བསམ་གླིང་ཚེ་རིང་ལྷ་མོ།
ཁྱེད་ཀྱི་མཚོ་ལྟར་ཟབ་པའི།།
བརྩེ་འཕྲིན་དབྱར་རྔའི་སྒྲ་ཡིས།།
ཁེར་རྐྱང་རྨ་བྱ་གཞོན་ནུའི།།
ཡིད་ཀྱི་དགའ་བ་རྒྱས་སོང།།
* * * *
ཁྱེད་ཀྱི་ལ་རྒྱའི་འཛུམ་མདངས།།
དཀར་གསལ་ཟླ་བ་འདྲ་བྱུང།།
མུན་པའི་ཐང་ལ་ལུས་པའི།།
བདག་སེམས་ལམ་སྣེ་གསལ་སོང།།
* * * *
ཁྱེད་ཐུགས་དཔའ་བའི་སྙིང་སྟོབས།།
གར་བློན་སྟོང་བཙན་འདྲ་བྱུང།།
ལམ་ཕྲང་ཇག་ཚོགས་མང་ཡང།།
ཡིད་ཀྱི་སྐྲག་སྣང་ཡལ་སོང།།
* * * *
ཁྱེད་ཀྱི་བརྩེ་སེམས་ཟབ་པའི།།
སྙན་པའི་ངག་གི་རོལ་མོས།།
ང་སེམས་ཁྱེད་ཉིད་དྲན་པའི།།
ཡིད་ཀྱི་གདུང་བ་སེལ་སོང།།
* * * *
ཁྱེད་ཀྱི་བྱམས་སེམས་བརྩེ་བ།།
དཔྱིད་ཀྱི་སྦྲང་ཆར་ཟིལ་མས།།
ང་སེམས་ཐན་པས་རྡུང་བའི།།
སྒྲོལ་མ་མེ་ཏོག་གསོས་སོང།།
* * * *
མཛའ་བོའི་གཞུང་དྲང་ཡིད་ཀྱི།།
དབྱར་ཁའི་ཆུ་མིག་དྭངས་མོས།།
ཉིན་མཚན་སྐོམ་པས་གཟིར་བའི།།
ང་སེམས་གདུང་བ་སེལ་སོང།།
* * * *
ཁྱེད་ཡིད་བརྩེ་བ་ཟབ་པའི།།
སྤྱན་ཟུར་གཉིས་པོའི་འོད་ཀྱིས།།
ང་སེམས་ནམ་མཁའ་སྟོང་པར།།
སྤྲིན་གྱི་མཛེས་རྒྱན་སྤྲད་སོང།།
* * * *
ཁྱེད་ཐུགས་ལྷ་ཤིང་ཤུག་པ།།
མ་འགྱུར་བརྟན་པོར་བཞུགས་ན།།
ང་སེམས་བྱིའུ་ཆུང་བྱོལ་མོ།།
བློ་གཏད་ཁྱེད་ལ་བཅོལ་ཡོད།།
* * * *
ཁྱེད་ཀྱི་ཡ་རབས་བཟང་པོའི།།
དཔྱིད་ཀྱི་རླུང་བུ་ལྡང་བས།།
ང་སེམས་པད་ཁའི་མེ་ཏོག
ཁྱེད་ཀྱི་ཕྱོགས་ལ་བཞད་ཡོད།།
* * * *
ཁྱེད་ཀྱི་མཁྱེན་པའི་ཡོན་ཏན།།
ལྷུན་པོའི་སྤོ་ལ་འགྲན་པས།།
ང་སེམས་ཤང་ཤང་དལ་འགྲོ།
ཁྱེད་ལ་སྐོར་བར་ཐལ་སོང།།
* * * *
གཞུང་དྲང་མཛའ་བོའི་སྙིང་གཏམ།།
ཕྲེད་ཤོར་ཡི་གེར་བཀོད་ཀྱང།།
ང་སེམས་ཤོག་བུ་དཀར་པོ།།
གཟུགས་མེད་བརྩེ་བས་བཟི་སོང།།
* * * *
ལ་རྒྱ་སྙིང་སྟོབས་ལྡན་པའི།།
ཁྱེད་ཐུགས་རིན་ཆེན་ནོར་བུ།།
ནོར་བུ་རྒྱ་མཚོར་ཞུད་ན།།
བདག་ཀྱང་རྗེས་སུ་བསྙེག་ཆོག
* * * *
ཁྱེད་སེམས་དུང་ཟླ་དཀར་པོའི།།
འོད་སྣང་སྤྲིན་གྱིས་གྲིབ་ཚེ།།
བདག་ཀྱང་མུན་པའི་ཐང་ལ།།
འཁྱམ་དང་མ་འཁྱམ་མི་འདུག
* * * *
ཁྱེད་ཐུགས་རྡོ་རྗེ་བྲག་དེ།།
དྲག་ཆར་ཐོག་གིས་བརྫིས་ན།།
ང་སེམས་ཐང་དཀར་རྒོད་པོ།།
མཉམ་དུ་འཁྲིད་རོགས་གནང་དང།།
* * * *
མ་བཅོས་སེམས་ཀྱི་བརྩེ་འཕྲིན། །
ཁུ་ལོའི་མགྲིན་ལས་སྙན་གི །
ཡང་ནས་སྐྱར་དུ་ཕྲིས་དང་། །
ཉིན་རེ་ལེན་རེར་ཀློག་ཆོག །
སྙན་འགྱུར་གྱི་མགྲིན་པའི་གླིང་བུ།།
དམར་ཆུང་གི་སེམས་ལ་བུས་བྱུང་།།
ལྷད་མེད་ཀྱི་རང་གཤིས་དྭངས་མ།།
ཁ་བཏགས་བཞིན་སེམས་ལ་བབས་བྱུང་།།
རྡོར་དབང་ལགས་སུ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག རྩམ་དགའ་ལགས་དང་ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་མཆོག་ནས་ལེགས་སྐྱེས་རེ་གནང་བར་བཀའ་དྲིན་ཆེ།
བརྩེ་འཕྲིན་ཡིད་ཀྱི་འབོད་སྒྲས།།
ངའི་སེམས་ཚལ་བར་བརླགས་སོང་།།
མཛེས་མ་ཚེ་རིང་ལྷ་མོས།།
སེམས་གསོ་ཅུང་ཙམ་གནོང་དང་།།
རྩོམ་མོ་ཚེ་རིང་ལྷ་མོས།།
རྩོམ་ཡིག་བྲིས་པར་བཟང་མོད།།
རྩོམ་སྟངས་སྡེབ་སྦྱོར་གནད་ལ།།
རྩོམ་རྩལ་བཟང་རྒྱུ་མི་འདུག །
བོད་སྐད་དག་མར་དུང་ཞེན་ཆེ་ཀི །
བོད་མིའི་འདུ་ཤེས་བརྟན་ཅིང་བརླང་ཀི །
བོད་མིར་ཕན་པའི་རྩོམ་ཡིག་ཕོན་ཆེན།།
བོད་མིའི་སྲོག་གི་རྩ་བར་བརྒྱུས་ཤིགས།།
རྩོམ་མོ་ཚེ་རིང་ལྷ་མོས།།
རྩོམ་ཡིག་བྲིས་པར་བཟད་མོད།།
རྩོམ་སྟངས་སྡེབ་སྦྱོར་གནད་ལ།།
རྩོམ་རྩལ་བཟང་རྒྱུ་མི་འདུག །
ཐོག་མར་བརྩེ་བས་རྨོངས་སུ་འཇུག།
བར་དུ་བརྩེ་བས་སྨྱོ་བར་བྱེད།།
མཐའ་བར་བརྩེ་བས་འཁོན་དུ་འཇུག།
དེའི་ཕྱིར་བརྩེ་བ་འཁྲབ་མི་ཉན།།
ཚེ་རིང་ལྷ་མོའི་རྩོམ་ཡིག །
རྩོམ་ཡིག་སྙན་ངག་གཟུགས་ཅན། །
གཟུགས་བཟང་ཁྱེད་ཀྱི་སྙན་དངགས། །
སྙན་ངག་སྙན་ཆོག་བུ་རམ། །
བོད་ཡིག་བོད་སྐད་རམ་འདེགས། །
བོད་སྐད་ཡིག་སྐད་ཆོས་སྐད། །
ཁ་སྐད་བདེ་མོར་འགྱུར་ནས། །
མུ་མཐུད་རྩོམ་ཡིག་སྤེལ་རོགས། །
སྐྲ་ལོ་བསིལ་མའི་འོག་ནས།
ཟུར་མིག་སྐར་མདའ་འཕེན་བྱུང།
བུ་ཆུང་སེམས་ཀྱི་འབེན་ལ།
ཕོག་པས་ལས་འཕྲོ་ཡོད་དམ།
གཙན་པོས་འཕྲོག་ཡང་མི་ཐུབ། །
འཇམ་པོས་ལེན་ཡང་དཀའ་བའི། །
ལྷད་མེད་སེམས་ཀྱི་བརྩེ་བ། །
རིན་ཆེན་ནོར་ལས་ལྷག་གོ །
གཙན་པོས་འཕྲོག་ཀྱང་མི་འཐུབ། །
འཇམ་པོས་ལེན་ཡང་དཀའ་བའི། །
ལྷད་མེད་སེམས་ཀྱི་བརྩེ་བ། །
རིན་ཆེན་ནོར་ལས་ལྷག་གོ །
ཁྱོད་དང་ང་གཉིས་བར་ལ།།
ལ་ལུང་མང་པོས་ཆོད་ཀྱང་།།
བཅོས་མིན་སེམས་ཀྱི་མདུད་པ།།
མ་བརྗེད་དམ་དུ་བཅིངས་ཡོད།།
རྣམས་པ་ལྷན་རྒྱས་ནས་མཆན་འདེབས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
བཙན་པོའི་སྟོབས་ཀྱིས་མ་ཡིན།།
ཕ་མས་མཉམ་སྒྲིག་མ་གནང་།།
སྔོན་ལས་མཐུ་དབང་བཙན་པས།།
སློབ་གླིང་ཟུར་ནས་མཇལ་བྱུང་།།
འཇུ་སྐལ་བཟང་གིས་
དང་པོ་ན་ཆུང་གི་བརྩེ་དུང་།།
དྭངས་གསལ་ཆུ་ངོགས་ཀྱི་ཟླ་བ།།
ལག་པའི་འཛིན་རྒྱུ་ཞིག་མེད་ཀྱང་།།
སེམས་པ་འགོག་ཐབས་རང་མི་འདུག།
ཡང་རྒྱ་ནག་གི་མཁས་པ་ཞིག་གིས་
བརྩེ་དུང་ལ་རྒེར་སེམས་ཆེ་ རྒེར་སེམས་ལ་བཟོད་སྲནམེད་ ཞེས་གསུངས།
དགག་སྒྲུབ་གང་ཡིན་ཀྱང་མཉམ་མྱོང་གི་གསུང་ཡིན་པས་གནས་ལུགས་ཟབ།
ཁྱེད་ལ་བརྩེ་གྲོགས་དགོས་འདུག །
བློ་གཏད་བཅོལ་ས་དགོས་འདུག །
སྙིང་གཏམ་ཤོད་ས་དགོས་འདུག །
བརྩེ་དུངས་སྤྲོད་མཁན་དགོས་འདུག །
སེམས་པ་སྐྱོ་བའི་སྐད་ཆ།།
ངུ་མ་དགོད་དུ་ཤོད་ས།།
གདོང་པ་དམར་པའི་འཛུམ་མདངས།།
སྦས་མ་སྦུབས་སུ་བསྟན་ས།།
དམ་དམ་ལག་པས་འཆང་ས
།།ཧྲིག་ཧྲིག་མིག་གིས་ལྟ་ས།།
སྙན་སྙན་སྐད་ཀྱིས་འབོད་ས།།
ཞིམ་ཞིམ་ཟས་ཀྱི་སྟེར་ས།།
ཀུན་ལས་ཁྱད་དུ་འཕགས་པ།།
གཞན་ལ་མེད་པའི་ནོར་བུ།།
སེམས་བཟང་གཟུགས་བཟང་དགོས་འདུག །
དཔའ་མཛངས་བཞིན་བཟང་དགོས་འདུག །
ཤི་བྲལ་བྱེད་ན་མ་གཏོགས།།
གསོན་བྲལ་མེད་པ་དགོས་འདུག །
དེ་དེ་དེ་བཞིན་འགྲུབ་པའི།།
བཀྲ་ཤིས་སྨོན་ལམ་འདེབས་སོ།།
སེམས་སོང་བུ་མོའི་རྗེས་ལ། །
སྐྲ་ལོ་སེར་ཐིགས་ལྷུང་སོང་། །
གྱེས་ཁའི་ཁ་དྲི་ཞིམ་པོ། །
སེམས་པའི་སྟེང་གི་རྣག་རེད། །
ཚྭ་དཀར་གོང་བའི་ཁ་ནས། །
ཟུར་མིག་ལེན་གསུམ་བལྟས་པ། །
གཟུགས་མེད་སེམས་ཀྱི་ན་ཚར། །
ཕན་པའི་སྨན་ཞིག་མ་རྙེད། །
སེམས་སོང་བུ་མོའི་ཞལ་རས།།
སེམས་ལ་ལྷང་ལྷང་དྲན་དུས།།
སེམས་ཀྱི་ཕྱི་ནང་ཡོད་ཚད།།
མིག་ཆུས་བརླན་པར་བྱས་སོང་།།
ཆང་འདི་མི་འཐུང་རང་འཐུང་།།
རྒུན་འགྲུམ་མངར་མོའི་ཆང་རེད།།
བྱམས་པ་མི་དྲན་རང་དྲན།།
སེམས་སོང་བུ་མོའི་བཞིན་རེད།།
འཕྲིན་པ་མ་བསྐུར་རང་སྐུར།།
སེམས་པས་སྡོད་དུ་མི་འཇུག།
སྙིང་གཏམ་མ་བཤད་རང་བཤད།།
མི་ཚེའི་འདུན་མ་བཅོལ་ཡོད།།
བརྩེ་བ་གཟུགས་སུ་སྤྲུལ་བའི།།
བརྩེ་འཕྲིན་ཡིད་ཀྱི་ཕོ་ཉས།།
བརྩེ་ལྡན་ཚེ་རིང་ལྷ་མོའི།།
བརྩེ་དུང་མཚོན་པར་བྱས་འདུག།
མདང་དགོང་རྨི་ལམ་ཞིང་ནས། །
སེམས་སོང་མཛའ་མོ་ངེད་གཉིས། །
སྦྲ་ནག་གྲུ་བཞིའི་འོག་ན། །
སླར་ཡང་མཇལ་བ་རྨིས་བྱུང་། །
ཡུན་རིང་མ་མཇལ་གདུང་བ། །
མགྲིན་པའི་དབྱངས་སུ་གྱེར་བཞིན། །
དུང་གི་ནུ་མ་དག་ལ། །
དར་གྱིས་རེག་པ་རྨིས་བྱུང་། །
མཛེས་མ་རེ་རེ་མཐོང་དུས།།
སེམས་པ་རེ་རེ་ཤོར་བྱུང་།།
གཏན་དུ་བརྐོས་པའི་མཛའ་གྲོགས།།
སུ་ཡིན་དཔོག་ས་མི་འདུག།