་འདིར།།
ཁྱེད་ཚོ་ཤ་དར་ཁྲག་དར་སྐུ་ལོ་ཚོས།།
རྒྱ་གཞུང་འདར་པའི་ལས་ཀྱི་མགོ་འཛུགས་ན།།
གསར་བུ་ང་འདྲ་རྗེས་སུ་འགྲོ་རྐྱང་ཡིན།།
སྟོང་ལོ་བརྒྱད་ནས་བྱུང་བའི་དུས་འགྱུར་ལ།།
ཁྱེད་ཚོར་ཚོར་བ་ཐ་ཐན་ཡོད་སྲིད་མོད།།
ཆོས་སྲིད་སྟོབས་ཀྱི་དར་ཆ་འཕྱར་ཐུབ་ན།།
ཁུག་རྟ་ང་རང་རྗེས་སུ་ཡོང་རྐྱང་ཡིན།།
དཀོར་དང་གུས་པས་གནམ་འོག་སྒྲིབ་དུས་འདིར།།
རང་ཉིད་ཆེན་པོ་མིན་འགྲོ་བསམ་ནའང།།
སེམས་པ་རྣལ་མས་ཕྱིར་ལ་གཟིགས་ཐུབ་ན།།
རྗེ་བཙུན་རས་པ་ལ་སོགས་གཞན་ཞིག་རེད།།
མི་སྙན་གཏམ་གྱིས་ཐུགས་ལ་ཕོགས་སོང་ན།།
རིག་པའི་ཁུག་རྟ་རིག་པས་རྡུང་ཆོག་ལ།།
གུས་མེད་གཏམ་གྱིས་མཐོང་ལ་གནོད་འགྲོ་ན།།
གནས་ལུགས་འབབ་རྡོས་ཁུག་རྟ་བསད་ཀྱང་ཆོག།
༧གོང་ས་ཆེན་པོ་ཟོས་ནས་གོན་དང་ནོ།།
འུ་ཚོ་གཅིག་ལས་གཅིག་གི་ཡན་ཡིན་ལ།།
༧གོང་ས་ཆེན་པོའི་དྲིན་ལས་དར་སོང་ནོ།།
དེ་ཡང་གཅིག་ལས་གཅིག་ལྷག་ཡིན་མོད་ཀྱང་།།
མར་སྩལ་ཡར་ལ་ཕུལ་རྒྱུ་མ་རེག་པའི།།
ཆོས་དང་འཇིག་རྟེན་གཉིས་ཀའི་རྒྱ་མ་འདིས།།
སྨྱོན་པ་ང་ཡང་རྟག་ཏུ་བཙུར་འདུག་ན།།
སྐུ་ལོ་ཁྱེད་ཚོ་དེ་བཞིན་ལོས་ཡིན་ལགས།།
ད་ནི་གནམ་ས་འགྱུར་བའི་བར་མཚམས་ནས།།
སྤྲུལ་བའི་སྐུ་ཡང་མི་འགྱུར་དབང་མེད་ལ།།
༧གོང་ས་ཆེན་པོའི་ལམ་ལུགས་འགྱུར་དུས་སུ།།
བསྟན་པའི་དོན་ཆེན་སྒྲུབ་ཕྱོགས་འགྱུར་ལོས་དགོས།།
རིག་པ་དག་མོའི་འཇོ་སྒེག་མ་འཛོམས་ཚེ།།
མཐོན་པོའི་ཁྲི་ལ་བསྡད་ཀྱང་མི་མཛེས་ལ།།
གནའ་དེང་རིག་གནས་མཛུབ་རྩེར་མ་བླངས་ཚེ།།
དབང་ལུང་མན་ངག་འཛོམས་ཀྱང་དཀའ་ས་རེད།།
དེ་ལྟར་ལྷད་མེད་སེམས་ཀྱི་ཞུན་མར་འདི།།
མ་ཁོགས་རང་བཞིན་འབར་བའི་མེ་ལྕེ་སྟེ།།
དེང་སང་དུས་ཀྱི་སྐུ་ལོ་ན་མཉམ་འགའ།།
ལྷད་མེད་སེམས་ཀྱིས་ཕུལ་བའི་སྒྲོན་མེ་ཡིན།།
མི་སྙན་གཏམ་གྱིས་ཐུགས་ལ་ཕོགས་མོད་ཀྱང་། །
རིག་པའི་ཁུག་རྟ་རིག་པས་རྡུང་མདོག་མེད། །
གུས་མེད་གཏམ་གྱིས་མཐོང་ལ་གནོད་སྲིད་ཀྱང་། །
གནས་ལུགས་འབབ་རྡོས་ཁུག་རྟ་གསོད་ཕོད་དམ། །
དེ་བས་རིག་པའི་ཁུག་རྟའི་རིག་པ་མ་ཉོག་ཅིག །
ཙོང་ཁའི་ཕ་མར་སྤྲུལ་སྐུ་ཡོད་པ་འདི།།
རྒྱལ་མཆོག་ཆེན་པོས་ཐུགས་ཐག་བཅད་པར་གྲགས།།
ཁུག་རྟ་དགེ་ཆོས་སྤྲུལ་སྐུར་གྱུར་བ་འདི།།
རང་གིས་རང་ཉིད་བཙན་གྱིས་བཞག་པར་གྲགས།།
ན་རིམ་གོང་མའི་ལས་འཕྲོ་མཐུད་དང་ན།།
ཡང་སྲིད་བྱོན་པའི་དོན་དགོ་དེ་ཡིན་ཞེས།།
༧རྒྱལ་བ་ཚང་གིས་ཡང་ཡང་གསུངས་གསུངས་པ།།
ད་དུང་རྣ་བའི་བུ་གར་གསལ་ལེར་འདུག།
བཀའ་པོད་ལྔ་བོའི་དོན་ཞིག་མ་རྟོགས་དུས།།
མཐོན་པོའི་ཁྲི་ནས་བསྡད་ནོ་སྟོང་པ་རེད།།
གཞུང་ལུགས་རབ་འབྱམས་རིག་པས་མ་བསྐོར་ན།།
གྲྭ་ས་རྒྱ་མཚོ་འགྲིམས་ནོ་དོན་རེ་ཆུང་།།
ཉམས་ཆུང་འཁོས་ཞན་གྲྭ་རྐྱང་དཀྱུས་མ་དག།།
བཅས་པའི་མཚམས་ལ་སྲོག་གི་ལྕགས་རི་ཡོད།།
སྟོན་པའི་ཐུགས་ཀློང་ཉུལ་བའི་སློབ་གཉེར་ལ།།
མི་ཤིགས་རྡོ་རྗེ་མདུད་པའི་ཞབས་རྗེས་ཡོད།།
དགེ་འདུན་གར་བཞུགས་བསྟན་པའི་སྲོག་ཤིང་ཞེས།།
ཚད་མའི་གསུང་གི་བཀའ་ལུང་ཡོད་བཞིན་དུ།།
བསྟན་པ་སུས་སྐྱོང་དོན་ལ་མི་གཟིགས་པ།།
བཅོམ་ལྡན་ཐུབ་པས་གསན་ན་ངོ་རེ་ཚ།།
དགེ་ཆོས་སྤྲུལ་སྐུ་འདིས་ངོ་མ་བདེན་པ་འདྲ་ཞིག་བཤད་འདུག་
ཤར་ཕྱོགས་ཁུག་རྟའི་གཤོག་རླབས་འདི། དགེ་ཆོས་མཁྱེན་རླབས་འདྲ་སེ་འདུག
སྤྲུལ་སྐུ་ཡིན་མིན་ཇི་ལྟར་ཡང། ཨ་མའི་བུ་ཞིག་ཡོང་ས་རེད།
སྤུན་ཟླ་དམག་གིས་བསྐོར་ན་ཡང། རིགས་ཞེན་གདུང་སེམས་ཙམ་མེད་པར།
གྲུབ་མཐའི་ནག་ཞྭ་གཡོགས་ཚུལ་འདི། སྟོན་པ་གང་གི་རྗེས་འབྲང་ཡིན།
བོད་རིགས་ཞིག་གིས། ༸གོང་ས་རྒྱལ་དབང་༡༤པ་མཆོག ༸པཎ་ཆེན་༡༠པ་དང་༸ཀརྨ་པ་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གསུམ་ལ་མ་གུས་པ་དང་། ཟུར་ཟ་འཕྱ་དམོད་བྱས་པ་ནི། ཕྱི་མིས་ཁྱོད་ཚོར་ཁྲལ་བགད་ཤོར་གཞི་ཙམ་ལས། ཉི་མ་སྦར་མོས་བཀབ་ཐབས་འདིས། ང་ལ་ནི་ཅི་མ་རུང་སྙམ་པ་ཙམ་ལས་ཅི་བྱར་ཡོད། དགེའོ དགེ་འཕེལ། །
ཚོགས་ངན་བསགས་ནས་ད་རུང་མུ་མཐུད་དུ་འདུག་རྒྱུ་ཡིན་ནམ། ཡིག་ཀྱོག་རེ་འབྲི་ཤེས་པ་འདི་སྐྱོན་བརྗོད་དང་རང་རིགས་ནང་ཁུལ་ལ་དཀྲུགས་ཤིང་ཙམ་མ་གཏོགས་བེད་སྤྱོད་མེད་པ་འདི་ཚད་ག་བར་སླེབས་མིན་ཡང་མི་ཤེས།