བོད། ལྷ་ཀླུ་གཉན་གསུམ།
ཁ་སང་ནས་གྲྭ་སྒྲིག་བྱས་པའི་ཁ་ལག་དེ་དག་སྔ་མོ་ནས་བསྡུ་གསོག་བརྒྱབས་པ་དང་། བུ་མོ་དང་མཛའ་མོ་གཉིས་ཐག་རིང་གི་ལམ་ཁར་མོ་རང་གི་གྲོགས་མོ་ཞིག་གི་སྐྱེས་སྐར་དུ་འགྲོ་བར་ཅ་དངོས་དག་བསྡུ་གསོག་བྱས་ཟིན་པ་རླངས་འཁོར་ནང་དུ་བཅུགས་པ་ཡིན། དེ་ཡི་རྗེས་སུ། གཟོད་ནས་རང་ཉིད་བོད་རིགས་གྲོགས་པོ་ཁ་ཤས་དང་ལྷན་དུ་འཛོམ་དུས་ཤིག་བཟོས་ཡོད་སྟབས། དུས་ཚོད་ལྟར་འབྱོར་ན་ཉིན་བཀང་བོར་ལྷོད་ལྷོད་བྱས་དེ་བསྡོད་ཆོག་སྙམ་ནས། མཛའ་མོ་དང་བུ་མོ། མཛའ་མོའི་མ་རྒན་བཅས་ལ་བདེ་མོ་བཞག་ནས། ལག་གཡས་པའི་ནང་དུ་ཟ་མའི་རིགས་སོགས་ཡོད་པའི་སྣོད་ཆེན་པོ་ཞིག་བཟུང་། ལག་པ་གཡོན་པའི་ནང་དུ་ཁྱིམ་སྙིགས་དག་འཁུར་ནས་སྒོ་ཕྱི་ལ་འབུད།
ཁྱིམ་སྙིགས་གཡུགས་སའི་སྣོད་ཀྱི་འགྲམ་དེར་འབྱོར་གྲབས་ཡོད་དུས། རང་ཉིད་ཐག་ཉེ་ས་ཞིག་ནས་རྒན་པོ་ལོ་ན་བགྲེས་པོ་ཞིག་གིས་ང་རང་ཡོད་སར་སྙེགས་ནས་འོང་གི་འདུག ངས་ཞིབ་དུ་བལྟས་དུས། དེ་ནི་མཛའ་མོའི་མ་རྒན་གྱི་ངོ་ཤེས་རྒད་པོ་ཞིག་རེད། ཁོས་ང་རང་མཐོང་མ་ཐག འཚམས་འདྲི་ཞུས་པ་དེར་ངས་ཀྱང་ཁོང་ཚོའི་ལུགས་ལྟར། ཁོ་ལ་འཚམས་འདྲི་ཞུས་པ་ཡིན།
ཁོང་གིས་ང་རང་གང་དུ་འགྲོ་མིན་དྲིས་པའི་ལན་དེར་ངས་ཀྱང་དྲང་མོ་ཞུས་པ་ཡིན། ཁོས་ང་ལ་འདི་ལྟར་གསུངས། ངས་ཁྱེད་རང་ལ་བོད་ལ་ཡང་མི་རིང་བར་རང་བཙན་ཐོབ་པའི་ཉིན་མོ་ཞིག་ཡོད་པར་སྨོན་ལམ་ཡོད་ལ། མ་འོངས་པར་ང་ཚོས་བོད་ཀྱི་རང་བཙན་ཉིན་མོ་དེར་བོད་ལ་རང་བཙན་ཐོབ་པའི་ཉིན་མོ་དེར་ལྷན་དུ་སྤྲོ་སྐྱིད་གཏོང་ཆོག་ཟེར། སྐད་ཆ་དེ་ཡིས་ཤུགས་ག་ཚོད་ཡོད་མེད་བདག་གིས་བཤད་དཀའ་ན་ཡང་། རང་ཉིད་ནི་བོད་མི་ཞིག་ཡིན་པ་དང་། རྒྱལ་ཁབ་མེད་པའི་མི་ཞིག་དེ་རིང་གཞན་ཡུལ་གྱི་རང་བཙན་ཐོབ་པའི་ཉིན་མོ་དེར། གཞན་ཡུལ་གྱི་རྒན་པོ་འདིས་རང་ཉིད་ལ་ཁ་གཡང་དེ་ལྟར་བརྗོད་པ་དང་ལྷན་དུ། དགའ་ཚོར་ཞིག་གིས་རང་ཉིད་ཀྱི་ལུས་ཀྱི་སྤུ་ཡང་འགུལ་དུ་བཅུགས་སོང་།
ངས་རྒན་པོ་ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཞོར་དུ། ལག་འཇུ་ཞིག་བྱས་དེ་བདེ་མོ་བཞག་པ་ཡིན། བོད་ལ་རང་བཙན་ཐོབ་པར་སྨོན་ལམ་ཡོད་ཅེས་པའི་སྐད་ཆ་དེ་ནི་ང་རང་དང་འགྲོག་ནས་སྤྱི་སྤྱོད་རླངས་་འཁོར་འབབ་ཚིགས་བར་དུ་སླེབས། དེ་ནས་རང་ཉིད་འགྲོ་སའི་རླངས་འཁོར་ནང་དུ་འཛུལ་ཞོར་དུ། ངས་བོད་ལ་རང་བཙན་ཐོབ་པར་སྨོན་ལམ་ཡོད་ཟེར་བའི་རྒན་པོ་དེ་ཡིས་སྐད་ཆ་དེ་ཡིད་དུ་འཁོར་ཞོར། རླངས་འཁོར་གྱི་སྒེའུ་ཁུངས་ལས་ལམ་འགྲམ་གཡས་གཡོན་ལ་བལྟས། ལམ་འགྲམ་གཡས་གཡོན་གང་སར་ལོ་འཁོར་རེ་གསུམ་འཁོར་བའི་རང་བཙན་ཉིན་མོ་ལ་རྟེན་འབྲེལ་ཞུ་ཚིག་དང་དར་ཆའི་བཀང་འདུག
ངས་དབུགས་རིང་ཞིག་འཐེན་ཞོར་དུ། དངོས་ནས་བོད་ལ་ནམ་ཞིག་བོད་ཀྱི་ལྗོངས་དུ་གངས་སེང་དར་ཆ་འདི་ལྟར་བགྲེང་བའི་ཉིན་མོ་ཞིག་ཤར་སྲིད་དམ། ཡང་ན། བོད་མི་ཚོས་གངས་སེང་གི་དར་ཆ་གངས་ཅན་ལྗོངས་སུ་འདྲེན་པར་འབད་བརྩོན་བྱེད་ཐུབ་ཀྱི་ཡོད་དམ། ཡོད་ན་བྱེད་ཐབས་དེ་ནི་དེང་དུས་ཀྱི་འཛམ་གླིང་གི་སྤྱི་འགྲོས་དང་བསྟུན་ནས་བོད་ལ་རང་བཙན་ཐོབ་སྲིད་དམ། དྲི་བ་འདྲ་མིན་ཞིག་གིས་ང་རང་ཆུ་ཚོད་གཅིག་གི་ལམ་ནི་གར་སོང་མེད་པའི་སྣང་བ་ཞིག་དུ་གྱུར།
རླངས་འཁོར་ནང་དུ་ངའི་འགྲམ་གྱི་ན་གཞོན་ཆོས་ལུགས་པ་དེས། ཡང་ཡང་ང་རང་གི་སྟོད་ཐུང་ལ་བལྟས། སྐབས་ཤིག་ལ་ངས་མི་འདིས་ག་རེ་བསམ་གྱི་ཡོད་དམ་སྙམ་སོང་། རེད་དེ། ང་རང་ས་ལ་འབབ་གྲབས་ཡོད་དུས་དེར། མི་དེས་ང་རང་ལ་ཁྱེད་རང་གང་ནས་ཡིན་ཟེར། ངས་ང་རང་བོད་ནས་ཡིན་ཞེས་ལན་བཏབ་དུས། དེས་ན་ཁྱེད་རང་གིས་སྟོད་ཐུང་དངོས་སུ་བོད་མ་བརྗེད་ཅེས་དྲིས་ཡོད་པའི་དོན་ཅི་རེད། བོད་ལ་གནས་ཚུལ་ག་རེ་བྱུང་ཡོད་པ་རེད་དམ་ཟེར།
སྤྱིར་ཁྱོད་རང་གིས་དངོས་བྱུང་གི་སྐད་ཆ་ཞིག་དང་འབྲེལ་ནས་འཆར་སྣང་གི་ཁྲོད་དུ་འགྲིམ་པར་ཆེས་ཡིད་དུ་འོང་བ་ཞིག་ཡིན་མོད། ཁྱོད་རང་འབབ་གྲབས་ཡོད་པའི་མི་དེའི་དྲི་བ་དེར་ལན་འདེབས་མ་གནང་བ་ཅི་ཞིག་གི་ལན་པ་རེད།
ལན་ལོས་འདེབས་སྤུན་ཟླ་ལགས། ལན་དེ་ནི་དངོས་ནས་ཁོ་རང་གི་བསམ་བློ་གཏོང་དགོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་། ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་སོང་། ཁྱེད་རང་གིས་བལྟས་ན་ཁོ་རང་གིས་ལན་གྱི་ལན་དེར་ག་རེ་གསུངས་ཡོད་སྲིད་དམ། སྤུན་ཟླ་ལགས།
ཕལ་ཆེར་འདི་ཟེར་ས་རེད། བོད་མ་བརྗེད་ཟེར་བ་དེ་ནི་རང་མི་རིགས་ཀྱིས་སྐྱོབ་མ་ཐུབ་པརཤོར་སོང་བས་བརྗེད་ཀྱི་མི་འདུག་ཟེར་ས་རེད། མི་ཞིག་ལ་དཔེ་བཞག་ནའང་རང་ཉིད་ལ་དབང་བའི་དངོས་པོ་ཞིག་གཞན་གྱིས་བཙན་འཕྲོག་གིས་ཁྱེར་སོང་ན་དེ་ནི་ནམ་ཡང་བརྗེད་དུ་མེད་པ་བཞིན་ནོ། གནས་ཚུལ་ཛ་དྲག་བྱུང་འདུག་ཟེར་ས་རེད། རང་ཉིད་ལ་དབང་བའི་རི་ཆུ་ནགས་གསུམ་དང་། བདེ་སྐྱིད་དུ་རློམ་པའི་ཁེ་དབང་དེའི་ཕྱིར་དུ་ཆེས་རིན་ཐང་ལྡན་པའི་རང་ཉིད་ཀྱི་ཚེ་སྲོག་ཕྲ་མོས་འདིས་སྲུང་སྐྱོབ་བྱས་དང་བྱེད་བཞིན་པའི་གནས་སྐབས་སོ་ཟེར་ས་རེད། དེ་འདྲ་ཞིག་ཨེ་རེད།