འབྲོག་རུ་ཆོས་གྲགས། དྷ་ས།
༼༢༠༡༡ ༥ ༦ ཉིན་ཕ་ཡུལ་ལ་ཁ་པར་བཏང་རྗེས་འབྲོག་ཚུལ་ལགས་ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་ཐོན་འདུག་ཅེས་པའི་སྐད་ཆ་གོ་རྗེས་ཤར་མར་བྲིས།༽
འབྲོག་རུ་ཚུལ་ཁྲིམས་ལགས། ངས་ཕ་ཡུལ་ལ་ཁ་པར་བཏང་ཐེངས་རེ་རེར་ཐོག་མར་འདྲི་དགོས་པ་དེ་ཁྱེད་ཀྱི་གནས་སྟངས་སྐོར་ནས་རེད། དེ་ཅི་ཞིག་ཡིན་པ་ངས་ཀྱང་ཤེས་མ་སོང་། གང་ལྟར་ན་ནིང་གི་སྤྱི་ཟླ ༥ ཚེས་ ༢༤ ཉིན་རྒྱ་ནག་གིས་ཁྱེད་རང་ཡང་བསྐྱར་ཉེས་མེད་ཀྱི་ཁྲིམས་ལ་སྦྱར་ནས་ཁྲིད་སོང་བ་རེད། དེ་དང་མཉམ་དུ་ངའི་སེམས་པ་ཡང་ཁྲིད་སོང་།
ཁྱེད་རང་འཇུ་བཟུང་བྱས་ཟིན་པའི་སྐོར་གྱི་ཞོགས་པ་དེའི་ཁ་པར་དེ་ནི་ཅི་འདྲའི་ལྗིད་ཁོག་ཆེ་བ་ཞིག་རེད་ཨང་། ལྗིད་ཁོག་དེས་ངའི་སེམས་པ་རྨས་ཞིང་རྨོངས་པར་གྱུར་ན་ཡང་། ངས་ཁྱེད་རང་དྲན་ཞིང་། ཁྱེད་རང་སྒོམ།
རྨི་ལམ་གྱི་ཞིང་ནས་ངེད་གཉིས་ཐུག་ཐེངས་རེ་རེར་ང་རང་དགའ་བས་བརྟས་མྱོང་ལ། རྨི་ལམ་གྱི་ཞིང་ཁམས་དང་བྲལ་རྗེས་ང་རང་ཁེར་རྐྱང་གིས་ངུས་ཀྱང་མྱོང་། དེ་ནི་ངའི་ཉལ་ཆས་ཀྱིས་མ་གཏོགས་སུ་ཞིག་གིས་ཤེས། དེ་གཞན་གྱིས་ཤེས་དགོས་པ་མི་འདུག་ལ། ཤེས་དགོས་དོན་ཡང་མི་འདུག འདི་ནི་ངས་ཁྱེད་རང་དྲན་པའི་གདུང་བ་ཡིན།
དེ་རིང་ངས་ཕ་ཡུལ་ལ་ཁ་པར་བཏང་སྟེ། ཁྱེད་ཀྱི་གནས་སྟངས་སྐོར་དྲིས་རྗེས། ཁྱེད་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་བརྡ་ཡིག་ཐོན་ཡོད་པ་དེ་རེད། ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་དེས་ང་རང་ཏོག་ཙམ་དགའ་རུ་བཅུག་སོང་། ཅིའི་ཕྱིར། ཅིའི་ཕྱིར་ཉེས་མེད་ཅིག་ལ་ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་དེས་ང་རང་དགའ་རུ་བཅུག་པ་རེད་དམ།
ངོ་མ་བཤད་ན། ངས་ཁྱེད་ཀྱིས་གནས་སྟངས་སྐོར་དྲིས་ཐེངས་རེ་རེར་ཁྱེད་ལ་ལྟ་གི་འགྲོ་མཁན་ཚོར་ཁྱེད་དང་ཐུག་འཕྲད་བྱེད་གི་བཅུག་མེད་པ་མ་ཟད། ཁྱེད་རང་མཐོང་གིའང་མི་འཇུག་པ་དེས་ང་རང་མི་འདོད་པའི་དོགས་རྒྱ་ཞིག་ཏུ་བརྫངས་མྱོང་། གནས་ཚུལ་དེས་ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་བའམ་ཡང་ན་ཁྱེད་ཀྱི་ཡན་ལག་དང་མྱང་ལག་གང་རུང་ཞིག་ལ་མནར་སྤྱོད་ཀྱི་འོག་ནས་གནོན་སྐྱོན་ཚབས་ཆེན་ཐེབས་པས་ཉེན་རྟོག་པས་ཁྱེད་རང་ང་ཚོར་སྟོན་གྱིན་མེད་པ་ཡིན་ནམ་བསམ་པའི་ཧ་ཅང་སྐྱི་གཡའ་བའི་ཚོར་བ་ཞིག་གིས་ང་རང་ཡང་ཡང་འཇིགས་སུ་རུང་བའི་གཡང་གཟར་ཞིག་ཏུ་བརྫངས།
དུས་དེ་ནས་བཟུང་ངས་ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་བའི་གྲས་སུ་བཞག་ཡོད། ཡིན་ནའང་། ངའི་རེ་བའི་ཁྲོད་ནས་ཁྱེད་རང་གསོན་པོར་ཡོད་པ་དང་། ཁྱེད་ཀྱིས་མུན་ནག་གི་བཙོན་ཁང་ནང་ན་མི་རིགས་ཀྱི་བདེ་སྡུག་དང་། བདེན་ལུགས་ཀྱི་རང་གཤིོས་འཚོལ་བཞིན་ཡོད་པར་སྒོམ་ཡོད། དེར་བརྟེན། དེ་རིང་ཁྱེད་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་བརྡ་ཡིག་དེས་ང་དོགས་པ་དེ་ལས་གྲོལ་དུ་བཅུག་སྟེ། ངའི་རེ་བ་ནང་བཞིན་ཁྱེད་རང་ད་དུང་འཇིག་རྟེན་འདིར་གནས་ཡོད་པ་དེས་ང་རང་དགའ་རུ་བཅུག་སོང་།
ཆུང་འདྲིས་ཀྱི་གྲོགས་པོ་ལགས། ད་ནི་ཧུར་བརྩོན་གནང་རོགས། སྤོབས་པ་བསྐྱེད་རོགས། ཁྱེད་ནི་མི་རིགས་ཀྱི་བདེ་སྡུག་ཅིག་གི་ཆེད་བཙོན་ཁང་དུ་ཕྱིན་པ་ཡིན་པས། བློ་ཕམ་དང་གནོང་འགྱོད་ལ་མགོ་བོ་གཏན་ནས་སྒུར་མི་དགོས། ཁྱེད་ནི་དྲང་བདེན་དང་གནས་ལུགས་ཤིག་གི་ཆེད་ཁྲིམས་ཁང་དུ་ཕྱིན་པ་ཡིན་པས། དཀའ་སྡུག་དང་མནར་སྤྱོད་ཡོད་ཚོད་སྙིང་སྟོབས་སུ་སྒོམ་རོགས།
དྲན་གདུང་དང་ན་ཟུག་ཡོད་ཚད་བརྩེ་སེམས་སུ་སྒོམ་རོགས། མི་རིགས་འདིའི་བདེ་སྡུག་གི་ཆེད་དུ། རང་དབང་གི་ཁོར་ཡུག་དེའི་ཕྱིར་དུ། སྤོབས་པ་བསྐྱེད་རོགས། དགའ་བ་སྒོམ་རོགས།
ཞི་བདེ་ཁ་ན་མེ་ལྟར་འབར་བའི་ཁོར་ཡུག་ཅིག་ན། ངས་ཁྱེད་ལ་དཔའ་དར་འཐེན་རྒྱུར་སྒུག་ཡོད། ཁྱེད་ཚོར་བསྔགས་བརྗོད་མེ་ཏོག་གཏོར་བའི་མི་སྡེ་ཞིག་ན། ངས་ཁྱེད་ལ་དཔའ་ཟས་འདྲེན་རྒྱུར་སྒུག་ཡོད།
གངས་ཅན་པའི་དཔའ་རྒོད་ཁོང་གི་སྐུ་ཚེར་བར་ཆད་མི་ཡོང་བའི་སྨོན་ལམ་ལོས་འདེབས།
མི་ཆུང་ངའི་བློ་མཐུན་བསོད་ནམས་ཀྱང་ན་ནིང་ཞིག་ནས་བཙོན་ཁང་ནང་བཅུགས་ཡོད་ནི་རེད། ལོ་ངོ་གཅིག་ལྷག་ལ་ཁྲིམས་ཐག་མ་བཅད་པར་བཞག་སྟེ་སྡུག་བསྔར་ཚད་མེད་མྱོང་དུ་བཅུགས་འདུག ཟླ་ཁ་ཤས་ཤིག་གི་གོང་ནས་ཁོང་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་གོ་བྱུང་། ལོ་གཅིག་དང་ཕྱེད་ཀའི་རང་ལ་བཅད་འདུག་ཟེར། དཔའ་རྒོད་ཁོང་ཅག་ལ་ང་ཚོས་འདི་ནས་ཁ་བཏགས་རེ་བཟུང་ནས་སྒུགས་འདུག་རྒྱུ་ལས་གཞན་ཐབས་མི་འདུག ངོ་མས་དགོངས་དག་ཞུ།