སྤོབས་པ་མཐའ་ཡས།
ནང་སེམས་ཀྱི་བདེན་པ་ཞིག་གི་ཆེད་དུ་བསམ་བཞིན་ལུས་སྲོག་བློས་བཏང་བའི་ལྷ་སྲས་ ཡེ་ཤུ་མཆོག་ནི་དེང་དུས་ཀྱི་ཨི་ཟི་རལ་གྱི་ཡུལ་རྗེ་རུ་ས་ལམ་དུ་གྲགས་པར་ཡབ་ ཤིང་བཟོའི་རིགས་ཤིག་དང་ཡུམ་མ་རི་ཞེས་པའི་སྲས་སུ་འཁྲུངས། དེ་ཡང་ཁོང་ལུག་རྫིར་ཕེབས་པ་དང་ཤིང་བཟོ་བྱེད་པ་སོགས་ལས་མི་དཀྱུས་མ་ཞིག་ཡིན་ ཡང་ཁོང་གིས་ཁོང་རང་ཉིད་འཇིག་རྟེན་བཀོད་པ་པོའི་སྲས་དང༌། འཇིག་རྟེན་འདི་ལས་འདས་པའི་ལྷའི་རྒྱལ་པོ། བདེན་པའི་ལམ་སྟོན་པའི་ཕྱིར་སྐྱེ་བ་བཞེས་པའི་སྤྲུལ་སྐུར་ཞལ་གྱིས་འཆེས་ཤིང༌། ཁོང་གིས་རང་གི་རྗེས་འཇུག་རྣམས་ལ་བདེན་པ་དང༌། བཟོད་སྒོམ། བྱམས་བརྩེ་བཅས་ནི་མི་ཚེའི་སྙིང་པོ་ཡིན་སྟབས་ཐ་ན་རང་གི་དགྲ་ཡང་གཉེན་དང་ གྲོགས་བཞིན་དུ་བྱམས་བརྩེ་དང་བཟོད་སྒོམ་གྱིས་འགྲོགས་པ་ལས་སྡང་སེམས་དང་གནོད་ འཚེའི་ལས་ལ་འཇུག་མི་རུང་ཚུལ་སོགས་ཀྱི་བཀའ་སློབ་ཡང་ཡང་གནང་ནས་ཕྱིར་མི་ལྡོག་ པའི་དད་པ་དང་ལྡན་པའི་སློབ་བུ་མང་དུ་བྱུང་ཞིང་མང་ཚོགས་ཁྲོད་དུ་སྙན་གྲགས་ འཕེལ།
འོན་ཀྱང་ཡུལ་དེའི་རོ་མན་གྱི་ཆོས་ལུགས་འཛིན་པ་དག་གིས་ཕྲག་དོག་དང་ སྡང་ཞེན་གྱིས་ཁོང་གིས་ལྷའི་རྒྱལ་པོར་ཞལ་གྱིས་བཞེས་པ་དེ་ནི་ཡུལ་གྱི་རྒྱལ་ པོར་དོ་བསྡོ་ཕོད་འཛུགས་ཀྱི་བྱ་སྤྱོད་དང༌། ཡུལ་དེའི་ཆོས་སྲིད་པ་གནོད་རྐྱེན་བཟོ་མཁན་གྱི་ཚོགས་པ་འཛུགས་བཞིན་ཡོད་ཚུལ་ གྱི་གླེང་ཕྱོགས་བཟོས་ནས་ཡུལ་གྱིས་དཔོན་རིགས་ཚོ་ཡང་མགོ་རྨོངས་པར་བྱས་ནས་ འཛིན་བཟུང་བྱས། ཁོང་གི་རྗེས་འཇུག་ཁ་ཅིག་གིས་དྲག་སྤྱོད་ལ་བརྟེན་ནས་ཁོང་གཤེད་མའི་ལག་ནས་ འཕྲོག་པར་བརྩམས་ཀྱང་ཁོང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་འགོག་པར་མཛད། དེ་བཞིན་ཁོང་འཛིན་བཟུང་བྱེད་མི་སླེབས་སྐབས་སློབ་མ་གཅིག་གིས་ཁོ་རང་ཡེ་ཤུ་ ཡིན་ཁུལ་གྱིས་ཡེ་ཤུ་བསྐྱབ་རྩིས་བྱས་ཀྱང་ཡེ་ཤུ་རང་ཉིད་ཀྱིས་བདེན་པ་གསེད་ བཀྲོལ་གནང་ནས་ཁོང་ཉིད་བཙོན་ཁང་དུ་ཁྲིད་བཅུག
ཡུལ་དཔོན་གྱིས་ཡེ་ཤུ་ལ་ ཉེས་པ་མེད་པར་མཐོང་ནས་ཁྲིམས་ཆད་གཅོད་འདོད་མེད་ཀྱང་རོ་མན་གྱི་ཆོས་ལུགས་མཐོ་ རིམ་མི་སྣ་ཚོའི་བཙན་སྐུལ་དང་ངོ་རྒོལ་ལ་བརྟེན་ནས་ཡུལ་དཔོན་གྱི་བདེན་པའི་ ཁྲིམས་ལུང་ཕབ་པའི་རང་དབང་འཕྲོག ཆོས་དཔོན་ཚོའི་བཀོད་ཁྱབ་བཞིན་ཚད་ལས་འདས་པའི་རྡུང་འཚོག་ཉིན་ནས་ཉིན་མཐུད་བཏང་ ཡང་ཁོང་གིས་རང་ཉིད་འཇིག་རྟེན་བཀོད་པ་པོའི་སྲས་དང༌། ལྷའི་རྒྱལ་པོ། དེ་བཞིན་བདེན་པའི་ལམ་སྣ་སྟོན་ཕྱིར་འཇིག་རྟེན་འདིར་སྐྱེ་བ་བཞེས་པ་མིན་པའི་ ཞལ་བཞེས་གཏན་ནས་མ་གནང༌། དེ་བཞིན་ཁོང་གིས་གནང་བའི་བཀའ་སློབ་རྣམས་ཡང་དག་མིན་པ་དང་དེ་ཉིད་མཚམས་འཇོག་ བྱེད་རྒྱུར་ཡང་ཞལ་བཞེས་མ་གནང༌།
སྐབས་དེར་ཡུལ་མིའི་ཁྲོད་དུ་ཁོང་ལ་རྒྱབ་ སྐྱོར་བྱེད་མཁན་ཤིན་དུ་མང་བ་མ་ཟད་མཐོ་རིམ་དཔོན་རིགས་དང་ཐ་ན་རོ་མན་གྱི་ཆོས་ པ་རང་གི་ཁྲོད་དུ་ཡང་ཁོང་ལ་ཁྲིམས་གཅོད་མི་འོས་པའི་བསམ་ཚུལ་འདོན་མཁན་ཡོད་ཀྱང་ དབང་ཡོད་རྣམས་ཀྱིས་བརྒྱ་ཁ་གཅིག་གཅོག་བྱས་ནས་ཁོང་བསྐྱབས་མ་ཐུབ། མཐར་མནར་གཅོད་ཀྱིས་སྲོག་ཁྲིམས་གཅོད་པར་ཐག་བཅད་ནས་ཐོག་མར་ཀོ་བའི་ལྕག་ཚན་གྱི་ བྲབས། དེ་ནས་ལྕགས་ཐག་གིས་བཀྲབས། དེ་ནས་ལྕགས་སྐུད་ཚེར་མ་ཅན་གྱིས་ལྕག ཚན་གྱིས་བྲབས་ནས་པགས་པ་རལ་ཞིང་རུས་པ་དང་ནང་ཁྲོལ་མཐོང་བ་ཙམ་གྱི་བར་དུ་མནར་ གཅོད་བཏང༌། དེ་ནས་ཁྲམ་ཤིང་ལ་ཕྱག་མཐིལ་གཉིས་དང་རྐང་པའི་སྟེང་དུ་ལྕགས་གཟེར་བརྡབས་ཤིང་ གྱེན་དུ་བསླངས། དེའི་སྐབས་ཁོང་གི་ལུས་ནི་རྨས་སྐྱོན་གྱིས་ལྟ་མི་བཟོད་པར་བྱས་ཡོད་མོད་ཞལ་ལ་ ཁྲོ་བ་དང་ཞུམ་པའི་རྣམ་པ་གཏན་ནས་མི་མངའ་བར་གསོན་དབུགས་ཀྱི་ཐ་མ་འགག་ལ་ཉེ་བའི་ དུས་སུ་ཡང་ཁོང་རང་ཉིད་རྡུང་གསོད་བྱེད་མཁན་གྱི་གཤེད་མ་རྣམས་ལ་སྙིང་རྗེའི་ སེམས་ཀྱིས་ལྷ་ལ་འགྱོད་བཤག་དང་གསོལ་འདེབས་མཛད་པ་སོགས་ཀྱིས་གཤེད་མ་གཙོ་འཁོར་ རྣམས་ཀྱང་ཡིད་སེམས་བློངས་བློངས་པོའི་གཏིང་དུ་བསྐྱལ།
ཁོང་གིས་ལྗགས་དབུགས་ ཀྱི་ཐ་མ་སྡུད་བཞིན་པའི་དུས་སུ་ཡུལ་དེས་གནམ་གཤིས་གློ་བུར་དུ་འགྱུར་ནས་སེར་ རླུང་གཡོས་ཤིང་ས་ཡོམས་ཤུགས་ཆེན་པོ་ཞིག་བརྒྱབ་པ་སོགས་ཀྱིས་ལྷག་པར་ཡང་མི་ རྣམས་ཀྱི་སེམས་ངོས་ནས་ཁོང་གི་གཟུགས་རིས་ཡལ་མི་ཐུབ་པའི་རྒྱུ་རྐྱེན་གཞན་ཞིག་ ཀྱང་བཟོས།
སྤྱིར་དཔའ་བོ་ཞེས་པ་དེ་མི་ཚང་མས་ཐོབ་འདོད་པ་ཞིག་བདག་གིར་བྱས་ པ་ཙམ་དེ་མ་ཡིན་པར་མིའི་བློ་ལ་ཤོང་དཀའ་བའི་ནང་སེམས་ཀྱི་བདེན་པ་ཞིག་གི་ཆེད་ དུ་མི་ཕལ་མོ་ཆེས་དང་དུ་ལེན་མི་ཐུབ་པ་ཞིག་བདག་གིར་བྱེད་པ་ནི་མཐར་དཔའ་བོའི་ གོ་སར་སྙོགས་པ་ཆོས་ཉིད་ཡིན། དེ་ཡང་སྐབས་དེའི་རོ་མན་གྱི་ཆོས་པ་ཁག་གཅིག་དང་གཤེད་མ་རྣམས་ཀྱི་སྣང་ངོར་ཁོང་ ཚོས་ལྕག་ཚན་དང་མཚོན་ཆས་ཡེ་ཤུ་ཕམ་པར་བྱས་པར་འདོད་ཡོད་ངེས་ཀྱང་རྐྱེན་དེར་ བརྟེན་ནས་ཁོང་དང་ཁོང་གི་བདེན་པའི་ལམ་སྟོན་དེར་མི་ལོ་ཉིས་སྟོང་བརྒལ་བའི་རིང་ ལ་ཡིད་ཆེས་དད་མོས་བྱེད་མཁན་གོང་ནས་གོང་དུ་འཕེལ་ཏེ་དེང་དུས་སུ་སའི་གོ་ལ་ ཟླུམ་པོ་འདིའི་སྟེང་དུ་མི་གྲངས་ཐེར་འབུམ་དུ་མ་ཞིག་གིས་ཁོང་ལ་རྗེས་དྲན་ཞུ་ ཞིང༌། བསྟོད་དབྱངས་ལེན། གསོལ་བ་དང་སྨོན་ལམ་འདེབས་པའི་དབྱངས་སྙན་གྱིས་འཛམ་གླིང་ཤར་ནུབ་གྱི་ཁྱོན་ཀུན་ ཁྱབ་བཞིན་པར་གནས་པ་འདི་ཡང་བདེན་དོན་ལ་རིན་ཐང་སྤེལ་བའི་ཕྱིར་བློས་གཏོང་གི་ སྙིང་སྟོབས་ཆེན་པོ་དེའི་འབྲས་བུར་གྲུབ་པས་དེ་ནི་ཆེས་ཡིད་སྨོན་དང་བསྔགས་འོས་ ཀྱི་རང་བཞིན་དུ་གནས་སྟབས་ལྷ་དང་ཆོས་ལ་ཡིད་ཆེས་བྱེད་མིན་ལ་མ་ལྟོས་པར་མིའི་ རིགས་ཀྱི་མིག་དཔེ་རུ་གྱུར་པ་ལགས་སོ། །
སྤྱིར་རྒྱལ་ཁབ་དང་མི་རིགས་གང་ཡིན་ ཡང་སྤྱི་ཚོགས་དེའི་ནང་དུ་ལྟ་བ་འདྲ་མིན་གནས་མི་ཆོག་པར་ལྟ་བ་ནི་ཆེས་ཐབས་སྡུག་ གི་བསམ་བློ་ཞིག་ཡིན་ཞིང་རང་རེ་བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་ཡང་རྒྱལ་བ་ཚངས་ དབྱངས་པར་བསླབས་སྐྱོན་བྱུང་ཚུལ་ལ་བསྙད་ནས་ཁོང་གི་གྲོགས་པོར་ཟངས་རྟ་མེ་འབར་ མ་བསྐྱོན་པ་དང༌། ཀླུ་དགོངས་ཀྱི་བཤད་ཚུལ་སོགས་བསམ་སྤྱོད་གཞན་དང་ཐུན་མོང་ལས་བརྒལ་རྐྱེན་གྱིས་ མཁས་དབང་དགེ་འདུན་ཆོས་འཕེལ་བཙོན་འཇུག་མནར་གཅོད་ཀྱིས་འཆི་ལམ་དུ་བསྐྱལ་བ། སྐུ་ཞབས་ཞོགས་དུང་གིས་བག་ཆགས་དོངས་སྤྲུགས་བརྩམས་རྐྱེན་གྱིས་ཆགས་སྡང་མཁན་ལ་ ལས་སྲིན་འབུ་འཁྲུགས་པའི་ནད་གཞི་ཕོགས་པ་ནི་ལས་སླ་ཡི་ཞོགས་དུང་གི་དུག་ནད་ འགོས་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་སྒྲོགས་པ་སོགས་ཚད་ལས་བརྒལ་ཞིང་ཕྱོགས་མཐར་ ལྷུང་བའི་དམའ་འབེབས་སོགས་བསམ་སྤྱོད་ཀྱི་ནག་ཉེས་བཟོ་མཁན་འདི་རིགས་ཀྱང་ཏན་ཏན་ མ་འོངས་པའི་མི་རབས་ཀྱིས་ཇི་སྲིད་བར་དུ་འཕྱ་སྨོད་བྱ་ཡུལ་དུ་འགྱུར་བར་གོར་མ་ ཆག་གོ །