དམ་ཆོས་བསམ་འཕེལ་གྱིས
ངས་གླེང་འདོད་པ་ནི་གོ་ལ་ཟླུམ་པོའི་འདིའི་སྟེང་དུ་གནས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སེམས་གཤིས་རང་བཞིན་ལྷན་སྐྱེས་སུ་གྲུབ་པ་གནས་ལུགས་དང་ཆོས་ཉིད་ཡིན་པ་དེ་རེད། དེར་བརྟེན། བོད་མི་རིགས་ཀྱི་ཕོ་མོའི་ལས་དབང་གི་གནས་བབ་དང་དེ་འབྲེལ་གྱི་བདེ་སྡུག་གི་འཚོ་བ་སྟེ། ཕོ་མོ་གཉིས་ཀས་གྲུབ་པའི་འགྲོ་བ་མིའི་སྤྱི་ཚོགས་ཆེན་པའི་ཁོར་ཡུག་ཁྲོད་བསམ་ཤེས་དང་བཟོད་སྒོམ་གྱི་འདུ་ཤེས། འདྲ་མཉམ་དང་དྲང་བདེན་གྱི་འགྲོ་འདུག་བྱེད་གསུམ། དེའི་ཐོབ་དབང་དང་སྐྱིད་སྣང་གི་འཚོ་བའི་སྙིང་བོ་བཙལ་རྒྱུ་དེ་རེད།
སྤྱིར་སྐྱེས་པ་རྣམས་ནི་ལུས་ཀྱི་སྟོབས་ཤུགས་ཆེ་ཞིང་གདུག་རྩུབ་ཀྱི་རང་བཞིན་ལྡན་པ། ལས་དོན་གང་སྒྲུབ་ལ་ཕུག་རྒྱང་ཕུགས་རྒྱང་གི་བསམ་བློ་མི་འཁོར་ཞིང་ཞིབ་ཚགས་ཆུང་བ་སོགས་ཡིན། བུད་མེད་རྣམས་ནི་ལུས་ཀྱི་སྟོབས་ཤུགས་ཞན་ཞིང་ཞི་སེམས་ཀྱི་རང་བཞིན་ལྡན་པ། ལས་དོན་གང་སྒྲུབ་ལ་ཕུགས་རྒྱང་གི་འདུན་པ་བཅངས་ཤིང་ཞིབ་ཚགས་ཆེ་བ་སོགས་ཡིན། ཕ་མ་དང་བུ་ཕྲུག་ལ་བྱམས་ཤིང་གཉོར་སྐྱོང་བྱེད་པར་དགའ། དེ་འདྲའི་གནས་སྟངས་འོག་སྐྱེས་པ་རྣམས་ཀྱིས་ཕྱི་ཡི་འཚོ་བའི་ལས་དོན་སྒྲུབ་ཞོར་ཡུལ་ལུང་བདེ་སྲུང་གི་འཐབ་འཛིང་དང་བདག་དབང་འགྲན་རྩོད་ཀྱི་ལས་སུ་ཞུགས། བུད་མེད་རྣམས་ཀྱིས་ཁྱིམ་གྱི་འཚོ་བའི་ལས་དོན་སྒྲུབ་ཞོར་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ལས་སུ་ཞུགས། འཚོ་སྟངས་དེ་དང་གནས་བབ་དེ་ལས་ཡོད་ཚད་སྐྱེས་པ་ཕོ་ཡིས་དབང་བསྒྱུར་གྱིས་ཡུལ་སྲོལ་གོམས་གཤིས་འགོ་བཙུགས་ཏེ་ས་ཆའི་བདག་དབང་དང་འཚོ་བའི་གནས་བབ་ཐམས་ཅད་སྐྱེས་པ་ཕོ་ལ་རག་ལས་པར་གྱུར། དེ་ལྟ་ན་སྤྱི་ཚོགས་དང་འཚོ་བ་རིམ་གྱུར་གྱིས་ཆབ་སྲིད་བརྟན་ལྷིང་དང་ཆོས་ལུགས་གནས་པའི་དགོས་དབང་ལག་བསྟར། ལྟ་གྲུབ་རྣམ་བཞག་གསར་གཏོད་ཀྱིས་ཀྱང་ཕོ་ཡི་གོ་གནས་དང་དབང་ཤུགས་ཇེ་མཐོ་དང་མོ་ཡི་ཐོབ་ཐང་དང་རང་དབང་ཉམས་པར་གྱུར་ཏེ་སྐྱེ་བ་ཕོ་ནི་མཆོག་དང་སྐྱེ་བ་མོ་ནི་དམན་པའི་བསམ་བློའི་འདུ་ཤེས་བྱུང། དེ་ནི་འཛམ་བུ་གླིང་གི་རྒྱལ་ཁབ་སྤྱི་ཡོངས་ཀྱི་སྤྱི་ཚོགས་ནང་ཁྱབ་བརྡལ་གཅིག་མཚུངས་སུ་གྱུར་བར་བརྟེན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བསམ་བློའི་འཛིན་སྟངས་དེ་རྒྱུན་འབྱམས་ཀྱི་ཚོར་བ་ཞིག་ཏུ་བརྩི་བཞིན་པ་རེད། མི་རིགས་དཀར་ནག་སེར་གསུམ་གྱི་སྐྱེ་བུ་རབ་འབྲིང་ཐ་གསུམ་སུ་ཞིག་ཡིན་ཡང་དེའི་རྒྱུད་དུ་ངམ་ངམ་ཤུགས་ཤུགས་ཀྱིས་ཕོ་མོར་ དབྱེ་བ་འབྱེད་པར་བྱེད་པའི་ཚོར་བ་མངོན་ལྐོག་ཤུགས་གསུམ་གང་རུང་ན་འབུར་གྱིན་པ་ཞིག་ཀྱང་རེད།
དུས་རབས་ཉེར་གཅིག་པ་སྟེ། ཕྱིའི་དངོས་པོའི་རྡུལ་ཕྲན་རེ་རེ་དང་ཕུང་བོ་རེ་རེའི་བར་ཆ་བགོས་ཀྱིས་རང་རང་གི་བྱེད་ལས་གྲུབ་ཆ་དང་གནས་ལུགས་རང་བཞིན་སོགས་ལ་དཔྱད་ཅིང་བརྟག་སྟེ་ཚན་རིག་ལག་རྩལ་གྱི་ཤེས་བྱའི་ནུས་པས་ཕྱིའི་དངོས་པོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཚད་བཀག་མེད་པ་དང་དངོས་མཐོང་ལག་ཟིན་གྱི་གྲུབ་འབྲས་མཆོག་ཏུ་གྱུར་པ་བྱུང་དང་འབྱུང་བཞིན་པ་ཤེས་གསལ་ལྟར། དེའི་སྤྱི་ཚོགས་འཁོར་བསྐྱོད་ཀྱི་ཁྲོད་དུའང་ནང་སེམས་ཀྱི་བདེ་སྐྱིད་ཆེད་འགྲོ་བ་མི་རེ་རེའི་འགྲོ་འདུག་བྱེད་གསུམ་གྱི་རྒྱུད་རིམ་དེར་སྒེར་སོ་སོའི་གནས་བབ་ཀྱི་རང་དབང་དང་ཐོབ་ཐང། དྲང་བདེན་དང་འདྲ་མཉམ་གྱི་སྐྱིད་སྡུག་གི་འཚོ་བ་བཙལ་ཞིང་རོལ་བར་ཕྱོགས་ཡོངས་ནས་འབད་བརྩོན་དང་གོ་སྐབས་རྩོད་ལེན་བྱེད་ཀྱིན་པ་རེད། དེ་བས་ན། ནུབ་ཕྱོགས་པས་ཕོ་མོ་གཉིས་ཀར་འདྲ་མཉམ་གྱི་ཐོབ་དབང་བེད་སྤྱོད་དང་རིགས་རུས་དབྱེར་མེད་ཀྱི་ལམ་ལུགས་བཏོད་ནས་ཉིན་རེའི་འཚོ་བའི་ནང་ལག་བསྟར་དར་སྤེལ་དང་རྒྱ་ཁྱབ་ཆེ་རུ་འགྲོ་བཞིན་པ་རེད་ལ། སྐྱེ་བ་མོ་སྟེ་བུད་མེད་ལ་འཛིན་པའི་བསམ་བློ་འདུ་ཤེས་ཀྱང་སྤྱི་སྒེར་གཉིས་ཀྱི་ངོས་ནས་གུ་ཡངས་ཤིང་ཕུགས་རྒྱང་རིང་བའི་གདེང་སྤོབས་ཀྱི་ཡིད་ཆེས་དང་བརྩི་བཀུར་བྱེད་ཀྱིན་པ་ཞིག་རེད། ཡིན་ཡང། ཤར་ཕྱོགས་པའི་བུད་མེད་རྣམས་ལ་མཚོན་ན་གནས་བབ་དེའི་ཕྱེད་ཀའི་ཐོབ་དབང་ལའང་རྨི་ལམ་བཏང་མྱོང་མེད་ལ། ཡང་དགོས་སུ་ང་ཚོ་བོད་པའི་བུད་མེད་རྣམས་ནི་དེ་བས་ཀྱང་རྒྱང་རིང་ཞིང་སྲོལ་ངན་ཀླད་ལྗང་གི་འདུ་ཤེས་ཀྱི་གཡང་གཟར་དང་། གུ་དོག་གི་བསམ་བློ། བཤད་ཡམས་ནག་པོའི་མདའ་མདུང་གི་རྩེ་མོའི་བར་ན་འགུལ་བ་ཙམ་གྱིས་རང་ཉིད་ཀྱི་མདུན་ལམ་དེའང་རྩ་བརླག་ཏུ་འགྲོ་བའི་གནས་སུ་ལྷག་ཡོད།
ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་བྱེད་གསུམ་གྱི་ཁ་བརྡའི་སྐབས་སུའང། ཁོ་ནི་སྐྱེ་དམན་དང་མཚུངས། སྐྱེ་དམན་ནི་ནམ་ཡང་སྐྱེས་པ་ཕོ་ལས་དམན་ཞིང་ཐ་ཤལ་བར་བརྩི། དེ་ཚོར་ཡིད་རྟོན་མི་རུང་ཞིང་གསང་བ་བཤད་མི་རུང། དེ་ཚོས་རྒྱུན་དུ་ཆག་སྒོ་སློང་བ་དང་གྱོད་ཁ་འབྱེད་པ་ཞེས་བརྗོད་པ་ལ་གཞིགས་ཚེ། དེས་བོད་གངས་ཅན་པ་ཚོས་བུད་མེད་ཀྱི་ཐོབ་དབང་འཇལ་བའི་འདུ་ཤེས་དང་མཆོག་དམན་དགར་བའི་བསམ་བློའི་སྡོམ་ཚིག་ངོ་མ་དེ་མཚོན་ཐུབ། ལོ་རྒྱུས་དང་གནས་ལུགས་ལ་རྟོག་དཔྱོད་བྱས་ཚེ་རྗོད་པ་སྙན་འཇམ་དང་རྣམ་པ་སྟོན་སྟངས་ཀྱི་ཁྱར་པར་ཙམ་ལས། བོད་མི་སྐྱ་སེར་ཡོངས་རྫོགས་ཀྱི་བསམ་བློའི་འདུ་ཤེས་ལ་ཧེ་བག་གང་ཡང་ཤོར་མེད། བོད་པ་ཚང་མས་ཉིན་རེའི་འཚོ་བའི་ནང་གི་བསམ་བློ་དང་ལག་ལེན་གཉིས་ཀྱི་བར་ན། དོ་མི་ཉམས་པའི་རང་བཞིན་དུ་གནས་པའི་འདུ་ཤེས་ཀྱི་ བག་ཆགས་ཟབ་མོ་ཞིག་ཡོད་པ་ནི། བུད་མེད་ལ་འཛིན་པའི་སྲོལ་ངན་ལང་ཤོར་གྱི་ལྟ་བ་དང་བྱ་སྤྱོད་དེ་རེད། དེ་ནི་དོན་དག་ཆུང་ཆུང་ཤིག་མིན་ལ་མ་ཤེས་མ་གོ་དང་མ་རིག་མ་མཐོང་གི་ཚུལ་དུ་དེ་བས་ཀྱང་འཇོག་རུང་བ་ཞིག་མིན་པར་སྙམ།
བོད་ཀྱི་སྤྱི་ཚོགས་ཧྲིལ་བོའི་ཆ་ནས་གླེང་ན། བུད་མེད་ནི་རྙོག་དྲ་དང་ཆག་སྒོ་ཐམས་ཅད་ཀྱི་སྣ་འདྲེན་ཡིན་ཞིང་སྐྱོན་གྱི་རང་བཞིན་ལྡན་པར་འདོད། བུ་སྐྱེས་ན་དགའ་ཞིང་སྤྲོ་ལ། བུ་མོ་སྐྱེས་ཚེ་ངོ་གནོངས་ཤིང་ཡིད་མི་བདེ་བ་འབྱུང། ཕོ་རྣམས་གོང་ནས་འདུག་ཅིང་མོ་རྣམས་གཤམ་དུ་འདུག་དགོས། མོ་ལྭ་ཕོ་ཡི་མགོ་བོར་གཡུག་ཚེ་ཁོ་བོར་བཙོག་གྲིབ་ཀྱིས་སྤགས་ཏེ་རླུང་རྟ་ཆགས་ཤིང་དབང་ཐང་ཉམས་པར་བརྩི་ལ། བུད་མེད་ཕོ་ཡི་གྱོན་ཆས་ཐོག་འགོམ་ན་དེ་ལས་ཀྱང་ངན་པར་བརྩི། འདུ་ཤེས་དེ་དང་བྱེད་སྟངས་དེ་ལས་བུད་མེད་ཀྱི་འགྲོ་འདུག་བྱེད་གསུམ་ལ་བཀག་སྡོམ་དང་གནོན་ཤུགས་འབྱིན་ཞིང། ཁོ་མོ་ཚོའི་མདུན་ལམ་གྱི་རང་དབང་དང་ཐོབ་ཐང་སོགས་ལ་སྔ་ཕྱི་བར་གསུམ་དང་དངོས་ཤུགས་རྒྱུད་གསུམ་ནས་བརྡབ་གསིག་ཆེས་ཆེར་སྤྲད་དང་སྤྲོད་བཞིན་པ་རེད། ང་ཚོས་འདི་ལྟར་བུད་མེད་རྣམས་ལ་དམེ་ཞིང་སྡིགས་པ་དང། རྩིས་ཐང་མེད་ཞིང་མཐོང་ཆུང་བརྙས་བཅོས་བྱེད་པ་སྟེ། ཨ་མྱེས་ཡང་མྱེས་ནས་བརྒྱུད་ཅིང་རྒྱུ་མཚན་དང་གནས་ལུགས་བྲལ་བའི་སྲོལ་ངན་དག་གིས་ཁོང་ཚོའི་མི་ཚེ་ཧྲིལ་བོའི་མདུན་ལམ་ལ་ཐག་གཅོད་ནན་མོ་བྱེད་ཞོར་འཇིག་རྟེན་གྱི་འཚོ་བའི་བདེ་སྐྱིད་དང་ཁེ་ཕན་ཐམས་ཅད་སྐྱེ་བ་ཕོ་ཡིས་བཙན་དབང་གིས་ལེན་པའི་བསམ་ཚུལ་དེ་དག་སྣང་མེད་དུ་འཇོག་མི་རུང་བ་ནི་གནད་དོན་གལ་ཆེན་ཞིག་རེད། བོད་ཀྱི་སྤྱི་ཚོགས་ཁྲོད་སེར་སྐྱ་དབྱེར་མེད་དང་རྒན་གཞོན་ཁྱད་མེད་ཀྱིས་བུད་མེད་རྣམས་ཀྱི་འདོད་མདུན་དང་བྱ་སྤྱོད་ལ་བཟོད་སྒོམ་དང་བསམ་ཤེས་བྱེད་རྒྱུར་ཕར་ཞོག དེ་ལས་ལྡོག་སྟེ་བླ་བཙགས་དང་ངན་བཤད་སྣ་ཚོགས་ཁོ་ན་ཡིས་གླེང་སློང་བྱེད་པ་ལས། གནས་སྟངས་དེ་དག་གིས་བུད་མེད་རྣམས་ལ་སྡུག་བསྔལ་ཅི་ཙམ་ཞིག་བྱིན་ཡོད་པར་བསམ་གཞིག་ཙམ་ཡང་བྱེད་མྱོང་མེད་ཞེས་ལབ་ནའང་མ་ཆོག་པ་མེད་པར་འདོད།
ཐ་ན་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་ནས་ཀྱང་ཕོ་ལུས་མ་བླངས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་བཏུབ་ཅིང་བཙུན་མ་མང་ན་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་རྟགས་སུ་འཛིན། མགོན་ཁང་དང་བཙན་ཁང་ཁག་ཅིག་ལ་བུད་མེད་འགྲོ་ཆོག་པའི་བཀའ་ཁྲོལ་མེད་པ་སོགས་ནི་གྲོང་ཆོས་ཀྱི་སྲོལ་ངན་དང་འདྲེས་པ་ལས་ནང་དོན་རིག་པའི་ལྟ་བ་བརྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ། ཆོས་རྣམས་རྣམ་རྟོགས་དང་སེམས་ཀྱི་རང་བཞིན་ཙམ་དུ་གྲུབ་པ། སེམས་ཅན་ཐམས་ཅད་མར་ཤེས་ཤིང་དྲིན་དྲན་པ། བདག་གཞན་མཉམ་བརྗེ་ཡི་བློ་སྦྱོང་སྒོམ་སྒྲུབ། ལྷག་པར་ཏུ་གསང་སྔགས་ཐེག་པ་ཆེན་པོའི་དམ་ཚིག་ལ་མཐུན་མིན་དང་དགོངས་དེ་ཡི་དོན་རྣམ་བཞག་ཡིན་མིན་ལའང་བརྟག་ཅིང་དཔྱད་པའི་ངལ་བ་བསྟེན་དགོས་པར་སེམས། བླ་སྤྲུལ་མཁན་གསུམ་གྱི་ཡང་སྤྲུལ་ཏེ། ངོས་འཛིན་སྲོལ་རྒྱུན་གྱི་རྒྱན་ཤོག་ཁྲོད་དུའང་བཙུན་མའི་སྡེ་རུ་ས་མིག་རེ་སྤྲད་དེ། བུད་མེད་ཀྱི་ཁེ་དབང་ལ་གོ་སྐབས་གཅེས་སྤྲོད་དང་ཕོ་མོ་འདྲ་མཉམ་ཀྱི་སྤྱི་ཚོགས་ཁོར་ཡུག་གི་ཆེད་དམ། འགྲོ་བ་རིགས་དྲུག་གི་དོན་དུའང་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བསམ་བློ་གུ་ཡངས་ཤིང་བློ་རྒྱ་ཆེ་བའི་ཐོག་ཞབས་འདེགས་བསྒྲུབ་རྒྱུ་ཡང་གལ་ཆེ་བར་སྙམ།
སྤྱིར་བཟའ་ཚང་གི་ཁྱིམ་གཞི་འཛིན་སྐྱོང་སྐབས་སུའང། ཁྱོ་ག་ནི་བཟའ་དཔོན་ཏེ་འཚོ་ལས་ཐད་ཀྱི་བྱ་རིམ་ཡོངས་རྫོགས་དབང་ཆོད་ཀྱིས་འགྲིག་ན་བཟང་ཞིང་མ་འགྲིག་ནའང་ཡོད་ཚད་ཐམས་ཅད་ཁོ་བོས་བཙན་དབང་དང་ཨུ་ཚུགས་ཀྱིས་ཐག་གཅོད་བྱེད། སྐྱེ་དམན་གྱིས་བྱ་བ་གང་རུང་ལ་བྱུས་གཏོགས་བྱས་སྐབས་ཐོབ་སྐལ་མེད་སར་སྐེ་བསྲིངས་པར་བརྩིས་ཏེ་ཁ་ལོག་ཚིག་ལོག་གིས་དམེ་ཞིང་སྡིགས་པ་ཡིན། གལ་སྲིད་བྱ་བ་དེ་ཁྱོ་གའི་འདོད་ཐོག་ཏུ་མ་སོང་ཚེ། རྫིག་པོ་དང་འཇིགས་སྐུལ་གྱིས་ཁོ་མོར་གཅར་རྡུང་གི་བྱ་བ་ཡང་འབྱུང་སྲིད། ཁྱོ་ཤུག་གཉིས་ཀ་འདྲ་མཉམ་གྱི་བྱ་བར་ཞུགས་མཁན་ཡིན་ནའང། བྱིས་པ་གཉོར་སྐྱོང་དང་ཟ་མ་གཡོ་སྐོལ། སྣོད་ཆས་དང་གྱོན་ཆས་འཁྲུད་པ་སོགས་ཁྱིམ་ལས་ཀྱི་བྱ་བ་ཕལ་མོ་ཆེ་སྐྱེ་དམན་གྱིས་བྱེད་པ་ཡིན། གལ་སྲིད་ཁྱོ་གས་སྐྱེ་དམན་གྱི་ནུ་ཤུབ་དང་གསང་དོར། རྐང་ཤུབ་(ཨོ་སོ)་སོགས་ལ་ལག་པས་རེག་པ་དང་དེ་དག་ཁོ་བོའི་མགོ་བོར་གཡུག་པ་སོགས་བྱུང་ཚེ། བཙོག་གྲིབ་ཀྱིས་སྤགས་ཏེ་རླུང་རྟ་དང་དབང་ཐང་ཉམས་ཤིང་བཀྲ་མི་ཤིས་པ་སོགས་འབྱུང་བར་བརྩི། དགོད་བྲོ་བ་ཞིག་ལ་ཁྱོ་གས་སྐྱེ་དམན་གྱི་རྐང་གཉིས་ཕྲག་ཁར་ཁུར་ཤིང་ལག་གཉིས་མྱོས་བུམ་གྱི་དུང་དཀར་ཆ་གཉིས་འཆིང་ཞོར། ཁོ་མོའི་མཉེན་ཞིང་འཇམ་པའི་བརླ་བར་གྱི་དྲོད་ཁུག་ན། ཆེས་མཆོག་དུ་བརྩི་བའི་རིན་ཆེན་གྱི་མགོ་བོ་དེ་འདོན་མདུན་ཀྱི་བདེ་བའི་ན་ཟུག་གིས་བརྒྱལ་ཤིང་སྔངས་པར་བྱེད་པའི་སྐབས་སུ། བཙོག་གྲིབ་ཀྱི་དྲི་མ་ཙམ་ཡང་མ་སྦགས་པ་དེ་ཆས་ཡ་མཚར་བ་ཞིག་མ་རེད་ཨང། ཁྱོ་ག་ལ་ལར་དམིགས་ཡུལ་དང་དོན་བྱ་གང་ཡང་མེད་ཅིང་ཉིན་གང་བོར་ཁྱི་སྡོམ་བཞིན་ས་འཁྱམ་རྡོ་འཁྱམ་གྱི་ལས་སུ་ཞུགས་ཏེ། དགོང་དྲོ་ཕྱིར་རང་ཁྱིམ་དུ་ལོག་སྐབས་སྐྱེ་དམན་གྱིས་དགོང་ཟས་སོགས་གྲ་སྒྲིག་ཨང་གསར་བྱུང་མེད་ཚེ། དབང་ཡོད་ཤེད་འཁྱེར་གྱིས་བཟའ་འཁོན་སློང་ཞིང་འཁྲུག་པ་རྒྱག་པ་ལས་ཁོ་མོས་ཉིན་གང་བོར་བྱིས་པ་གཉོར་སྐྱོང་དང་ཁྱིམ་གྱི་སྡུག་ལས་མུག་ལས་ཐམས་ཅད་བསྒྲུབས་པར་བསམ་བློ་ཙམ་ཡང་བཏང་མྱོང་མེད། ཡང་སྐྱེ་དམན་ལས་ངན་མ་ལ་ལས་བཟོད་བསྲན་དང་སྡུག་རེས་ཀྱིས་ལས་ཀ་ཙག་ཙིག་རེ་བྱས་ཏེ་གང་ནུས་ཀྱིས་དངུལ་ཕྲན་བུ་རེ་བསགས་པའང་ཁྱོ་གས་ཧམ་སེམས་དང་འདོད་རྔམས་ཀྱིས་བེད་སྤྱད་དེ་ཤོ་རྒྱག་དང་རྒྱན་འཛུགས། ཆང་རག་དང་ཐ་མ་ཁོ་ནར་བརྗེས་པའང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་རྒྱུ་མང་ལ། བྱ་སྤྱོད་དེ་ཡིས་སྐྱེ་དམན་ལ་སྡུག་བསྔལ་ཚད་མེད་སྦྱིན་ཞིང་ཁྱིམ་ཚང་གི་འཚོ་བའི་འཕེལ་རྒྱས་ལའང་གོད་ཆག་ཆེས་ཆེར་སྤྲད་ལ། ཐ་ན་རང་ཉིད་ཀྱང་མིའི་སྤྱི་ཚོགས་ཁྲོད་ནས་རྒྱང་ཕུད་དུ་བཏང་ཞིང་རང་གཞན་གཉིས་ཕོང་གི་རྒྱུ་རྐྱེན་ཁོ་ནར་བསྐྲུན།
བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱིའི་ཆ་ནས་བུ་ནི་ཕ་ཤུལ་རྒྱུན་འཛིན་དུ་བཀོད་ཅིང་། བུ་མོ་ནི་གཞན་ལ་མནའ་མར་སྟེར་བའི་ལུགས་སྲོལ་གྱིས་ཀྱང་བོད་ཀྱི་བུ་མོ་ཚོའི་ལས་དབང་ལ་སྡོམ་ཚིག་གི་རི་མོ་གསལ་པོར་བྲིས་ཡོད། བུ་མོ་གཞོན་ནུ་མ་ཞིག་གིས་ལང་ཚོ་དར་མགོ་ཚུགས་པ་ནས་ཕ་མ་དང་ཉེ་དུ་ཀུན་གྱིས་ཁོ་མོའི་འགྲོ་འདུག་བྱ་གསུམ་གྱི་ཐད་ལ་སྟངས་འཛིན་དང་སོ་ལྟ་ནན་མོ་བྱེད་ལ། ཁོ་མོར་རང་འདོད་ཀྱིས་ལས་གང་ལའང་ཞུགས་ཆོག་པའི་གནང་བ་མེད་ཅིང་སྤྱི་ཚོགས་ཧྲིལ་བོའི་བཤད་ཡམས་ཀྱི་རླུང་འཚུབ་ལ་ནམ་དུ་ཡང་གཟབ་གཟབ་ནན་ནན་གྱིས་འཛེམ་ཞིང་གཡོལ་ཐབས་བྱེད་དགོས། ན་གཞོན་བུ་མོ་དར་མ་ཞིག་གིས་ཕོ་གསར་ཞིག་དང་ལྷན་དུ་འགྲོགས་ཤིང་རྩེ་དགོད་སློང་དེ་སློང་སྟེ། དགའ་སྡུག་གི་ཚོར་སྣང་བརྗོད་པ་ཙམ་གྱིས་ཁོ་མོའི་མདུན་ལམ་ལ་བཤད་ཡམས་ཀྱི་བར་ཆད་འབྱུང་སྲིད་ལ། ཕ་མས་ཀྱང་གཞོན་ནུ་མ་དེའི་བདེ་སྡུག་གི་སེམས་ཚོར་ལ་བསམ་བློ་གང་ཡང་མ་བཏང་བར་ཁྱིམ་ཚང་གི་མཚན་སྙན་ཁོ་ན་མཐོང་ཆེན་དང་བསམ་གཞིག་བྱེད་པ་ཡིན། ད་དུང་ཤ་ཉེ་ཀུན་དང་ཡུལ་གྲོང་ཚོ་བའི་ཞབས་འདྲེན་ཡང་ཡིན་པར་བརྩི། ཐ་ན་བུ་མོ་ལོ་གཞོན་ཞིག་གིས་དེང་རབས་ཐོན་གསར་གྱི་གྱོན་ཆས་གོན་ཏེ་ཞལ་རེས་ཚོན་བྱུག་གིས་ཡག་སྒོའི་རྒྱན་སྒེག་སྤྲས་ཤིང་། ཆང་རག་ཁམ་གང་ཁ་རུ་རེག་པ་དང་ཐ་མ་རྐང་གཅིག་འཐེན་པ་ཙམ་གྱིས་ཀྱང་ཁ་ལོག་ཚིག་ལོག་ཉོ་ཞིང་། ཉེས་མེད་དོན་མེད་ཀྱི་གཤང་མ་དང་འཕྱོན་མ་སོགས་ཀྱི་ཉེས་མིང་བཏགས་ནས་ཁོ་མོའི་མདུན་ལམ་གྱི་རྒྱབ་མདུན་ལ་ཕོག་ཐུག་དང་བཀག་རྒྱ་སྟེར་བ་ལས་ཁོ་མོའི་སྐྱིད་སྡུག་གི་ལས་དབང་ལ་བསམ་གཞིག་སྤུ་ཙམ་ཡང་བྱས་མྱོང་མེད། དེ་ལས་ལྡོག་སྟེ་ཕོ་གསར་དར་མ་ཞིག་གིས་བྱ་བ་གང་བྱས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལེགས་ཉེས་དང་བཟང་ངན་མ་བཀར་བར་དེ་ནི་ཁོ་བོའི་འཇོན་ཐང་དང་དབང་ཐང་ཡིན་པར་བརྩི་བ་ནི་སྲོལ་ངན་གྱི་བསམ་རྒྱ་དང་མཐོང་རྒྱ་མེད་པའི་ཀླད་རྙིང་གི་ཁོར་ཡུག་ཆུང་ཆུང་ལས་སྒྲོལ་མ་ཐུབ་པས་སོ། །
དེས་ན་ང་ཚོས་ཕོ་མོ་གཉིས་ཀར་གོ་སྐབས་དང་སྤོབས་པ། སློབ་གསོ་དང་ཤེས་ཡོན། འདྲ་མཉམ་དང་དྲང་བདེན་གྱིས་མི་ཚེའི་མདུན་ལམ་གཅིག་མཚུངས་སྟེར་ཐུབ་ན་དེ་གཉིས་ལ་ཁྱད་པར་འབྱུང་དགོས་དོན་གང་ཡང་མེད་པ་ཚད་མས་གྲུབ། ང་ཚོས་འཇིག་རྟེན་གྱི་བྱ་བྱེད་ཐད་དུ་བུད་མེད་ལ་གོ་སྐབས་མ་སྤྲད་པའི་དབང་གིས་སྤོབས་པ་སྐྱེས་ཐུབ་མེད་ལ། དེའི་དབང་གིས་དུས་ནམ་ཡང་ཁོ་མོ་ཚོས་མགོ་བོ་སྒུར་ཞིང་བག་འཁུམ་ནས་སྡོད་དགོས་བྱུང། དེ་བཞིན་དུ་ཁོ་མོ་ཚོའི་སེམས་ལའང་ནམ་ཡང་མི་འཇོན་སྙམ་པའི་ཚོར་བ་ཞིག་ངམ་ཤུགས་ཀྱིས་བྱིན་ཞིང། ལས་དོན་གང་ལའང་འཇུག་མི་སྤོབས་ཤིང་སེམས་ཤུགས་ཞུམ་པར་གྱུར།
མཐའ་དོན། ང་ཚོས་བུད་མེད་རྣམས་ལ་འཛིན་པའི་འཁོན་སེམས་དང་སྡང་སྡིགས། གཉའ་གནོད་དང་གཅར་རྡུང་གི་སེམས་ངན་དོར་ཏེ་། ཁོག་རྒྱ་ཡངས་ཤིང་བློ་རྒྱ་ཆེ་བའི་སྒོ་ནས་དཔུང་པ་མཉམ་གཤིབ་དང་གདུང་སེམས་མཉམ་སྐྱེད་ཀྱིས་བོད་མི་རིགས་སྤྱི་ལ་དགོས་པའི་ཁེ་ཕན་དང་ཐུན་མོང་དུ་ཡོད་པའི་སྤྱི་ཚོགས་བདེ་སྐྱིད་ཀྱི་ནུས་ཤུགས་ཁོ་ནའི་ཆེད་སྐྱེ་བོ་རང་རང་གིས་ངོས་ནས་འབད་བརྩོན་བྱེད་དགོས་པར་སེམས། སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་གྱི་སོ་སྐྱེ་ཡང་དག་པ་ཞིག་འཛམ་གླིང་ན་མེད་ལ། དངོས་པོ་གང་ཡིན་ཡང་རང་རང་ལ་བཟང་བའི་ཆ་དང་ཞན་པའི་ཆ་གཉིས་ལྡན་གྱི་གནས་ལུགས་རང་བཞིན་རྒྱུ་མཚན་དུ་དྲངས་ཏེ། སྐྱེས་པ་ཕོ་ཡིས་འཇོན་པ་མང་པོ་ཞིག་སྐྱེས་མ་མོ་ཡིས་མི་འཇོན་ལ། སྐྱེས་མ་མོ་ཡིས་འཇོན་པ་མང་དག་ཅིག་ཀྱང་སྐྱེས་པ་ཕོ་ཡིས་མི་འཇོན་པའི་གནས་ལུགས་ལ་བསམ་གཞིག་བྱས་ནས་ང་ཚོས་གཅིག་ལ་གཅིག་རྟེན་དང་གཅིག་ཕན་གཅིག་གྲོགས་ཀྱིས་ཕོ་མོ་གཉིས་ཀས་ཕུན་ཚུན་ལ་བསམ་ཤེས་དང་བཟོད་སྒོམ། འདྲ་མཉམ་དང་དྲང་བདེན་གྱི་སྒོ་ཀུན་ནས་མཉམ་གནས་དང་ཐུན་མོང་ལ་དབང་བའི་ཁོར་ཡུག་གི་ལམ་ཁ་དཀྱིལ་མ་ཞིག་བཙལ་ཏེ་ཕོ་མོ་གཉིས་ལྡན་གྱི་སྤྱི་ཚོགས་ཁྲོད་མི་ཚེ་དོན་དང་ལྡན་ཞིང་དགའ་དགའ་སྐྱིད་སྐྱིད་ཀྱི་སྤྲོ་སྣང་གིས་འཚོ་བ་རོལ་རྒྱུ་དེ་དོན་དམ་པའི་གནད་ཀྱི་དོད་པོ་ཡིན་པར་འདོད། །
༼་དམ་ཚིག་ལ་མཐུན་མིན་དང་དགོངས་དེ་ཡི་དོན་རྣམ་བཞག་ཡིན་མིན་༽ཞེས་པ་ནི། གསང་སྔགས་ཐེག་པ་ཆེན་པོའི་དམ་ཚིག་ལ་མཐུན་མིན་དང་དེ་ཡི་དགོངས་དོན་རྣམ་བཞག་ཡིན་མིན་ཞེས་པའི་དོན་རེད། ཡི་གེ་གཏག་ནོར་ཤོར་འདུག་པས་དགོངས་དག་ཞུ།
བསམ་འཕེལ་མ་ཁྱེད་ཀྱིས་དབྱེ་ཞིབ་གང་ལ་གང་མཚམས་བྱས་འདུག་ཀྱང་། ད་དུང་ཕྱོགས་མང་པོ་ཞིག་མཐོང་མིན་འདུག་ལའང་ཕྱོགས་མང་པོ་ཞིག་ལ་ཉ་མྱུང་མཉམ་སེལ་བྱས་པ་ལྟ་བུ་ཞིག་ཀྱང་མཐོང་བྱུང་དེ་ནི་ངས་བལྟ་ཚུལ་ཞིག་ཡིན། ང་ཚོའི་སྤྱི་ཚོགས་དེ་སྤྱི་ཚོགས་གཞན་དང་མཚུངས་བསྡུར་བྱས་པ་ཡིན་ན་ཕོ་མོ་འདྲ་མཉམ་མིན་པའི་སྐྱོ་གནད་ཧ་ཅང་གི་ཉུང་བའི་སྤྱི་ཚོགས་ཞིག་ཡིན་པ་མཁྱེན་དགོས་པ་དེ་དོན་གྱི་དང་པོ་དེ་ཡིན། ཉིད་ཀྱི་བཤད་པ་ལྟར་བུད་མེད་ནང་སྐུ་སྐྱེས་འམ་སྤྲུལ་སྐུ་གཏན་མེད་པ་མ་ཡིན་ཏེ་བསམ་ལྡིང་རྡོ་རྗེ་འཕགས་མོ་དང་མ་གཅིག་ལམ་གྱི་སྒྲོས་མ་སོགས་ནི་བོད་ཀྱི་བུད་མེད་ཞིག་ཡིན་ལ་དེ་དག་ལ་བོད་མི་མང་སྐྱ་སེར་དབྱེ་མེད་ཀྱི་དད་པ་དང་མོས་པ་སྤྲུལ་སྐུ་གཞན་ལ་བྱེད་པ་ནང་བཞིན་བྱ་བཞིན་ཡོད་པ་ལས་བུད་མེད་རེད་བཞེས་ངན་དམས་དང་མཐོང་ཆུང་བྱས་རབ་ཞིག་ཁོ་བོས་མ་མཐོང་དེ་གཉིས་ཡིན།
ངས་བལྟ་ཚུལ་ནི་བུད་མེད་དང་སྐྱེས་བ་སོ་སོར་ལས་དབང་གི་བསྐོས་ཐང་རེ་དང་། གང་དུ་དགོས་མཁོ་ཆེ་ཆུང་དང་རང་རང་སོ་སོའི་ནུས་པའི་དབང་ལས་ཐོབ་ཐང་གི་དམངས་གཞི་རེ་ཡོད་པ་ཡིན་པ་འདོད། དེ་ཡང་བོད་དབུས་ཕྱོགས་སུ་བུད་མེད་ཕལ་ཆེ་བ་དབང་ཤུགས་ཆེ་བཞིན་སྐྱེས་པ་ཕལ་ཆེ་བ་བུད་མེད་ཀྱི་གང་བཤད་ཉན་གྱི་ཡོད་པ་ཧམ་བཤད་མིན། འོན་ཀྱང་གྲོང་གསེབ་ཕལ་ཆེ་བའི་ནང་དེ་འདྲ་མིན། དེ་ནི་ཡུལ་དེའི་གནས་བཏང་དང་དགོས་མཁོ་ཆེ་ཆུང་གི་དབང་གིས་ཡིན་པ་ལས་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཞིག་མིན་པ་འདོད། གཡག་དང་རྟ་གཉིས་ལ་དཔེ་བཞག་ནས་བཤད་ན། སེམས་ཅན་དེ་གཉིས་ལས་དབང་གི་བསྐོད་སྒྲིགས་ལོག་ཁར་བྱས་ཡོད་ཀྱང་གཡག་གི་དགོས་མཁོ་ཆེ་སར་གཡག་ལ་རིན་གོང་ཆེ་བ་ཡིན་ལ་རྟ་ཡི་དགོས་མཁོ་ཆེ་སར་རྟ་ལ་རིན་གོང་ཆེ་བ་ཡིན་པས་གཡག་མཆོག་རྟ་དམན་གྱི་འདུ་ཤེས་དང་བག་ཆགས་རྙིང་དབང་ལས་བྱུང་བ་མིན་པ་འདོད། འོན་ཀྱང་ཉིད་ཀྱི་ཟུར་གཞན་ཞིག་ཏུ་བློ་སྦྱོང་ནང་དྲིན་དྲན་གྱི་བསྐོར་ཞིག་དྲངས་འདུག་དེ་ནི་མ་ལ་ཆེ་མཐོང་བྱས་པ་ཞིག་ལས་མ་ལ་དམན་པར་བལྟ་བ་ཞིག་མིན་ནོ། ད་དུང་བཙུན་མའི་ནང་སྤྲུལ་སྐུ་དགོས་ལུགས་གསུང་འདུག་པས་དེ་ནི་ནང་ཆོས་ཀྱི་འགྲོ་བཏང་ཏན་མ་ཤེས་པའི་བབས་ཆོལ་ཞིག་ཏུ་མཐོང་། བསམ་ཚུལ་ཙམ་ཡིན་པས་དགོངས་པར་གནོད་ན་བཟོད་པར་མཛོད།
ཕོ་མོ་འདྲ་མཉམ་དགོས་ཞེས་པ་དེ་ག་རང་བུད་མེད་ལ་བརྙས་བཅོས་རེད། ད་སྡུག་སྐད་རྒྱག་མ་སྡད།